སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་མདོ་སྨད་སྨྲ་བའི་སེང་གེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་རྫོགས་ནས་ཉིན་ཞག་ཞེ་དགུ་སོང་བའི་ཉིན་གྱི་གནས་ཚུལ།

སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་པོ་མདོ་སྨད་སྨྲ་བའི་སེང་གེ་བདག་ཅག་གི་སྤྱི་བོའི་གཙུག་ལ་ཉི་ཟླ་བཞིན་འཆར་བའི་མཁས་གྲུབ་གཉིས་ལྡན་གྱི་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་སུ་རྫོགས་ནས་དེ་རིང་ནི་ཉིན་ཞག་ཞེ་དགུ་སོང་བའི་ཉིན་ཡིན་པས། དེ་རིང་སྔ་དྲོའི་ཆུ་ཚོད༡༠བའི་སྟེང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་སྤྲུལ་བའི་སྐུ་མཆོག་དམ་པ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ཚོགས་དབུར་བཞུགས་ནས་བླ་གྲྭ་ཡོངས་དང་རེབ་གོང་བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱའི་སྔགས་འཆང་རིག་འཛིན་འདུས་པ་རྒྱ་མཚོའི་སྡེ་དང་། བོན་བརྒྱའི་བོན་མང་སྤྱི་བ། ཡར་ནང་བོན་སྡེ་ཁ་གསུམ། མར་ནང་བོན་སྡེ་ཁ་གསུམ། ཁྲི་ཀ་སེར་བརྒྱའི་བོན་མང་སོགས་ཀྱི་སྔགས་གཤེན་རྣམས་དགོན་པའི་ཚོགས་ཆེན་འདུ་ཁང་ནང་དུ་འཚོགས་ཏེ་ཚེ་དབང་བོད་ཡུལ་མའི་ཆོ་གའི་དབུ་བཟུང་བ་དང་། ཤར་བླ་བྲང་གི་ཡང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་ནང་དུ་སྔགས་འཆང་རྒན་པ་བཅུ་ཕྲག་ལྷག་གིས་ཀྱང་ཚེ་དབང་བོད་ཡུལ་མའི་ཆོ་གའི་དབུ་བཟུང་ནས་ཚོགས་འཁོར་རྒྱ་ཆེན་པོ་བསྐོར་བ་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་ཕྱག་འཚལ་བ་བསྐོར་བ་དང་མར་མེ་མཆོད་འབུལ་སོགས་ཀྱི་སྡུག་སྤང་དགེ་སྒྲུབ་ཀྱི་ལས་ལ་འབད་བཞིན་ཡོད། བོན་ཚང་མའི་ཡི་དམ་རྒྱ་མཚོ་ལགས་ནས་དམངས་སྒོར་ཉིས་ཁྲི་ལྔ་སྟོང་ལྷག་གིས་ཚོགས་མངས་འགྱེད་དང་བཅས་དགེ་སྒྲུབ་བསམ་གྱིས་མི་ཁྱབ་པ་མཛད། ཉིན་གུང་ཆུ་ཚོད་༡༢ ཀྱི་སྟེང་རྩ་བའི་བླ་མ་རིན་པོ་ཆེ་མཆོག་གི་སྐུ་གདུང་རྟེན་བཞེངས་ཀྱི་ཐད་ལ་གསེར་དངུལ་གཡུ་བྱུར་དང་དམངས་སྒོར་འབོར་ཆེན་བཏང་ཡོད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ལ་བོན་བརྒྱ་རིན་པོ་ཆེའི་དབུ་སྐྲ་དང་ན་བཟའ་བཅས་རྟེན་སྣ་སྟོང་ཕྲག་ལྷག་འདུས་པའི་རིལ་བུ་སོགས་ཤེལ་གྱི་བུམ་པའི་ནང་དུ་བཞུགས་ནས་བཀའ་དྲིན་ཆེ་ཕྱིར་དུ་གནང་བ་དང་། སོ་ནག་བོན་མང་འགན་འཛིན་པ་ཀུན་བཟང་ཚེ་རིང་ནས་དད་ལྡན་མང་ཚོགས་ཡོངས་ལ་རིན་པོ་ཆེའི་དགོངས་རྫོགས་སྐོར་ཀྱི་གནས་ཚུལ་དང་མ་འོངས་སྤྲུལ་སྐུ་མྱུར་བྱོན་སོགས་ཀྱི་ཐད་ནས་གཏམ་བཤད་གནང་།  ཚོགས་མང་ཕྱིར་འདུ་ཁང་དུ་འཚོགས་པ་དང་ཚོགས་ཆེན་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་གླིང་གི་ཀྲུའུ་རིན་ཆེན་མོ་གཡུང་དྲུང་བསྟན་འཛིན་མཆོག་ནས་ཉིན་ཞག་ཞེ་དགུའི་རིང་དགོན་སྡེ་དང་སྒྲུབ་སྡེ་མི་སྒེར་སོགས་ཀྱིས་དགེ་སྒྲུབ་ཀྱི་ལས་བྱེད་པའི་རིམ་པ་དང་མ་འོངས་པར་ལོ་གཅིག་གི་ནང་དུ་དགེ་བ་ཁས་བླངས་ཡོད་པ་དག་ལ་ཚེ་རིང་ནད་མེད་ཅི་བསམ་ལྷུན་གྲུབ་ཡོང་བའི་སྐྱབས་འཇུག་ཞུས།

ཕྱི་དྲོའི་ཆུ་ཚོད༦ གི་སྟེང་ཤར་བླ་བྲང་གི་སུམ་ཐོག་སྐུ་མགྲོན་སྣེ་ལེན་ཁང་ནས་སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་མཆོག་ནས་རྩ་བའི་བླ་མ་རིན་པོ་ཆེའི་དགོངས་རྫོགས་ཀྱི་མགོ་མཇུག་བར་གསུམ་ལ་དཀའ་ཚེགས་དང་སེམས་ཚེགས་གང་མང་མྱངས་ཏེ་ལས་དོན་སྒྲུབ་མཁན་གྱི་འགན་འཛིན་པ་རྣམས་ལ་ད་ཐེངས་ཁྱེད་ཚོས་ཐུགས་བཀོད་དང་ཧུར་བརྩོན་གྱིས་དགོངས་རྫོགས་ཀྱི་བྱ་བ་ཡག་པོ་ཞིག་འགྲུབ་སོང་བ་དང་མ་འོངས་པར་ད་དུང་ཐུགས་ཁུར་དང་རྒྱབ་སྐྱོར་གང་མང་གནང་དགོས་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཕྱིར་དུ་རིན་པོ་ཆེ་ཁོང་གི་སྐུ་པར་མཐོང་བ་དོན་ལྡན་རེ་དང་། དབུ་སྐྲ་ན་བཟའ་དང་བཅས་པའི་རྟེན་སྣ་སྟོང་འདུས་ཀྱི་རིལ་བུ་གོས་ཆེན་སོགས་གནང་བ་དང་།  མི་ལོ་ཉི་ཤུ་ལྷག་ལ་དགོན་པའི་ལས་དོན་ཕྲག་དུ་ཁུར་མྱོང་བའི་ནངས་ཆེན་ཕྱག་མཛོད་ཆེན་མོ་བསྟན་པ་དར་རྒྱས་ལགས་ཀྱིས་བླ་མ་རིན་པོ་ཆེའི་མཛད་རྗེས་དང་འབྲེལ་ཏེ་དགོངས་རྫོགས་ཀྱི་ལས་དོན་ཁུར་དུ་བླངས་ཡོད་པའི་འགན་འཛིན་པ་རྣམས་ལ་ཐུགས་རྗེ་ཞུས་པ་དང་། བོན་བརྒྱ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་རྒན་བསྟན་པའི་ཉི་མ་མཆོག་ནས་རིན་པོ་ཆེའི་དགོངས་རྫོགས་ཀྱི་ལོ་གཅིག་ནང་གི་བྱ་བའི་གལ་ཆེན་འཆར་གཞི་གཙོ་བོ་དག་དང་ད་ལྟ་མྱུར་ཏུ་བསྒྲུབ་དགོས་པ་སོགས་གསལ་བཤད་བྱས་པ་དང་མི་རང་རང་ལ་འོས་འགན་བཞག་ཡོད་པས་བྱ་བཞག་དག་ཡག་པོ་ཞིག་བསྒྲུབ་དགོས་པ་སོགས་ཀྱི་ཐད་ནས་གསུང་བཤད་གནང་། དེ་ནས་སོ་ནག་བོན་མང་གི་འགན་འཛིན་པ་ཀུན་བཟང་ཚེ་རིང་གིས་མ་འོངས་པའི་སྤྲུལ་སྐུའི་སྐོར་དང་འབྲེལ་ཏེ་སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་མཆོག་ལ་རིན་པོ་ཆེའི་སྐུ་མ་བྱོན་གྱི་བར་སྐབས་འདིར། སྤྱིར་བསྟན་པ་དང་ལྷ་སྡེ་མི་སྡེ་ཡོངས་ཐུགས་ལ་འཛིན་དགོས་པ་དང་ཁྱེད་རང་སྐུ་ན་ཕྲ་བས་དགོན་པའི་བླ་གྲྭ་རྒན་པ་དག་གི་བསླབ་བྱ་ལ་ཉན་དགོས་ཚུལ་སོགས་ཡར་ཞུ་མང་པོ་ཞུས་པ་དང་ལྷན་འགན་འཛིན་པ་རྣམས་ཤར་བླ་བྲང་གི་བོན་བརྒྱ་རིན་པོ་ཆེའི་གཟིམས་ཁང་ལ་མཇལ་བ་དང་།

སྐབས་དེར་ཚོགས་ཆེན་འདུ་ཁང་ནང་དུའང་ཚོགས་འཁོར་ཡོངས་སུ་མཇུག་གྲུབ་པ་དང་ཚོགས་མང་ནས་དགོང་ཐུག་བཞེས་རྗེས་ཕྱིར་རང་རང་གི་ཡུལ་ཕྱོགས་སུ་ཕེབས་པའི་གནས་ཚུལ་ཙམ་དྲ་ཚིགས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས་སྤྱི་ལོ༢༠༡༨ལོའི་ཟླ༡༠བའི་ཚེས༣ཉིན།

 

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།