ཐུགས་གསོའི་འཚམས་འཕྲིན།

ཁམས་གསུམ་འགྲོ་བ་འདྲེན་པའི་དེད་དཔོན། མདོ་སྔགས་བསྟན་པ་ཀུན་གྱི་བདག་པོ། ལྔ་སྙིགས་མུན་པ་སེལ་བའི་སྒྲོན་མེ། ཞྭ་དཀར་གཡུང་དྲུང་བསྟན་པའི་གཙུག་རྒྱན། དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་འཇིག་རྟེན་ཡངས་པའི་ཁམས་འདིར་བསྟན་པ་དང་འགྲོ་བའི་དོན་མ་ལུས་པ་རེ་ཞིག་གྲུབ་ནས། ཐུགས་ཉིད་བོན་གྱི་སྐུ་ལ་མ་གཡོས་བཞིན་ཐུགས་རྗེའི་འགྲོ་འདུལ་གཞན་དུ་བསྒྱུར་བའི་ཚུལ་བསྟན་ནས་དཔལ་ལྡན་སྨན་རི་བའི་བླ་བྲང་དུ་སྐུ་ལ་མི་གཟོད་པའི་ཟུག་ཟེར་སོགས་གང་ཡང་མ་བྱུང་བར། སྔོན་བྱོན་འཇའ་ལུས་འཕོ་ཆེན་ཉེར་བཞིའི་རྣམ་ཐར་ཐུགས་ཉམས་སུ་བཞེས་ཏེ། སྐུ་ཆ་ལུགས་ལྔ་ལྡན་གྱི་ཐུགས་དམ་གཡོ་བ་མེད་པའི་ངང་ནས་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན་པའི་གནས་ཚུལ་ཐོས་པ་དང་ཡིད་ཕམ་ཚད་མེད་པ་བྱུང་།
ཚུལ་འདི་ལ་བསམ་ན་སྤྱིར་བསྟན་འགྲོ་སྤྱི་ལ་ཕམ་ཁ་དང་གྱོང་གུད་ཐེབས་ཡོད་པ་མ་ཟད། ལྷག་པར་དུ་ང་ཚོ་འཛམ་གླིང་བོན་འབངས་ཡོངས་ལ་མགོ་སྤྱི་གཙུག་གི་ཉི་མ་སེར་པོ་དེ་ནུབ་སོང་བ་དང་གཉིས་སུ་མ་འཆིས། འོན་ཀྱང་དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་སྟོན། ཁམས་གསུམ་སེམས་ཅན་དེ་བཞིན་ལུས་པ་མེད། གསུང་པ་བཞིན་འུ་ཅག་ལྟ་བུའི་མི་རྟག་རྟག་ཏུ་རེ་བ་རྣམས་སུན་དབྱུང་བའི་ཕྱིར་དུ། ཕྱི་སྒྱུ་ལུས་ཤ་ཁྲག་གི་གཟུགས་ཕུང་དེ་ཉིད་མི་རྟག་སྒྱུ་མའི་དཔེ་སྟོན་པ་ཙམ་ལས། ཐུགས་ཉིད་ཡེ་ཤེས་ཆེན་པོ་ང་ཚོ་དང་དུས་ནམ་ཡང་འབྲལ་མི་སྲིད།
དེས་ན་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་སྐྱབས་འོག་བོན་འབངས་སེར་སྐྱ་ཡོངས་ནས་མྱ་ངན་གདུང་མཆོད་ཞུ་དང་ཞུ་བཞིན་འདུག་པར་མཐོང་ཐོས་བྱུང་བས་སྙིང་ནས་ཡིད་རང་ཞུ་བཞིན་ཡོད་ལ། དེ་ཡང་འུར་ཟེང་གི་སྒོ་ནས་ཕྱི་ཡི་རྣམ་པ་ཅི་ཐོན་ཙམ་མ་ཡིན་པར། གསོལ་འདེབས་སྨོན་ལམ་དང་དགེ་སྒྲུབ་སྡིག་སྤང་སོགས་ལ་བརྩོན་ཞིང་ཚེ་རབས་ཀུན་ཏུ་རང་གི་ལུས་ངག་ཡིད་གསུམ་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་རྗེས་སུ་འཛིན་ནུས་པའི་གསོལ་འདེབས་སྨོན་ལམ་སོགས་ལ་དམ་པ་གསུམ་གྱིས་ཟིན་པར་བྱེད་ན། བསྙེན་སྒྲུབ་བཟླས་པ་ས་ཡ་བས། བླ་མའི་གསོལ་འདེབས་ལན་གཅིག་མཆོག་གསུང་པ་ལྟར། རང་གི་ཚོགས་བསགས་སྒྲིབ་སྦྱོང་ཡང་དེ་ལས་ལྷག་ཏུ་མེད་པ་དང་། བླ་མའི་དགོངས་བཞེད་ཀྱང་དེ་གས་འགྲུབ་པ་ཡིན་པས་བོན་འབངས་སྐྱ་སེར་ཀུན་གྱིས་དེ་ལུགས་ཐུགས་ལ་འཛིན་པར་ཞུ་ཞུ།། རིས་མེད་ཀྱི་བསྟན་འགྲོའི་ཞབས་ཞུ་བ་ནམ་མཁའ་རྒྱལ་མཚན་འབོད་པས་བཏེགས་སོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།