བོན་བརྒྱ་དགོན་པའི་བླ་སྤྲུལ་དགེ་སློང་རྣམས་རྨ་ཆེན་པོམ་རར་ཕེབས་ནས་ཚོགས་འཁོར་བསྐོར་བ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། རྩོམ་པ་པོ། མང་བུ་བསྟན་འཛིན་མཆོག་གྲུབ།

༄༅། །ཡབ་རྗེ་བླ་མ་མཆོག་གི་དགོངས་རྫོགས་ཀྱི་སྐབས་དང་བསྟུན་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན། རིན་པོ་ཆེ་ཚང་གི་སྐུ་ཚ་བྱ་འཕུར་གཡུང་དྲུང་དབང་རྒྱལ་གྱིས་དབུ་ཁྲིད་ནས། མཁན་པོ་དང་དགེ་བཤེས་སོགས་དགེ་སློང་ཉི་ཤུ་ལ་ཉེ་བ་ཞིག བོན་གྱི་བསྟན་སྲུང་ཆེན་མོ་ཀུན་བཟང་གཤེན་ལྷའི་ཐུགས་ཀྱི་སྤྲུལ་བ། རྨ་ཆེན་པོམ་རའི་བླ་རི་རྨ་རྒྱལ་གངས་ཀྱི་ལྷུན་པོ་ལ་མཇལ་སྐོར་དུ་ཕེབས།

 

མཇལ་སྐོར་གྱི་ལམ་དང་གནས་སྒོ་སོགས་ནས་འབྱུང་འགྱུར་གྱི་དོན་ལ་རྟེན་འབྲེལ་གྱི་མཚན་མ་སྣ་ཚོགས་བྱུང་བ་ནི། གཡའ་དག་པའི་ནམ་མཁའི་ངོགས་སུ་སྤྲིན་དཀར་གྱི་ཚོམ་བུ་ལྷའི་དཀྱིལ་འཁོར་ལྟ་བུར་སྣང་བ་དང་། སྤྲིན་དམར་གྱི་ཕུང་པོ་བསྐལ་བའི་མེ་དཔུང་ལྟར་འཕྱོ་བ། གངས་ཀྱི་རྩེ་མོ་ལ་ཉི་འོད་ཀྱི་ཟེར་མ་མཛེས་སྡུག་གིས་འཕྲོ་ཞིང་། ནམ་མཁའ་ནས་ཆར་བ་སིམ་སིམ་ཁྲུས་ཀྱི་ཚུལ་དུ་བབས་ཤིང་། འཇའ་ཚོན་སྣ་ཚོགས་བསུ་མ་ཡི་ཚུལ་དུ་ཤར།

ཀུན་བཟང་ཐུགས་ཀ་ནས་སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་ལྡེ་མིག་ལ་ཕྱག་བཞེས་དཔག་བསམ་ལོ་འབྲས་ཀྱིས་ཟུར་བརྒྱན་ཞིང་། བླ་མ་རིན་པོ་ཁོང་ཚང་གིས་མཛད་པའི་རྨ་ཆེན་པོམ་རའི་སྒྲུབ་གཞུང་ཡིད་བཞིན་ནོར་བུའི་གཏོར་མཛོད་ཀྱིས་གཞུང་དང་བསྒྲགས་ནས། སྦྱང་བསྒྱུར་སྤེལ་གསུམ་གྱི་ཚོགས་ཆེན་བདུད་རྩིའི་རྒྱ་མཚོ་དྭངས་སྙིགས་ཁུ་བ་ཕྱེས་ནས། རྩ་གསུམ་དཀྱིལ་འཁོར་ལྷ་དང་གཏེར་བདག་དམ་ཅན་སྲུང་མ། གཙང་རིགས་དཔལ་མགོན་དང་ལྷ་སྲིན་སྡེ་བརྒྱད། ཁྱད་པར་ཡུལ་རིའི་གནས་བདག་དང་རིགས་དྲུག་ཡོངས་ལ་ཟད་མེད་ཚོགས་ཆེན་གྱི་ལོངས་སྤྱོད་རྒྱ་ཆེར་ཕུལ་ནས། གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་འདོད་པའི་དོན་དུ་རེ་བའི་སྨོམ་ལམ་གྱི་སྙིང་པོ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་ཁྱད་པར་དུ་སྐྱབས་རྗེ་བོན་བརྒྱ་བླ་མའི་ཀ་དག་ཐུགས་ཀྱི་དགོངས་པ་མ་འགག་འོད་གསལ་གྱི་ཀློང་དུ་ཡོངས་སུ་རྫོགས་ནས། སླར་ཡང་བསྟན་དང་འགྲོ་བ་ཡོངས་ཀྱི་གདུལ་བྱའི་དཔལ་དུ་བསླུ་མེད་མཆོག་གསུམ་སྲུང་མའི་བྱིན་རླབས་དང་། དད་འབངས་ལྷག་བསམ་དག་པའི་ནུས་སྟོབས་ལ་བརྟེན་ནས། རྟེན་འབྲེལ་གྱི་པད་མ་དཀར་པོ་གང་སར་བཞད་ནས་གསང་གསུམ་ཡོན་ཏན་གྱི་མཛོད་ལ་མངའ་བརྙེས་པའི། ཡང་སྲིད་ལྷ་མིའི་འདྲེན་སྟོན་ཞིག་མྱུར་དུ་འབྱོན་པའི་སྐྱབས་འཇུག་དང་སྨོན་ལམ་གནད་དུ་སྨིན་པར་ཞུས་སོ།།

 

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།