རེབ་གོང་བོན་མང་དྲ་བའི་སྒྲིག་སྲོལ།

རེབ་གོང་བོན་མང་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ༼ལུགས་རྙིང༽༢༠༠༨ ལོའི་ཟླ ༡ པོའི་ཚེས ༡༤ ཉིན་དངོས་སུ་དབུ་ཚུགས་ཤིང་། ཚོགས་པ་འདིའི་ལས་གཞི་གཙོ་བོ་ནི་རེབ་གོང་བོན་མང་དྲ་ཚུགས་སྒྲུབ་གཉེར་གྱིས་གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་དང་། ལྷག་པར་དུ་རེབ་གོང་བོན་མང་གི་རིག་གནས་ཤུལ་བཞག་ལ་ཉར་ཚགས་ཞིབ་འཇུག་གནང་རྒྱུ་དེ་ཡིན་ལ། བྱ་བའི་བཀོད་སྒྲིག་དང་དོ་དམ་གྱི་རིམ་པ་ཁག་ནི་གཤམ་གསལ།དང་པོ། ཚོགས་མི།     ཚོགས་པ་འདིའི་བློ་འདྲི་ས་ནི་ལྔ་རིག་སྨྲ་བའི་དབང་བོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དང་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རྣམ་གཉིས་ཡིན་ལ། དྲ་ངོས་གཙོ་སྒྲུབ་ཀྱི་འགན་ཁུར་མི་སྣའམ་སྤྱིའི་དོ་དམ་པ་ནི་སྐུ་ཞབས་ཁྱུང་དཀར་ཟླ་བ་དང་། ལས་ཞུགས་ཚོགས་མི་ནི་བོན་མང་དྲུང་ཡིག་བསོད་ནམས་གཡུང་དྲུང་། ཁྱུང་དཀར་བ་ཀུན་བཟང་ཚེ་རིང་། ལྷ་སྡེ་པདྨ་རྣམ་རྒྱལ་བཅས་སོ།།

གཉིས་པ། ལེ་ཚན་བཀོད་སྒྲིག      སྤྱིར་དྲ་ངོས་ཧྲིལ་བོའི་ལེ་ཚན་ལ་རྩ་བའི་ཆ་ནས་འཕྲིན་གསར་དང་། ལོ་རྒྱུས། ཕྱག་ལེན། དཔེ་ཚོགས། པར་རིས། རོལ་དབྱངས། དཔྱད་གླེང་། རྩོམ་རིག སྐད་འཇོག་ས། ངེད་ཀྱི་སྐོར༼ལས་སྒྲུབ་མི་སྣ༽བཅས་རྣམ་པ་དང་ནང་དོན་མི་འདྲ་བ་ཁག་བཅུ་ཙམ་ཡོད་ལ། དེ་དག་ལས་ལོ་རྒྱུས་ཀྱི་སྐོར་ལ་གཙོ་བོ་མི་སྣ་གྲགས་ཅན་དང་། གནས་རི་གྲགས་ཅན། དགོན་པ་གྲགས་ཅན། སྲུང་མ་དང་བསྟན་འབྱུང་བཅས་ཡོད་ལ། ཕྱག་ལེན་ལའང་སྔོན་འགྲོ་དང་སྒྲུབ་ཆེན། སྨྱུང་གནས། གཏོར་མ། ལྷ་གསོལ་ཀླུ་བརྔན། མོ་རྩིས། འདས་མཆོད། བླ་འགུག་འདྲེ་འདུལ་བཅས་ཡོད། དེ་བཞིན་དུ་རྩོམ་རིག་ལ་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག གཏམ་རྒྱུད་བཅས་ཡོད་པ་དང་། དཔེ་ཚོགས་ལ་ངོ་སྤྲོད་ཀྱི་སྐོར་དང་ལྟ་ཀློག་གི་སྐོར། དཔྱད་གཞིའི་ཡིག་རིགས་ཀྱི་སྐོར་བཅས་ཡོད། པར་རིས་ལ་ཐང་ག་དང་ཕྱག་ཆ། རྫས་དང་ཡོ་བྱད། མི་སྣ། ཐིག་རིས་བཅས་ཡོད་པ་དང་། རོལ་དབྱངས་ལ་མགུར་དང་འདོན་རྟ། འབུད་རྡུང་དཀྲོལ་གསུམ་གྱི་རིགས་བཅས་ཡོད་དོ།།

གསུམ་པ། བརྩམས་ཆོས་འགོད་སྟངས།     ཚོགས་མི་རེ་རེར་དྲ་ངོས་བདག་གཉེར་གྱི་དབང་ཆ་ཡོད་པ་བཞིན་དུ་སོ་སོར་བརྩམས་ཆོས་དང་རྒྱུ་ཆ་འཚོལ་སྡུད་ཀྱི་འོས་འགན་ཡང་ཡོད་པས། ཚོགས་མི་ཚང་མས་རང་རྟོགས་ཡོད་པའི་སྒོ་ནས་བརྩམས་ཆོས་དང་རྒྱུ་ཆ་འཚོལ་སྡུད་བྱེད་དགོས་ལ། ནང་དོན་གང་ཞིག་དྲ་ངོས་སུ་འགོད་སྐབས་དེ་ཉིད་འགོད་རུང་མིན་དང་བཀོད་ན་འོས་མིན་དེ་ཡང་ཚོགས་མི་ཚང་མས་གྲོས་བསྡུར་གྱིས་ཐག་གཅོད་གནང་དགོས། གལ་ཏེ་བྱ་བའི་ཁོམ་ལོང་སོགས་ཀྱི་དབང་གིས་ཚོགས་མི་མཉམ་འཛོམས་བྱུང་མ་ཐུབ་ཚེ་མ་མཐའ་ཡང་གཙོ་སྒྲུབ་འགན་ཁུར་བའི་ཆོག་མཆན་འཐོབ་དགོས།

བཞི་བ། དྲ་ངོས་དོ་དམ།     དྲ་ངོས་དོ་དམ་གྱི་སྤུས་ཚད་ནི་དྲ་ངོས་ཀྱི་ཚེ་སྲོག་དང་ཐད་ཀར་འབྲེལ་ཞིང་། དེ་ཡང་གཙོ་བོའི་ཆ་ནས་ཕྱི་རྣམ་པའི་ཐད་ཀྱི་དོ་དམ་དང་།ནང་བརྗོད་བྱའི་ཐད་ཀྱི་དོ་དམ། བར་དག་ཆའི་ཐད་ཀྱི་དོ་དམ་གསུམ་གྱིས་གྲུབ་ཡོད་པ་རེད། དྲ་ངོས་ཀྱི་ཕྱིའི་རྣམ་པ་ནི་བརྟན་ཆགས་ཀྱི་རང་བཞིན་ཤས་ཆེ་བས་ནུས་པ་ཆེར་འདོན་མི་དགོས་ཀྱང་དེ་ལའང་རང་གི་དྲ་བའི་ཁྱད་ཆོས་ལ་དམིགས་ནས་དང་དོད་གནང་དགོས། གཙོ་བོ་ནི་ནང་དོན་དང་དག་ཆའི་སྐོར་ཡིན་ཏེ། ནང་དོན་གྱི་ཆ་ནས་ཆབ་སྲིད་ཀྱི་ངོ་བོ་ཅན་དང་གྲུབ་མཐའི་ཆགས་སྡང་རང་བཞིན་ཅན་གྱི་བརྩམས་ཆོས་བཀོད་ཚེ་རང་གཞན་གཉིས་ཕུང་གི་རྒྱུ་འབའ་ཞིག་ཏུ་འགྱུར་བས་དེའི་རིགས་ནི་ང་ཚོའི་ཚོགས་པའམ་དྲ་བ་འདིའི་གཏན་གྱི་སྤང་བྱ་ཡིན་ལ། དེ་མིན་ཡི་གེའི་དག་ཆའི་ཐད་ནས་གཅིག་གྱུར་གྱི་མིང་བརྡ་སྤྱོད་པ་དང་བརྡ་སྤྲོད་ཆོས་ཉིད་ལ་མཐོང་ཆེན་ཡིད་གཟབ་གནང་དགོས། དེ་ལྟར་མ་བྱས་ཚེ་སྐབས་བབ་ཀྱི་བརྗོད་དོན་ལོག་པར་སྟོན་པ་ཕར་ཟད་ཚོགས་པའི་ངན་མཚང་འབའ་ཞིག་ཏུའང་འགྱུར་བས། གང་དགོད་པར་བྱ་བའི་ནང་དོན་ཁག་ལ་བཤུ་དག་གཏན་འབེབ་ཡག་པོ་གནང་རྒྱུ་གལ་ཆེ་ལ། དེ་མིན་ཀློག་མཁན་སྐོང་འགུག་གི་ཐད་ལའང་བསམ་གཞིགས་གཏོང་དགོས་ཚོད་རེད། དེ་ཡང་ཚོགས་མི་རེ་རེས་མ་སྐུལ་དང་ལེན་གནང་རྒྱུ་ནི་སྨོས་མ་དགོས་སོ། མདོར་ན་ཐུན་མོང་གིས་འགན་ལེན་ཡག་པོ་བྱས་ཏེ་ནམ་ནམ་ཞར་ཞར་ཡང་དྲ་ངོས་དོ་དམ་ཐད་བཟང་ན་བཟང་གི་ངོ་སོ་མཉམ་བསྟོད་དང་ཉེས་ན་ཉེས་པའི་ཁུར་བོ་མཉམ་ཁུར་གྱི་ཐུན་མོང་སྙིང་སྟོབས་ཤིག་ཆགས་པར་བྱེད་དགོས་སོ།།

ལྔ་བ། གྲོན་དངུལ་འཚོལ་སྡུད།     ང་ཚོའི་ཚོགས་པ་འདི་སྒེར་གྱི་ཚོགས་པ་ཞིག་གམ་རང་མོས་ལྟར་འདུས་ཤིང་གྲུབ་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན་པས། གྲོན་དངུལ་གྱི་ཕྱོགས་ནས་སྔོན་རྩིས་དང་མ་རྩ་གང་ཡང་མེད་ཅིང་། ད་ལྟ་གྲུབ་ཟིན་པའི་བྱ་བ་དག་ཀྱང་སྐབས་ཐོག་སྐབས་ཐོག་ལ་ཚོགས་མི་རེ་གཉིས་ཀྱིས་རྩོལ་བ་དྲག་པོ་བསྐྱེད་ནས་གྲུབ་པ་ཞིག་ལས། ཚོགས་པ་སྤྱིའི་ངོས་ནས་ཇུས་གཞི་དང་འཆར་འགོད་ཡོད་པས་སྒྲུབ་པ་ཞིག་གཏན་ནས་མིན། དེ་བས་ན་ང་ཚོའི་ལས་དོན་འདི་མུ་མཐུད་ནས་སྒྲུབ་པར་མ་དངུལ་མི་འདང་བའམ་མ་དངུལ་གང་ཡང་མེད་པའི་གནད་དོན་ལ་འཕྲད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཏུ་གྱུར་འདུག་པས། ང་ཚོས་མ་དངུལ་འཚོལ་སྡུད་ཀྱིས་སྤྱི་ཚོགས་སྟེང་གི་སྦྱིན་བདག་གཏོང་ཕོད་ཅན་ལ་འབྲེལ་གཏུག་དང་བླ་སྤྲུལ་མཁྱེན་རྒྱ་ཅན་ལ་ཡར་ཞུ། དད་ལྡན་སྔོན་ཐོན་ཅན་ལ་རོགས་སྐུལ་བཅས་བྱེད་དགོས་ལ། ཕྱོགས་དེར་རང་རང་ས་ནས་ཐུགས་ཁུར་བརྩོན་ལེན་གནང་དགོས་པར་མ་ཟད་གལ་ཏེ་རྗེས་ཕྱོགས་མ་དངུལ་ཚགས་ཙམ་བྱུང་ན་སྤྱི་གཉེར་བ་བསྐོ་བཞག་སོགས་ཀྱི་ལས་སྒོ་ཡང་འཐུས་ཚང་དུ་གཏོང་དགོས་སོ།།

དྲུག་པ། བྱ་འགུལ།     ང་ཚོའི་ལས་དོན་འདི་གཡུང་དྲུང་གི་བོན་རིན་པོ་ཆེ་དང་གཅིག་ཏུ་འབྲེལ་ཞིང་། རེབ་གོང་གི་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ལས་དབང་དང་ཡོངས་སུ་འདྲེས་ཡོད་པས། ང་ཚོ་བོན་མང་དང་ཁ་འབྲལ་ཐབས་མེད་པ་ནི་ང་ཚོའི་གདམ་གསེས་ཀྱིས་ཡོངས་སུ་ཐག་བཅད་ཡོད། དེས་ན་ང་ཚོ་བོན་མང་ལ་ཉེ་བར་བཏུད་པ་དང་། ཕན་ཚུན་ལ་འགྲོགས་འདྲིས་གནང་བ། གཅིག་ལ་གཅིག་བརྟེན་ཏུ་གནས་པར་བྱེད་རྒྱུ་ནི་བྱ་བ་འདི་མཐའ་འཁྱོལ་ཞིང་འཐུས་ཚང་གྲལ་འགྲིག་ཅིག་ཡོང་བའི་སྔོན་འགྲོའམ་གཞི་རྐང་ལྟ་བུར་གྲུབ་ཡོད། དེ་མིན་ད་རུང་རྗེས་ཕྱོགས་ཆ་རྐྱེན་འཛོམས་ཚེ་བླ་མ་དགེ་བཤེས་གདན་ཞུས་ཀྱིས་གཞུང་དང་རིག་གནས་གཙོ་བོ་ཁག་འཆད་ཉན་གནང་རྒྱུའི་བྱ་བ་བཀོད་སྒྲིག་བྱས་ན་ལས་རིགས་འདི་ལ་ལྷག་ཏུ་ཕན་པས་ན། ང་ཚོས་མིག་རྒྱང་རིང་བོས་འདི་དང་འདི་ལྟ་བུའི་རིགས་ལའང་བསམ་གཞིགས་དང་འཆར་བཀོད་འཐེན་དགོས་བ་བཅས་སོ།།

རེབ་གོང་བོན་མང་ཞིབ་འཇུག་ཚོགས་པས།
སྤྱི་ལོ ༢༠༠༨ ལོའི་ཟླ ༤ བའི་ཚེས ༢༣ ཉིན།