བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།
༄༅། ། ན་མོ་གུ་རུ་མུ་ལ་ཝེར་ཞི་ཡ། །རྨད་བྱུང་མཁྱེན་པ་ལྷ་ཡི་ལམ་ཡངས་པོར། །སྙིང་རྗེ་ཤིང་རྟ་བདུན་གྱིས་དྲངས་པའི་ཉི། །མཐུ་བྱིན་འོད་ཀྱི་ཞགས་པས་གདུལ་བྱའི་ཚལ། །སྐྱོང་མཛད་རྗེ་བཙུན་བླ་མ་སྙིང་དབུས་རོལ། །ལྔ་ཕྲག་སྙིགས་མའི་རང་མདངས་ཤར་བའི་སྐབས། །ཐ་མལ་རྨོངས་པས་ཟབ་དོན་གཞལ་དཀའ་ཡང་། །གྲོགས་ཀྱིས་བསྐུལ་ཚེ་དཔལ་ལྡན་བླ་མ་ལ། །གསོལ་བ་བཏབ་ཏེ་གང་ཤར་བྲི་བར་བྱ། །གང་ཞིག་ཐར་ལམ་སྒྲུབ་པའི་རྩ་བ་ནི། །བཤེས་གཉེན་བསྟེན་པ་ཉིད་དུ་ངེས་པ་སྟེ། །མཚན་དང་ལྡན་པ་སྣོད་ལྡན་སློབ་མ་ཡིས། །བསྟེན་ཚུལ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན། །ལྗོན་ཤིང་རྩ་བ་སྐྱོན་གྱིས་མ་གོས་ན། །ཡལ་ག་ལོ་འབྲས་མི་ཟད་འཕེལ་བ་བཞིན། །བསྟེན་དང་བསྟེན་ཚུལ་ལེགས་པའི་ཕན་ཡོན་དང་། །མ་བསྟེན་བསྟེན་པ་ལོག་པའི་ཉེས་སྐྱོན་སོགས། །ཤེས་པར་བྱས་ཏེ་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡིས། །དགྱེས་བཞིན་རྗེས་སུ་འཛིན་པའི་ཐབས་དམ་པ། །སྒྲུབ་པའི་མཆོད་པས་ཀུན་ནས་མཉེས་པར་བྱ། །དགེ་མཚན་བཅོ་བརྒྱད་ལྡན་པའི་རྟེན་བཟང་འདི། །སྔོན་མའི་བསོད་ནམས་སྟོབས་ཀྱིས་ལན་ཅིག་རྙེད། །ཁྱད་པར་བསྟན་དང་བསྟན་འཛིན་སྐྱེས་བུ་ཡི། །ཞབས་ཀྱིས་ཟིནའདི་པདྨ་དཀར་པོ་བཞིན། །དཔེ་རྒྱུ་གྲངས་སོགས་རྒྱུ་མཚན་དུ་མ་ཡིས། །རྙེད་པར་དཀའ་བའི་ཚུལ་ལ་བསམ་བྱས་ཏེ། །དབུལ་བོས་གཏེར་བཞིན་དགའ་བ་ལྷང་ལྷང་བསྒོམ། །མ་རྙེད་རྙེད་པ་ཆུད་ཟོས་ཉེས་སྐྱོན་ལ། །བསམ་ནས་རྟེན་མཆོག་གྲུ་ཆེན་འདི་ཐོབ་ཚེ། །དད་དང་བརྩོན་འགྲུས་བ་དན་རླུང་གིས་བསྐུལ། །རྒྱལ་བསྟན་མཚོ་ཆེན་གླིང་དུ་ལེགས་ཞུགས་ཏེ། །བྱང་ཆུབ་སྙིང་པོ་ཡིད་བཞིན་ནོར་བུ་ལོངས། །འདུས་བྱས་ཐམས་ཅད་རྟག་པ་མེད་ངེས་པ། །བཀའ་རྟགས་ཕྱག་རྒྱ་བཞི་ཡི་དང་པོར་གསུངས། །སྣོད་བཅུད་གང་ཡང་མི་རྟག་རང་བཞིན་ཅན། །སྐྱེས་ཚེ་མ་ལུས་འཆི་བ་ངེས་པ་དང་། །འཆི་བའི་དུས་ལ་འདི་ཞེས་ངོས་བཟུང་བྲལ། །འཆི་ཚེ་དགེ་མིན་གང་གིས་མི་སྟོངས་པར། །འཆི་བའི་སྡུག་བསྔལ་མི་བཟོད་མྱོང་དགོས་འབྱུང་། །སྡིག་དང་སྡུག་བཅས་བསགས་པའི་ལོངས་སྤྱོད་མཁར། །གཉེན་བཤེས་སོགས་དང་མི་ཕོད་བཞིན་དུ་འབྲལ། །ལས་ཀྱི་རྣམ་སྨིན་མི་འདོད་བཞིན་དུ་འགྲོགས། །ཅི་བྱ་གཏོལ་མེད་འགྱོད་ཀྱང་མི་ཕན་པས། །ཕྱི་བཤོལ་མེད་པར་སྒོ་གསུམ་དགེ་ལ་བརྩོན། །འཁོར་བ་མཐའ་དག་སྡུག་བསྔལ་རང་བཞིན་དུ། །ཐམས་ཅད་མཁྱེན་པས་ཕྱག་རྒྱ་གཉིས་པར་གསུངས། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་རབ་མནར་བ། །སྲིད་རྩེ་ནས་བཟུང་མནར་མེད་དམྱལ་བའི་བར། །རིགས་དྲུག་སྡུག་བསྔལ་རྒྱུ་བཅས་ངོས་ཟིན་ཏེ། །ཐར་འདོད་བཅོས་མིན་རྒྱུད་ལ་སྐྱེ་བར་བསླབ། །སྡུག་ཀུན་དང་ནི་རྟེན་འབྲེལ་བཅུ་གཉིས་ཀྱིས། །ཐོག་མཐའ་མེད་པར་འཁོར་བའི་ཚུལ་ལ་སོམས། །དེ་ཕྱིར་སྲིད་པའི་བདེ་བ་སྲིན་མོའི་འཛུམ། །ངེས་འབྱུང་སྡང་མིག་དྲག་པོས་མཐར་བྱེད་ཅིང་། །ལམ་མཆོག་བགྲོད་པ་སྤྲིན་གྱི་ཤུགས་ཅན་ལ། །བརྟེན་ནས་ངེས་ལེགས་གྲོང་དུ་ཕྱིན་པར་འཚལ། །སྐྱེ་འཕགས་ཀུན་གྱིས་མྱོང་བའི་བདེ་དང་སྡུག །ལས་ཀྱི་འབྲས་བུར་བཅོམ་ལྡན་འདས་ཀྱིས་གསུངས། །ཕྱི་ལས་ནང་གི་རྒྱུ་འབྲས་དཔག་མེད་འཕེལ། །མ་བྱས་མི་འཕྲད་བྱས་པ་ཆུད་མི་ཟ། །མི་དགེ་སྤོང་བའི་ཚུལ་ཁྲིམས་མ་སྲུང་བར། །མངོན་མཐོ་ངེས་ལེགས་གང་ཡང་འཐོབ་མི་སྲིད། །ལེགས་ཉེས་སྤྱོད་པ་ལུས་ངག་ཡིད་གསུམ་གྱི། །དགེ་དང་མི་དགེ་ལས་ལམ་བཅུ་རུ་འདུས། །བྱས་བསགས་དང་ནི་ཡན་ལག་བཞིས་རྫོགས་ཚུལ། །སྡིག་པའི་ལྕི་ཡང་དགེ་བའི་སྟོབས་ཆེ་ཆུང་། །རྣམ་སྨིན་རྒྱུ་མཐུན་དབང་འབྲས་སྨིན་ཚུལ་དང་། །འདི་དང་ཕྱི་མར་ཡང་ན་བརྒྱུད་ནས་མྱོང་། །འཕེན་རྫོགས་སོགས་ཀྱི་ཞིབ་ཆའང་ཤེས་པར་བྱ། །དྲན་ཤེས་བག་ཡོད་ལྡན་པའི་སེམས་ཀྱིས་ནི། །སྤང་བླང་གནས་ལ་ཕྲ་ཞིབ་བགྱིད་ཤེས་ན། །འཇིག་རྟེན་པ་ཡི་ལྟ་བ་ཡང་དག་ཟེར། །སྡིག་ལྟུང་གང་བྱུང་སྟོབས་བཞིས་བཤགས་པ་གནད། །བསྟན་པའི་འཇུག་སྒོ་སྐྱབས་སུ་འགྲོ་བ་ནི། །འཁོར་བར་འཇིགས་ཤིང་དེ་ལས་སྐྱོབ་པའི་མགོན། །མཆོག་གསུམ་ངེས་པར་ཡིད་ཆེས་དད་པ་ཡིས། །སྐྱབས་སུ་འཚོལ་བའི་བློ་དེ་བཅོས་མིན་པའོ། །དོན་གཉིས་སྤངས་རྟོགས་མཐར་ཕྱིན་རྫོགས་སངས་རྒྱས། །ལུང་རྟོགས་བདེན་གཉིས་རང་བཞིན་གཡུང་དྲུང་བོན། །རིག་གྲོལ་ཡོན་ཏན་བརྒྱད་ལྡན་དགེ་འདུན་ལ། །བྱང་ཆུབ་བར་དུ་སྙིང་ནས་སྐྱབས་སུ་འཛིན། །ཇི་ལྟར་སྟོན་པའི་ལམ་དངོས་གྲོགས་སུ་ཤེས། །འཇིག་རྟེན་ལྷ་དང་གཞན་འཚེ་སྡིག་གྲོགས་སྤངས། །སྐུ་གཟུགས་གསུང་རབ་དགེ་འདུན་སྡེ་ལ་གུས། །རྟག་ཏུ་དཀོན་མཆོག་མཆོད་པར་བརྩོན་པ་གཅེས། །སྐྱབས་འགྲོ་མེད་ན་ཅི་བྱས་དགེ་མི་འགྱུར། །སྐྱབས་སོང་ཡོན་ཏན་བརྒྱད་དང་ལྡན་པར་གསུངས། །ཐེག་ཆེན་འཇུག་སྒོ་བྱང་ཆུབ་མཆོག་གི་སེམས། །སྙིང་རྗེས་གཞན་ཕྱིར་བྱང་ཆུབ་ཐོབ་འདོད་བློ། །ཁྱད་པར་ཅན་དེ་སེམས་བསྐྱེད་ངོ་བོར་བཞེད། །དོན་དམ་ཀུན་རྫོབ་བྱང་སེམས་རྣམ་པ་གཉིས། །མཉམ་བཞག་ངོ་བོར་གྱུར་དང་མ་གྱུར་ཁྱད། །འགྲོ་བར་འདོད་བཞིན་དམ་བཅས་སྨོན་པའི་སེམས། །འགྲོ་བ་ཉིད་བཞིན་བརྩོན་པ་འཇུག་སེམས་ཡིན། །ཐོབ་ཚུལ་ལ་གཉིས་བརྡ་དང་དེ་བཞིན་ཉིད། །གཏན་དང་རེ་འགའི་གྲོགས་དང་སྤྱོད་ཚུལ་གསུམ། །རྫི་བོ་མཉན་པ་ལམ་མཁན་རབ་འབྲིང་ཐ། །བདག་བས་གཞན་གཅེས་བདག་གཞན་མཉམ་དང་བརྗེ། །ས་མཚམས་ཚོགས་སྦྱོར་ལམ་ན་མོས་པས་སྤྱོད། །ས་བདུན་ལྷག་བསམ་དག་དང་དག་ས་གསུམ། །རྣམ་པར་སྨིན་དང་སངས་རྒྱས་སྒྲིབ་པ་སྤངས། །ས་དང་གསེར་སོགས་བཅུ་ཕྲག་གཉིས་ལྷག་ཀྱང་། །དེ་བཞིན་སྦྱོར་ཚུལ་རྣམ་པའང་ཤེས་པར་བྱ། །མན་ངག་བདུན་སོགས་གདམས་པས་སེམས་མཆོག་བསྐྱེད། །རིགས་སད་སྙིང་རྗེ་ཚུལ་ཁྲིམས་ལྡན་པ་ཡིས། །མཚན་ཉིད་གསུམ་ལྡན་སློབ་དཔོན་དམ་པ་ལས། །སྨོན་འཇུག་རིམ་དང་ཅིག་ཆར་གང་བདེར་བླངས། །དང་པོའི་བསླབ་བྱ་དཀར་ནག་བཞི་ཚན་གཉིས། །གཉིས་པར་ལུགས་གཉིས་རྒྱས་འབྲིང་བསྡུས་ཡོངས་བསྡུས། །ཡང་དག་བསྡུས་སོགས་གཞུང་ལས་གསུང་བཞིན་བསླབ། །སྐྱེས་པ་ཙམ་ནས་རྒྱལ་བའི་སྲས་ཞེས་བརྗོད། །ལྷ་མིའི་མཆོད་འོས་བསོད་ནམས་རྒྱུན་ཆགས་འབྱུང་། །གཏེར་དང་རྒྱ་མཚོ་དཔག་བསམ་ལྗོན་ཤིང་བཞིན། །ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད། །གཙོ་བོར་སྤྱོད་པ་ཕྱིན་དྲུག་བསླབ་དགོས་ཏེ། །འཁོར་བའི་གནས་ནས་མྱང་འདས་སུ་ཕྱིན་པས། །ཐབས་མཆོག་དམ་པ་ཕ་རོལ་ཕྱིན་པ་དྲུག །སྦྱིན་པ་མ་ཆགས་གཏོང་བའི་སེམས་པ་དང་། །ཚུལ་ཁྲིམས་ཉེས་སྤྱོད་སྤོང་སེམས་རྒྱུན་ཆགས་པ། །བཟོད་པ་གནོད་ལ་མི་འཁྲུགས་སྲན་ཚུགས་བཟོད། །བརྩོན་འགྲུས་དགེ་ལ་མངོན་པར་སྤྲོ་བའི་སེམས། །བསམ་གཏན་དམིགས་པ་མི་གཡོ་རྩེ་གཅིག་གནས། །ཤེས་རབ་ཤེས་བྱ་རབ་ཏུ་རྣམ་པར་འབྱེད། །དང་པོ་གསུམ་ནི་བསླབ་པ་ཚུལ་ཁྲིམས་དང་། །མཐའ་གཉིས་བསླབ་པ་གཞན་དངོས་བརྩོན་འགྲུས་ཀྱིས། །གསུམ་ཀའི་སྡོངས་བྱེད་དེ་དག་རེ་རེ་ལའང་། །གསུམ་གྱིས་དབྱེ་ཞིང་ཕྱི་མ་ཤེས་རབ་ཀྱིས། །ཀུན་ལ་མ་ཟིན་ཕར་ |

