ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

རྩོམ་པ་པོ། ཁྲི་བདེ་མཆོག  རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

569427305932994921

སྙན་རྒུ་དབྱངས་ཀྱི་ངོ་མཚར་དཔལ་ཀུན་རྫོགས།།

གཤེན་རྒུའི་ཐུན་མིན་ཕྱག་ཆ་སིལ་སྙན་གྱི།།

བཟང་རྒུའི་ཡོན་ཏན་ཚུལ་བཞིན་བརྗོད་དཀའ་ཡང༌།།

ཕན་རྒུའི་ལྷག་བསམ་ཀློང་ནས་ཐོད་ཀྱིས་སྤྲོ།།

                  དེ་ཡང་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཕྱག་ཆ་སིལ་སྙན་ཞེས་པ་ནི།  རྒྱལ་བ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལ་མཚོན་བྱེད་ཀྱི་ཕྱག་ཆ་ལྔ་ཡོད་པས་དེ་ལས་སིལ་སྙན་ནི་སྐུ་ཡི་ཕྱག་ཆ་ལགས་ཤིང་རྒྱུ་ཆ་ཡང་རིན་ཆེན་གསེར་དང་དངུལ། ལི་སོགས་བསྲེས་པ་ལས་བྱུང་བའི་གླང་རེ་གཤང་ཆེན་དང༌། ཁྲི་ལོ་གནམ་གྲགས་ཁོལ་མོ་སིལ་སྙན་གྱི་རིགས་གསུམ་དུ་ངེས་ཤིང་དར་ཁྱབ་ཀྱིས་དབང་དུ་བྱས་ན་གཤང་དང་སིལ་སྙན་གཉིས་དར་ཁྱབ་ཆེ་ལ་ཁྲི་ལོ་གནམ་གྲགས་དེ་འདྲའི་དར་ཁྱབ་ཆེ་བཟོ་མི་འདུག  བཟོ་བྱེད་ཀྱི་རྒྱུ་ཆ་རིན་པོ་ཆེ་གསེར་དང་ལི་བསྲེས་པ་ལས་གྲུབ་པའི་རིན་ཆེན་གསེར་གཤང་སེར་པོ་ཞེས་སྒྲ་སྐད་སྦོམ་ལ་ཕོ་སྐད་འབྱུང་བ་དང༌།  རིན་པོ་ཆེ་དངུལ་དང་ལི་བསྲེས་པ་ལས་སྒྲ་སྐད་ཕྲ་ལ་མོ་སྐད་འབྱུང་བ་དངུལ་དཀར་གཤང་ཆུང་ཞེས་སུ་གྲགས་སོ།  །བཟོ་དབྱིབས་ཀྱི་རྣམ་པ་སྨན་ཆུང་བུ་མོའི་མྱོས་བུམ་བཞིན་འབུར་ལ་ཟླུམ་པས་མཁའ་འགྲོའི་ནུ་སིལ་ཞེས་སུ་ཡང་གྲགས།  ཆེ་ཆུང་གང་བྱེད་ཀྱང་ཕོ་བྲང་གི་ནང་དུ་མུ་ཁྱུད་རིམ་པ་གསུམ་བསྐོར་དགོས་ལ་རིམ་པ་དང་པོར་ཀུན་སྣང་ཁྱབ་པ་དང༌།  གསལ་བ་རང་བྱུང༌།  དགེ་ལྷ་གར་ཕྱུག  བྱེ་བྲག་དངོས་མེད།  དགའ་བ་དོན་འགྲུབ་བཅས་རྒྱལ་བ་བདེར་གཤེགས་རིགས་ལྔའི་ས་བོན་ཨ་ཨཱོྃ་ཧཱུཾ་རཾ་ཛ་ལྔ་ལེགས་པར་བཀོད་པ་དང༌།  མུ་ཁྱུད་བར་མར་མི་མཐུན་པའི་མཚན་མ་ལས་རྣམ་པར་རྒྱལ་བའི་བརྡ་རུ་བཀྲ་གསལ་པདྨ།  བདུད་རྩིའི་བུམ་པ།  འབྲལ་མེད་གསེར་ཉ།  མི་ནུབ་རྒྱལ་མཚན།  སྒྲ་རྒྱལ་དུང་དཀར།  འཁྲུལ་མེད་དཔལ་བེའུ། དབང་བསྒྱུར་འཁོར་ལོ།  དབུ་རྒྱན་གདུགས་ཆེན་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་མཛེས་པར་བརྒྱན།  མུ་ཁྱུད་མཐའ་མ་རྒྱ་ ཆེ་ཞིང་ཁོད་སྙོམས་པས་གདུལ་བའི་ཞིང་ཁམས་ཆེ་ཞིང་ཐུགས་རྗེ་ཕྱོགས་རིས་བྲལ་བའི་མཚོན་དོན་ཚུལ་ལྡན་དུ་གྲུབ་པར་བཞེད།

ལྟེ་བ་སྐྱོན་བྲལ་པད་སྡོང་གི་རྩེར་ཨ་ལུང་ནི་ཐུགས་རྗེའི་རྒྱུན་ཐག་མི་ཆད་པར་ཡུན་རིང་དུ་སྐྱོང་ཞིང༌། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ནི་ས་ལམ་ཡོན་ཏན་གྱི་རྟོགས་པ་གོང་འཕེལ་དུ་འགྲོ་བ་དང༌།  གཤང་ལྕེ་པད་མ་ཁ་འབུས་ཀྱི་ཚུལ་དུ་བཟོ་དབྱིབས་ལེགས་པས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་འགྲོ་བ་ཡོངས་ལ་སྟོན་ཅིང་དེའང་གཙུག་སྐྱེས་རྭ་ལ་བྱས་པ་ནི།  རིག་པ་བོན་སྐུར་ཆུབ་པའི་བརྡ།  དར་སྣ་ལྔའི་འཕན་དར་གྱིས་བརྒྱན་པ་ནི།  ཉོན་མོངས་དུག་ལྔའི་བདུད་ལས་རྒྱལ་བ། དཀྲོལ་ཚུལ་ཡང་སིལ་སྙན་གཅིག་པུར་དཀྲོལ་དུས་སྒྲུབ་གཤེན་གྱི་ཕྱག་གཡས་ཀྱིས་བསྣམས་ནས་དཀྲོལ་དགོས་ཤིང༌།  འུར་ཆེན་རྔ་དང་ལྷན་དུ་དཀྲོལ་དུས་ཕྱག་གཡོན་པས་བསྣམས་ནས་དཀྲོལ།  «གཤང་རབས»ལས།  “གཤང་ངམ་ཁྲི་ལོ་སིལ་སྙན་ནི།  །ཆེ་བ་གསེར་ཉིའི་ནུ་འབུར་ལས།  །བྱུང་བའི་གླང་རེ་གཤང་ཆེན་དང༌།  །འབྲིང་བ་སངས་པོའི་ནུ་འབུར་ལས།  །བྱུང་བའི་ཁྲི་ལོ་གནམ་གྲགས་དང༌།  །ཆུ་ལྕམ་རྒྱལ་མོའི་ནུ་འབུར་ལས།  །བྱུང་བའི་ཁོལ་མོ་སིལ་སྙན་གྲགས།  །”ཞེས་དང༌།  དང་པོ་ཡར་ལ་བཀྱགས་ཙམ་ན།  །མེ་ཏོག་པདྨ་རྒྱས་པ་འདྲ།  །སྒྲུབ་གཤེན་ཕྱག་ཏུ་བསྣམས་ཙམ་ན།  །མཁའ་ལ་ཉི་ཟླ་ཤར་བ་འདྲ།  །ཞེས་གསུངས་སོ།  །

སིལ་སྙན་དཀྲོལ་བའི་ཕན་ཡོན་ཀྱང་སྟོང་ཉིད་ཀྱི་རང་སྒྲ་ཡིན་པས་བླ་མ་ཡི་དམ་མཁའ་འགྲོ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་མཉེས་ནས་སྒྲུབ་པའི་གཤེན་གྱི་ཆགས་ཉམས་སྐོང་བ་དང༌།  ཞལ་ནང་ངམ་ཚུར་ལ་དཀྲོལ་ན་མཆོད་ཡོན་འཁོར་བཅས་སྲུང་བ་དང༌། ཕར་ལ་དཀྲོལ་ན་རྐྱེན་ངན་ཟློག་པ་དང༌། སེམས་ཅན་གྱི་ཉོན་མོངས་ཀྱི་ཟུག་རྔུ་སེལ་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་དགོས་པ་བསམ་དུ་མེད་པ་ཡོད་པར་གསུངས་ཤིང༌། གཞན་སྡེའི«འཇམ་དཔལ་རྩ་རྒྱུད»ལས་ཀྱང༌།  “གཤང་གི་རང་སྒྲ་ཟབ་མོ་སྟོང་པ་ཉིད།  །ཤེས་རབ་སིལ་སྙན་ཡང་དག་སྦྱོར་བའི་སྒྲ།  །”ཞེས་དང༌། «རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག»ལས།  “དེང་སང་རྒྱ་ཧོར་འཇང་སོགས་ནས་བྱུང་བའི་སྤུས་དག་པའི་གྲས་རོལ་མོ་གཞན་དང་མི་འདྲ་ཞིང༌། འཇམ་ལ་བྱིན་རླབས་དང་ལྡན་པས་དཀྲོལ་ན་རྒྱལ་བ་སྲས་དགྱེས་པ་སྐོང་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་པ་དང༌། སེམས་ཅན་ཀྱི་ཉོན་མོངས་ཀྱི་ཟུག་རྔུ་ཞི་བར་ནུས་ཤིང་དཀྲོལ་ཐབས་ལའང་པད་སྐོར་མ་དང་མེ་ཏོག་སིལ་མ་སོགས་གྲྭ་ས་ཁུངས་མ་རྣམས་ཀྱི་ཕྱག་སྲོལ་ལྟར་བྱེད་པ་ལ་ནི་གནད་དམ་པའོ།  །”ཞེས་གསུངས་པ་སོགས་ཀྱིས་ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་འདི་ལ་དགེ་མཚན་ཆེན་པོ་ཞིག་ཡོད་པ་རགས་རིམ་ཙམ་རྟོགས་ཐུབ་པའི་སྨོན་འདུན་དང་བཅས་ཕུལ་བ་དགེ།

རྩོམ་འདིའི་རྩ་གཉིས་ཨང་།

ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།” སྟེང་དུ་དཔྱད་མཆན 1 ཡོད།

  1. «གཤང་རབས»ཤེས་པ་དེ་དང་«རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག»ཅེས་པའི་ཕྱག་དཔེ་དེ་གཉིས་གང་དང་གང་རེད་དམ་ལགས་ ད་ལྟ་ས་ཕྱོགས་གང་ནས་རད་གི་རེད་ལག།་

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།