སྤྱི་རྟིང་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་ནས་འཛམ་གླིང་སྤྱི་བསང་ཕུལ་བ།

༄༅།།དེ་ཡང་སྤུ་རྒྱལ་ལྷ་སྲས་དར་མས་དབུས་སུ་བསྟན་པ་བསྣུབས་པའི་དུས་དེར་དབུས་ས་ག་གདོང་དྲུག་ནས་བྲོས་བྱོལ་དུ་ཕེབས་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་སྤྱི་སྟོན་འཁོར་ལོས་བསྒྱུར་རྒྱལ་གྱི་གདུང་རྒྱུད་འཕེལ་ནས་སྒྲུབ་སྡེའི་གཞི་བཟུང་བའི་ཐོག་མ་ནི་རེབ་གོང་ཤར་ཕྱོགས་སྟག་མོ་ཉལ་བ་འདྲ་བའི་རི་རྒྱུད་ཀྱི་སྒང་དུ་ཆགས་པའི་སྤྱི་ཁ་གསུམ་གྱི་གསས་མཁར་རིག་འཛིན་འདུ་གནས་སྒར་ཡིན་ལ། ཕྱིས་སུ་ཡུལ་དུས་ཀྱི་དབང་གིས་ཁྱུང་ཆེན་རི་བོའམ་བཀྲ་ཤིས་ཀུན་ཁྱབ་རི་བོའི་སྟེང་དུ་གནས་སྤར་ཏེ་གསང་སྔགས་ཀྱི་སྒྲུབ་སྡེ་དེ་དགོན་སྡེའི་ཚུལ་དུ་ཆགས་པ་ནས་མཚན་ལ་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་ཞེས་ཐོགས། དེར་སྤྱི་སྟོན་འཁོར་ལོའི་གདུང་རྒྱུད་ན་རིམ་གྱིས་སྒྲུབ་བརྒྱུད་བསྟན་པའི་རྒྱུན་བསྐྱངས་པ་མ་ཟད། རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་དང་ཁོང་གི་སྐུ་ཚ་གྲུབ་དབང་འགྱུར་མེད་ཀུན་བཟང་རྒྱ་མཚོ། ཁྲི་ཀ་བ་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་ཁོང་གི་དབོན་པོ་མཁར་ནག་ནམ་མཁའ་ཤེས་རབ། རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་གང་གི་ཐུགས་སྤྲུལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དབང་པོ།  སོ་ནག་བོན་པོ་གྲུབ་ཆེན་ཐོག་འཛིན་གར་གྱི་དབང་ཕྱུག  གྱང་རིའི་ཐུགས་རྗེ་དབང་འབུམ། སྤྱིའི་སྔགས་འཆང་འདྲེན་པ་ཀླུ་སྒྲུབ། བྱ་བཏང་བ་ཆེན་པོ་རྟོགས་ལྡན་རྣམ་གྲོལ་སོགས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱི་རླབས་མྱོང་བ་ཞིག་ཡིན་ལ། ལྷག་པར་དུ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དགོན་བདག་དང་གདན་ས་ཀུན་ཁྱབ་དང་བཅས་པ་ཆོས་རྗེ་རིན་པོ་ཆེ་ལ་གཏད་པ་ནས་བཟུང་། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དབང་པོ་དང་། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་དམ་པ་དུ་མས་གནས་གཞི་སྤྲོས་ཙམ་གཙོ་བོར་མ་བཟུང་བར་གང་ཟག་གི་རྒྱུད་ཀྱི་གསང་སྔགས་སྒྲུབ་རྒྱུད་ཀྱི་བསྟན་པ་གཙོ་བོ་དོན་དུ་གཉེར་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པས་རྟོགས་པ་མཆོག་ལྡན་གྱི་སྐྱེས་བུ་དམ་པ་གང་མང་བྱོན། བར་སྐབས་སུ ༼     ང་བརྒྱད་དང་རིག་གསར་སྐབས  ༽  ཕྱིའི་བཀོད་པ་དང་ནང་གི་རྟེན་གསུམ་ཚང་མར་ཆགས་འཇིག་ཉམ་ང་བ་བྱུང་ནའང་། སྤྱི་ལོ1987ལོར་ཆོས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་སྒྲུབ་སྡེ་དེ་བསྐྱར་བཞེངས་སླར་གསོ་སྟབས་བདེ་ཙམ་བགྱིས་ཏེ་སྒྲུབ་པའི་རྒྱལ་མཚན་གྱི་སྲོལ་གསར་དུ་བཙུགས། ཕྱིས་སྤྱི་ལོ2015ལོར་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་དམངས་སྒོར་ཁྲི་ཁྲག་མང་པོ་བཏང་ནས་བསྐྱར་བཞེངས་ལེགས་འགྲུབ་བྱུང་བ་དང་། ད་ལོ་སྤྱི་ལོ་༢༠༡༨ལོར་སྤྱི་ཁ་གསུམ་གྱི་དུད་ཁྱིམ་ཡོངས་ནས་ཡོད་ན་བརྒྱ་འབུལ་སྟོང་འབུལ་དང་མེད་ན་མེ་ཏོག་མཆོད་ཀྱི་དཔེ་ལྟར་བྱས་ཏེ་དམངས་སྒོར་ཁྲི་བརྒྱ་ལྷག་འདུས་པས། འདུ་ཁང་ལ་གསེར་གྱི་རྒྱ་ཕིབས་དང་ཤིང་མཚོན། ད་དུང་སྔགས་འཆང་བསོད་ནམས་ཚེ་རིང་གིས་བཞེངས་པའི་ལི་མའི་སྟོང་སྐུ་སོགས་ཡོངས་སུ་ད་ལོ་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུ་ཡིན་པ་དང་། བོད་དྲུག་པའི་ཚེས་བཅོ་ལྔ་ཉིན་འདི་ནི་སྤྱི་ཁ་གསུམ་ཀྱི་འཛམ་གླིང་སྤྱི་བསང་གི་ཉིན་མོར་གཏན་ཁེལ་བྱས་ཏེ་ལོ་རེ་བཞིན་རྒྱུན་མ་ཆད་པར་ཡོད་པ་དང་། འདིའི་ཉིན་འདི་ལ་དབལ་རམ་འབུམ་གསུམ་ལས་འབུམ་པའི་ཆོ་གའི་གཞི་བཟུང་ཏེ་ཚོགས་འཁོར་རྒྱ་ཆེན་བསྐོར་བ་དང་བསང་མཆོད་གྱ་ནོམ་པ་བྱས་ཏེ་བྱང་འདྲེན་ཆེན་མོས་འདོན་ཆོག་གི་དབུ་བཟུང་བ་དང་དགེ་བསྐོས་ཆེན་མོས་ཁ་རྗེ་དབང་ཐང་ཅི་བསམ་ལྷུན་གྲུབ་ཀྱི་སྐྱབས་འཇུག་དང་ལྷན་དུ་ད་ལོའི་བསང་མཆོད་ཡོངས་སུ་མཇུག་གྲུབ། 

 ཞེས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས༢༠༡༨ལོའི་ཟླ༦པའི་ཚེས༡༥ཉིན།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།