ཁྲིད་ཡིག་དམར་མོ་མཛུབ་ཚུགས་ལས་སྔོན་འགྲོའི་ཚིག་བཤད་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས།།

 

དྲུག་ཞིང་ཁམས་གྲངས་མང་ཡང༌།། འཛམ་གླིང་སོག་ཁར་སྐྱེ་བ་ཤིན་ཏུ་དཀའ།། སྐྱེས་ཀྱང་གཙང་མ་མི་ལུས་རིན་པོ་ཆེ།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། དཔེར་ན་རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི།། བུ་གར་རུས་སྦལ་མགྲིན་པ་ཆུད་པ་དང༌།། གྱང་ལོགས་སོགས་ལ་སྲན་མ་ཆགས་དཀའ་ལྟར།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། དལ་འབྱོར་རྒྱུ་ནི་ཚུལ་ཁྲིམས་གཞི་བཟུང་ཞིང༌།། སྦྱིན་སོགས་གྲོགས་བསྐུལ་སྨོན་ལམ་མཚམས་སྦྱོར་བ།། དགེ་རྩ་རྣམ་དག་སྔོན་དུ་འགྲོ་དགོས་པས།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། འགྲོ་བ་དྲུག་གི་སེམས་ཅན་གྲངས་མང་བ།། བསམ་བརྗོད་བྲལ་བ་འདི་ལ་ལྟོས་ན་ནི།། མི་ལུས་ཆོས་དང་འཕྲད་པ་ཉུང་བའི་ཕྱིར།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། དལ་འབྱོར་ཐོབ་དུས་བྱང་ཆུབ་མ་བསྒྲུབས་ན།། རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི་བ་དང།། ལོ་ཏོག་གསེབ་དུ་ལྟོགས་ནས་ཉལ་འདྲ་བས།། ཤིན་ཏུ་རྙེད་དཀའ་བྱང་ཆུབ་བསྒྲུབ་པར་བྱ།། མི་ལུས་འདི་ནི་ཡིད་བཞིན་ནོར་ལས་ལྷག།། འདི་འདྲ་རྙེད་པ་ད་རེས་ཙམ་ཡིན་པས།། དོན་མེད་ཆུད་ཟོས་དབང་དུ་མི་གཏོང་བར།། དོན་ཡོད་སྒོ་གསུམ་དགེ་ལ་བརྩོན་པར་ཤོག། གསུམ་པ་འཆི་བ་མི་རྟག་ནི། ཀྱེ་མ་བརྒྱུད་པའི་བླ་མ་རིན་པོ་ཆེ།། ཁྱེད་ཀྱི་མཁྱེན་དགོངས་བརྩེ་བས་འདིར་གཟིགས་ཤིག། སྡུག་བསྔལ་རྒྱ་མཚོར་བྱིངས་རྣམས་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག། ནང་བཅུད་སེམས་ཅན་ནད་མུག་མཚོན་གྱིས་སྟོངས༌།། སྣོད་བཅུད་རྟག་ཏུ་རེ་བ་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། དུས་ནམ་འགྱུར་ཏེ་དབྱར་དགུན་སྟོན་དཔྱིད་ལ།། དཔྱིད་ཞུ་དབྱར་རྒྱས་སྟོན་སྨིན་དགུན་སྡུད་དེ།། སྣང་ཡུལ་རྟག་ཏུ་རེ་བ་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། དུར་ཁྲོད་གླིང་དུ་བོར་བའི་མི་རོ་དང༌།། ལ་ཁའི་རྒྱུ་སྐར་ཆུ་ཁའི་རྦ་རླབས་གཡོ།། ལྗོན་ཤིང་སྐྱེ་འབོར་ཇི་བཞིན་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ལུས་ཅན་ལ་ལ་མ་ཡི་མངལ་ནས་འཆི།། དེ་བཞིན་བཙས་དང་བྱིས་པ་དར་རྒས་འཁོགས།། ཚེ་ཚད་རིང་ཐུང་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ལུས་ལ་ནད་རིགས་སུམ་བརྒྱ་དྲུག་ཅུ་དང༌།། གློ་བུར་ཡེ་འབྲོག་འབྱུང་བའི་རྐྱེན་གྱིས་གསོད།། ཟས་སོགས་རྐྱེན་ལ་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ས་ཕྱོགས་མཐོ་དམན་ཉེ་དང་རིང་མེད་ཅིང༌།། དེ་བཞིན་གཞི་བྱེས་རི་ལུང་ཁྱིམ་ཕྱི་ནང༌།། འཆི་བའི་གནས་ལ་ངེས་མེད་སྙིང་རེ་རྗེ།། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།