རེབ་གོང་བོན་མང་གི་༢༠༡༨ལོའི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ།

སྟོང་གསུམ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་གསང་གསུམ་ཡོན་ཏན་གཅིག་བསྡུས་ཤིང་། །

ཁམས་གསུམ་འགྲོ་དྲུག་འདྲེན་པའི་ལྷ་མཆོག་མི་ཡི་གཟུགས་སུ་སྤྲུལ་བའི་གར། །

བྱང་ཕྱོགས་ཨཀྟ་རོང་གི་སྡེ་འདིར་མངོན་པར་བསྒྱུར་བའི་ཡིད་བཞིན་ནོར། །

བླ་མ་བོན་བརྒྱ་རིམ་བྱོན་སྤྱི་བོའི་རྒྱན་དུ་བསྙེན་ཅིང་གུས་གསོལ་འདེབས། །

 

ཡིད་འོང་མཚན་དཔེ་གསལ་རྫོགས་སྤྲོས་བྲལ་སྐྱེ་མེད་གདལ་བའི་བོན་གྱི་སྐུ། །

འཕྲུལ་ངག་བདེན་པའི་བཀའ་གདམས་མན་ངག་ལྷུག་པར་འཇོ་བའི་འགག་མེད་གསུང་། །

ལྟ་སྒོམ་སྤྱོད་གསུམ་རྒྱལ་བ་གོང་མའི་ལུགས་བཞིན་སྐྱོང་བའི་གཡོ་མེད་ཐུགས། །

སྐུ་གསུམ་རང་ལས་རང་ཤར་སྐྱང་སྟོན་རྒྱལ་དབང་རིམ་པར་དད་ཕྱག་བརྩེགས། །

དབལ་རམ་འབུམ་པའི་བསྐྱེད་རྫོགས་དོན་ལ་མངའ་བརྙེས་རིག་འཛིན་གྲུབ་པའི་དབང་། །

ངོ་སྤྱི་ཁྱུང་གསུམ་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་པའི་རིག་འཛིན་སྡེ། །

རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔོན་གསས་སྔགས་འཆང་ཚོགས། །

ཡིད་ཀྱི་མཁའ་ལ་སྣང་བ་ཙམ་གྱིས་ཡང་དག་དད་པའི་སྤུ་ལོང་རྒྱས ། །

དམ་པ་ཁྱུང་གི་རྒྱུད་པའི་ཕྲེང་བ་མ་འགག་བར་མེད་བསྟར་བའི་མོད། །

སྒྲུབ་རྒྱུད་ཞྭ་དཀར་བོན་གཤེན་བསྟན་པའི་མངའ་ཐང་དགུང་ལ་བསྟོད་པའི་གཉེན། །

མཆོག་གསུམ་མཆོད་པའི་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་གི་གསས་ཁང་འདིར། །

ཟབ་རྒྱས་དཔྱིད་ཀྱི་སྒྲུབ་མཆོད་འཚོགས་པའི་གཟི་བྱིན་ཨེ་མ་ངོ་མཚར་རྨད། །

༢༠༡༨ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ་དེ་རྒྱ་ལོའི་ཚེས་པ་ལྔ་ནས་བརྒྱད་བར་ཧོར་ནག་རི་གོང་ཞོལ་སྡེ་བའི་གསས་ཁང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་དུ་འཚོགས་ཤིང་། ཉིན་དང་པོའི་ཞོགས་པའི་ཉི་ཤར་གྱི་རྩེ་མོ་ལ་ཧོར་ནག་རི་གོང་ཞོལ་གྱི་རིག་འཛིན་སྔགས་འཆང་རྣམས་ཀྱིས་རང་བཞིན་བྱིན་རླབས་ཀྱི་དབྱིངས་ནས་རྔ་གཤང་སྦུབ་གསུམ་དང་དུང་དཀར་རྒྱ་གླིང་ལ་སོགས་པའི་རོལ་མོའི་བྱེ་བྲག་གིས་བོན་མང་རིག་འཛིན་འདུས་པ་རྒྱ་མཚོ་གདན་འདྲེན་དང་བཅས་ཡར་འཚོགས་བྱས་ཏེ་བླ་མ་ཚེ་དབང་རིག་འཛིན་གྱི་གཞུང་གི་ཆོ་གས་གཞི་བཟུང་ཤིང་། ཉིན་གསུམ་གྱི་རིང་ལ་སྐྱབས་རྗེ་བླ་མ་དམ་པ་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ཚོགས་དབུར་ཕེབས་བསུ་ཞུས་ཤིང་།

རེབ་འདིར་བོན་གཤེན་རྒན་གཞོན་སྟོང་ཕྲག་ལས་བརྒལ་བ་ཞིག་དགྱེས་འཛོམས་བྱུང་བས་བདག་ཅག་གི་རྩ་བའི་བླ་མ་མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་རྒྱ་མཚོ་རིན་པོ་ཆེ་དང་བླ་མ་སྐྱང་སྤྲུལ་རིན་པོ་ཆེ་རྣམ་གཉིས་གཙོ་བྱས་པའི་སྔགས་འཆང་རྒན་པ་ཡོངས་ཀྱིས་ཡིད་རབ་ཏུ་སྤྲོ་བའི་ངང་ནས་བསྟོད་པའི་མེ་ཏོག་གི་མཆོད་ཚིག་ཡང་ཡང་སྤྲོས་ཏེ་ད་ནི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཞེས་སུ་གྲགས་པ་དོན་ཐོག་ཏུ་འཛོམས་ཐུབ་པ་བྱུང་འདུག་ཅེས་སྤྱན་ཆབ་བསིལ་བའང་མང་དུ་བྱུང་། ཚེས་དྲུག་དང་ཚེས་བདུན་ཉིན་ཡི་དམ་དབང་ཆེན་འབུམ་པའི་དཀྱིལ་འཁོར་ལ་ཞུགས་ཤིང་ཚོགས་ཆེན་དགེ་བསྐོས་ཀྱིས་བཅའ་ཡིག་འདོན་པ་དང་ཚོགས་གཏམ་གཏོང་བ་དང་འབྲེལ་གཡུང་དྲུང་སློབ་དཔོན་བསྐོ་བཞག་མཛད།

དེ་ནས་བསྟན་སྲུང་དམ་ཅན་རྒྱ་མཚོ་རེ་རེ་བཞིན་གྱི་གར་འཆམ་དང་བཅས་མཇུག་བསྡུས།ཚེས་བརྒྱད་ཉིན། ཚེ་སྒྲུབ་དང་སྐྱབས་འགྲོ་སོགས་ཀྱིས་དྲངས་ཏེ་དཀྱིལ་འཁོར་གྱི་དངོས་གྲུབ་བླངས་པ་སོགས་རྫོགས་རིམ་ལ་ཞུགས་ཤིང་བཀྲ་ཤིས་སྨོན་ལམ་ཅི་རིགས་བརྗོད་ནས་སྒྲུབ་པ་མཐར་ཕྱུང་ངོ་།།

ཞེས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས་༢༠༡༨ལོའི་ཟླ༡ཚེས༨ཉིན།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།