གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་དུ་ཚོགས་པའི་ཉིན་ལྔ་བ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།   རྩོམ་པ་པོ།  རེབ་སྐྱིད་ཡར་འཕེལ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་འགོ་བརྩམས་པ་དང་། འགན་འཛིན་མི་སྣས་མཆོད་བཤམས་གོ་སྒྲིག་དང་ཚོགས་ཞུགས་པ་ཡོངས་ལ་ཞི་བདེའི་སྨོན་ལམ་ཆེན་མོའི་དཔེ་དེབ་གནང་བ་དང་། དྲུང་ཡིག་མཁན་པོ་ཆེ་དབང་རིག་འཛིན་ཀྱིས་མདོ་འཛིན་མཛད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་སྣང་དགོན་གྱི་དབུ་མཛད་ཆེན་མོས་ཞི་བདེ་སྨོན་ལམ་ཆེན་མོའི་དབུ་བཟུང་ནས་སྨོན་ལམ་གསུངས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་ཚན་གཙོ་སྤྲུལ་པད་མ་རིན་ཆེན་མཆོག་གིས་ཞི་བདེའི་སྨོན་ལམ་ཆེན་མོའི་སྐོར་གྱི་གསུང་བཤད་དང་འབྲེལ་ཏེ་སྐྱབས་རྟེན་བསྔོ་སྨོན་ཞུས།

ཕྱི་དྲོའི་ཆུ་ཚོད༡-༠༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་འཚོག་པ་དང་། སྒོ་དགེ་ལེགས་ཀྱིས་མདོ་འཛིན་མཛད། རྟོགས་ལྡན་དགོན་གྱི་བསྟན་པའི་རྒྱལ་མཛན་གྱིས་སེམས་བསྐྱེད་ཀྱི་སྐོར་རགས་ཙམ་གླེང་བ་ཞེས་པའི་དཔྱད་གླེང་གནང་། མང་རི་དགོན་པའི་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་སྨིན་གྲོལ་དབང་གི་སྐོར་ནས་གསུང་བཤད་གནང་། ཉག་རོང་བྲག་དབེན་དགོན་པའི་བསོད་ནམས་དབང་རྒྱལ་ནས་ཚད་མ་རིག་པའི་བྱུང་ཁུངས་སྐོར་ནས་དཔྱད་བརྗོད་གནང་བ་དང་དྲི་བ་འདོན་མཁན་དག་ལ་དྲིས་ལེན་རེ་རེ་སྤྲད། ཤར་རྫའི་རི་ཁྲོད་ཀྱི་གཤེན་བསྟན་དབང་རྒྱལ་ནས་སྡེ་སྣོད་མཛོད་ལས་འཕྲོས་པའི་དཀའ་གནད་འགའ་ཞིག་གི་ཐད་ནས་གསུང་བཤད་གནང་། ཤར་རྫའི་རི་ཁྲོད་ཀྱི་ཚུལ་ཁྲིམས་སྐལ་བཟང་གིས་བོན་དང་འབྲེལ་བའི་གཏམ་གླེང་ཞེས་པ་དཔྱད་བརྗོད་གནང་། ཤར་རྫའི་རི་ཁྲོད་ཀྱི་ཁྱེའུ་ལྷ་སྲས་ཀྱིས་ཡ་ཐོག་སྲིད་པའི་རྒྱུ་བོན་བོད་ཡུལ་དུ་དར་ཚུལ་སྐོར་ནས་དཔྱད་གླེང་གནང་། སྡེ་དགེ་ལྔ་རིག་སློབ་གླིང་གི་སྤྲུལ་ངག་དབང་གཡུང་དྲུང་གིས་བོན་གྱི་གསོ་བ་རིག་པའི་སྐོར་ནས་དཔྱད་བརྗོད་སྤེལ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་ཡིས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་མཇུག་བསྡོམས་གསུང་བཤད་གནང་བ་དང་། གཡུང་དྲུང་བོན་གྱི་རྩོམ་པ་པོ་མང་པོ་ཞིག་ལ་དཔྱད་གླེང་གནང་བའི་དུས་ཚོད་སྤྲད་མ་ཐུབ་པས་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཚན་ཁག་གི་མི་སྣ་ཡོངས་ཀྱི་ཚབ་བྱས་ནས་དགོངས་དག་ཞུས་པ་དང་། གཞོན་སྐྱེས་རྣམས་ལ་གྲུབ་མཐའི་དབང་དུ་མ་སོང་བར་རང་གཞན་གཉིས་ཀྱི་རིག་གཞུང་ལ་ཞིབ་འཇུག་གནང་དགོས་པའི་བཀའ་སློབ་གནང་ནས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཐེངས་གཉིས་པའི་དཔྱད་བརྗོད་པ་རྣམས་ལ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་ནས་གཟེངས་རྟགས་བྱ་དགའ་གནང་བ་དང་ལྷན་ཐེངས་གཉིས་པའི་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཚོགས་འདུ་ཡོངས་སུ་མཇུག་རྫོགས།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྣང་ཞིག་སྐྱབས་མགོན་ཚུལ་ཆེན་རིན་པོ་ཆེ་སོགས་གཙོ་བྱས་ཚོགས་མི་ཡོངས་སྣང་ཞིག་དགོན་གྱི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ལ་གཟིགས་སྐོར་གནང་བར་ཕེབས་པ་དང་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་ཆེན་མོ་རྫ་ཚེ་དབང་བསྟན་འཛིན་ལགས་ཀྱིས་སློབ་གྲྭའི་སློབ་བསྡུའི་དུས་ཚིགས་དང་སློབ་མའི་སྒྲིག་ལམ། འཚོ་བ་བཅས་ཀྱི་ཕྱོགས་ནས་སློབ་གྲྭའི་ཡོད་ཚད་ངོ་སྤྲོད་གཟབ་རྒྱས་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་ནས་སློབ་སྦྱོང་ལ་དུས་ཚོད་དམ་འཛིན་བྱེད་དགོས་པ་དང་། སློབ་སྦྱོང་ལ་སེམས་ཤུགས་བསྐྱེད་དགོས་པ། སངས་རྒྱས་ཀྱི་བསྟན་པ་ལ་ལྷག་བསམ་དག་དགོས་པའི་བཀའ་སློབ་ཟབ་མོ་གནང་སྟེ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ལ་རྒྱལ་བའི་གསུང་བཀའ་རིན་པོ་ཆེ་ཚར་གཅིག་དང་གཟི་བརྗིད་དཔང་ཡིག  སློབ་གྲྭའི་དགེ་རྒན་རྣམས་ལ་བཀའ་དྲིན་མཚོན་ཕྱིར་དུ་ལྷ་དར་རེ་གནང་། སྣང་ཞིག་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་དུ་ཏྲི་སུའི་གོ་དོན་དང་ཕན་ཡོན་སྐོར་འཆད་ཁྲིད་གནང་།

ཆུ་ཚོད༦-༣༠སྟེང་གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཆར་བ་བབས་བྱུང་བས་རྩོད་པ་བ་ཚང་མ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གཙོ་བྱས་ཚོགས་མི་ལྷན་རྒྱས་ཡོངས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་གླིང་ཚན་གཏུག་འདུག་དམ་བཅའ་ཆེན་མོར་མཉམ་ཞུགས་གནང་བ་དང་བཅས་ཉིན་ལྔ་བའི་གནས་ཚུལ་རགས་བསྡུས་ཙམ་མོ།།

 

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།