རྫ་སྟེང་ཆེན་དགོན་གྱི་གཡུང་དྲུང་ཡང་རྩེའི་གསས་ཁང་ཆེན་མོ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ།

རྫ་སྟེང་ཆེན་དགོན་གྱི་གཡུང་དྲུང་ཡང་རྩེའི་གསས་ཁང་ཆེན་མོ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ།

རྩོམ་པ ་པོ། དབྲ་དཀར་གཞན་ཕན། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

རྫ་སྟེང་ཆེན་དགོན་དཔལ་གཤེན་མདོ་སྔགས་བསྟན་རྒྱས་གླིང་གི{གཡུང་དྲུང་ཡང་རྩེའི་གསས་ཁང}གཙོས་དབྲ་བ་བླ་བྲང་དང་།   སྤྱི་གཉེར་ཁང་ཆེན་མོ།  གྲྭ་བ་སོ་སོའི་བཞུགས་ཤག་བཅས་ལེགས་གྲུབ་བྱུང་བའི་དགའ་སྟོན་གྱི་མཛད་སྒོ་བོད་ཟླ་བརྒྱད་པའི་ཚེས་བཅུ་བདུན་ནས་ཉིན་གསུམ་གྱི་རིང་དུ་སྤེལ།  དེ་ཡང་ཐོག་མར་ལས་ཀ་རྒྱ་ཆེ་བ་ཐམས་ཅད་རི་དགོན་བཞིའི་བླ་གྲྭ་དང་དེ་ཀའི་ལྷ་སྡེ་མི་སྡེ་ཡོངས་ནས་ཚགས་སུ་ཚུད་ཡོད་པ་སྨོས་མེད་ལགས།

ཚེས་བཅུ་བདུན་ཉིན་རི་དགོན་བཞིའི་བླ་གྲྭ་དང་རྫ་ཁྲོ་ཚངས་དགོན་གྱི་མཁན་སྤྲུལ་དགེ་བཤེས་གཙོས་བླ་གྲྭ་ཡོངས་དང་།  སྨོན་རྒྱལ་དགོན།  འབུམ་རྨད་དགོན་བཅས་རྫ་ཡུལ་བོན་དགོན་ཁག་གི་བླ་གྲྭ་འདུ་འཛོམས་ཐོག་རྙིང་མའི་དགོན་སྡེ་ར་སྐོར་གོང་འོག་གི་བླ་གྲྭ།   ས་སྐྱའི་དགོན་སྡེ་སེང་འགྱིང་དགོན།  དགེ་ལུགས་དགོན་སྡེ་དགོན་གསར་དགོན་དང་ཉ་འགོ་དགོན་བཅས་རིས་མེད་ཀྱི་བླ་སྤྲུལ་དུ་མ་འདུ་འཛོམས་ཐོག་ཁམས་ཉག་རོང་གི་བོན་དགོན་ཁག་དང་།   བྲག་མགོ   རྟའུ།   ཉག་ཆུ།  ལི་ཐང་།  རྒྱལ་རོང་།  ཤར་ཁོག   ཨ་མདོ།  མཚོ་སྔོན།  སྡེ་དགེའི་འབྲི་ཆུ་སྟོད་སྨད་ཀྱི་བོན་དགོན་ཁག   ཆབ་མདོ།  ནག་ཆུ་ཕྱོགས་ཀྱི་བོན་དགོན་ཁག་བཅས་གནས་གཅིག་ཏུ་འཛོམས་ཏེ་དགོན་པར་གཡས་སྐོར་གྱི་ཚུལ་དུ་སེར་ཕྲེང་གཤར།

མཛད་སྒོ་འདི་ལ་ཆེད་ཕེབས་ཀྱི་སྐུ་མགྲོན་བླ་སྤྲུལ་རྣམ་པ་ལེ་བར་བཅུ་ལྷག་གི་མཚམས་སུ་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་དང་།   མཁན་པོ་རིག་འཛིན་དབང་རྒྱལ་རྣམ་གཉིས་དར་དང་ལྷ་བསང་གི་སྣེ་ལེན་དུ་ཕེབས།   དེ་ནས་འཕྲུལ་འཁོར་རིགས་ཀྱིས་བསུས་ཏེ་དགོན་འདི་མཐོང་ཙམ་གྱི་ས་ནས་ཅང་ཤེས་རྟ་ལ་སྒ་ཆས་བྱས་ཏེ་སྐྱེས་པ་དུ་མས་གཟབ་ཆས་སྤྲད་དེ་བསུས།

ཉེ་སར་ནས་དད་ལྡན་རྣམས་ཀྱི་དར་དང་བསང་གིས་བསུས་ཤིང་དགོན་མཐའ་ནས་བླ་གྲྭ་ཕྱེད་དང་ཉིས་སྟོང་གིས་ཞྭ་དཀར་དབུ་ལ་གསོལ་ཞིང་སེར་ཕྲེང་བྱས་ནས་དགའ་འཁྱིལ་གྱི་མཐར་རོལ་བསུ་མཛད་དེ་བླ་སྤྲུལ་རྣམ་པ་གསས་ཁང་མདུན་ངོས་ནས་ཞལ་མར་གྱུར་ཏེ་བཞུགས།   གྲྭ་བ་སྔགས་པ་བཙུན་མ་བཅས་འཆམ་རའི་ཐང་དུ་མདུན་སྤྲད་ཀྱི་གྲལ་ཤར་བྱས།

དེ་ནས་དབུ་མཛད་གཉིས་ཀྱིས་བསྟན་འབར་མ་གྱེར་དབྱངས་སྐབས་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་ཐེག་མཆོག་བསྟན་པའི་ཉི་མ་དང་།  རྒྱལ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག   སྣང་ཞིག་སྐྱབས་མགོན་རིན་པོ་ཆེ།    དབྲ་སྤྲུལ་རིན་པོ་ཆེ་བཅས་ཀྱིས་སྲིད་པའི་བརྡ་དར་ནུབ་མེད་དབྱིངས་སུ་བསྒྲེངས།   དེ་ནས་གསས་ཁང་སྒོ་འབྱེད་ཀྱི་མཛད་རིམ་རིམ་བཞིན་གྲུབ་མཐར་བླ་གྲྭ་ཡོངས་རྫོགས་གསས་ཁང་ཆེན་མོའི་ནང་དུ་བཞུགས་གདན་འཇགས།

དེ་མཚམས་སུ་བསྟན་པ་རྗེས་བཞག་གི་མདོ་ལས།    གསས་ཁང་བདེར་གཤེགས་ཕོ་བྲང་འདི།  །སེམས་ཅན་སྒྲིབ་པ་སྦྱང་བའི་ཕྱིར།  །ཡུན་དུ་རྟག་ཅིང་བརྟན་གྱུར་ཅིག  །ཅེས་གསུང་པ་བཞིན་ཡུན་དུ་བརྟན་ཅིང་བྱིན་ཆེ་བའི་ཕྱིར་དུ་དབང་ལྡན་དུས་ཀྱི་འཁོར་ལོ་ཞལ་ཕྱེས་ནས་མངའ་དབུལ་རབ་གནས་མཛད།

གསོལ་ཇ་བཞེས་སྐབས་སུ་སྐྱབས་རྗེ་རིན་པོ་ཆེ་ཚུལ་ཆེན་ཐེག་བསྟན་པའི་ཉི་མར་སྐུ་གསུང་ཐུགས་རྟེན་མཚོན་པའི་མཆོད་པ་མཎྜལ་ཇི་སྙེད་དང་།   བླ་གྲྭ་ཡོངས་ལ་འབྱོར་ཚད་ཀྱི་མཎྜལ་རྟེན་དོད་དུ་སྒོར་དང་དཔེ་དེབ་སོགས་དངོས་རྫས་ཅི་འབྱོར་ཕུལ།  

ཉིན་གཉིས་པ་དང་གསུམ་པའི་རིང་ལ་གླུ་དང་བྲོ་ཡི་དགའ་སྟོན་རྒྱ་ཆེར་བྱས་ཏེ་ལྟད་མོ་བ་དག་གི་འདོད་བློ་ཁེངས་པར་བྱས།  

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།