མདོ་སྨད་རྩེ་ཞིག་དགོན་དུ་མཁན་རིན་པོ་ཆེའི་གདུང་མཆོད་ལ་འཚོགས་པ།

རྩོམ་པ་པོ། རྩེ་འོད་སྣང་།     རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

རྒྱལ་བའི་མཛད་པ་འཁྲུལ་མེད་སྐྱོང་བའི་ལུང་རྟོགས་བསྟན་པའི་འོད་དཀར་པོ།།
རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་བོན་འབངས་ཡོངས་ཀྱི་སྐྱབས་གཅིག་པུ།།
རྒྱལ་བ་གོང་མའི་མཛད་ལུགས་ཇི་བཞིན་མི་རྟག་དགོངས་པ་རྫོགས་ཚུལ་བསྟན།།
རྒྱལ་བ་ཉིད་དང་དབྱེར་མེད་གནས་པའི་སྐུ་མཆོག་ཁྱེད་ཀྱིས་རྗེས་བཟུང་མཛོད།།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚུན་སྤྱི་ལོ་༢༠༡༧ལོའི་ཟླ་༩ཚེས་༡༤ཉིན་བྱེས་ཀྱི་གདན་ས་ཆེན་མོ་དཔལ་ལྡན་སྨན་རིའི་བླ་བྲང་དུ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཐུགས་ཀློང་གཡོ་མེད་ཀྱིས་ངང་ནས་རེ་ཞིག་དགོངས་པ་རྫོགས་པའི་ཚུལ་མཛད་པ་ལགས་ན། ངེད་རྩེ་ཞིག་དགོན་གྱི་དད་འབངས་སེར་སྐྱ་ཀུན་གྱིས་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་གི་ཐུགས་བཀོད་ཇི་བཞིན།ཉིན་གསུམ་གྱི་རིང་ལ་གྲྭ་ཚང་འདུས་པ་རྒྱ་མཚོས་མཉམ་མེད་བླ་མའི་སྒྲུབ་གཞུང་གི་དཀྱིལ་འཁོར་ཞལ་ཕྱེས་ཐོག་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་བླ་མའི་རྣལ་འབྱོར་མཁན་རིན་པོ་ཆེའི་གསོལ་འདེབས་སོགས་དབྱངས་ལ་བཏེགས་ཤིང་སེར་སྐྱ་ཀུན་གྱིས་གདུང་སེམས་མཉམ་བསྐྱེད་ངང་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་དང་ཚེ་དབང་སྨོན་ལམ་སོགས་ངག་ལ་དྲངས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡར་མཆོད་མར་སྦྱིན་གྱི་གདུང་མཆོད་རྒྱ་ཆེར་སྤེལ་བ་དགེའོ།།

སྔོན་གྱི་རིག་འཛིན་གྲུབ་ཐོབ་རྣམས་ཀྱང་མི་རྟག་མྱ་ངན་འདས་ཚུལ་བསྟན།།
བསྟན་པའི་གསལ་བྱེད་སྐྱེས་བུ་ཁྱེད་ཡང་ཞིང་འདིར་མ་བཞུགས་གཞན་དུ་གཤེགས།།
གཤེགས་ཤུལ་འབངས་ལ་སྐྱོ་གདུང་དྲགས་པོའི་མྱ་ངན་གདུང་བ་སྙིང་ན་ལྕི།།
མི་འདོད་སྡུག་གི་ཁུར་བོ་འདི་ཡང་བོན་འབངས་ཀུན་གྱི་མིག་ཆུ་ཡིན།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།