རྩེ་དྲུག“དམྱལ་འཆམ་ངན་འགྲོའི་སྒོ་གཅོད”དམ་ཞི་ཁྲོའི་ཁྲིད་ཆེན་གྱི་གར་འཆམ།

རྩེ་དྲུག་“དམྱལ་འཆམ་ངན་འགྲོའི་སྒོ་གཅོད་དམ་”ཞི་ཁྲོའི་ཁྲིད་ཆེན་གྱི་གར་འཆམ་ནི།

ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གླིང་གི་ལོ་འཁོར་བཅུ་གཉིས་རེར་ཐེངས་རེ་འཚོགས་པའི་སྲོལ་རྒྱུན་གྱི་དུས་ཆེན་གལ་ཆེན་ཞིག་ཡིན་ལ། འདི་ནི་ལོ་རྒྱུས་ཀྱི་ཕུགས་ཐག་རིང་ཞིང་གནས་ལུགས་ཀྱི་གཏན་ཚིགས་ཟབ་པའི་ཞང་བོད་ཤེས་རིག་གི་ཉིང་བཅུད་དེ།  ཞི་ཁྲོ་དམ་པ་རིགས་བརྒྱའི་གཞུང་ལུགས་ལ་ཕུགས་བཅོལ་ཞིང་། ལས་འབྲས་ཀྱི་རྣམ་བཞག་འབུར་དུ་དོད་པར་བསྟན་པའི་ཆོས་ལུགས་ཀྱི་གར་འཆམ་ཆེ་ཤོས་ཤིག་ཡིན།  དེ་ཡང་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་སྤྲུལ་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ཕྱག་ན་ཁྲམ་ཤིང་དང་མེ་ལོང་བསྣམས་ཏེ་དགེ་སྡིག་ལས་ཀྱི་ཤན་འབྱེད་དམ་ལས་དཔོན་བྱེད་པ་དང་། ཁྲོ་གསས་མཁའ་འགྱིང་གི་སྤྲུལ་པ་ལས་མཁན་སེང་གེའི་མགོ་ཅན་གྱིས་གསལ་བའི་མེ་ལོང་ལ་ལྟ་བ། གཏུམ་གསས་མཁའ་འགྱིང་སྤྲུལ་པ་ཨ་བ་གླང་མགོས་རྩིས་ཀྱི་ཡིག་གེ་ལ་གཟིགས་པ། དབལ་གསས་མཁའ་འགྱིང་སྤྲུལ་པ་ལས་མཁན་དར་མ་སྤྲེལ་མགོས་དགེ་སྡིག་ཡང་ལྕི་རྒྱ་མར་འདེགས་པ། རྔམ་གསས་མཁའ་འགྱིང་སྤྲུལ་པ་ལས་མཁན་རག་ཤ་ཕག་མགོས་དགེ་སྡིག་མང་ཉུང་སྡེའུ་བགྲང་བ་སོགས་གཙོ་བོ་གཙོ་མཆོག་མཁའ་འགྱིང་དང་འཁོར་གསས་ཆེན་རིགས་བཞིའི་སྤྲུལ་པ་སྟེ། ཆོས་རྒྱལ་སྡེ་ལྔ་དང་། བཟང་ངན་ལས་ཀྱི་རྗེས་སུ་འབྲེང་བའི་བུ་ཆུང་དཀར་ནག་གཉིས་ཏེ། དཀར་པོས་ལུས་ལ་གོས་དཀར་དང་ལག་ཏུ་ཕྲེང་བ་དང་ལག་སྐོར་བསྣམས་ནས་དགེ་བའི་ཁ་འཛིན་བྱེད་པ། ནག་པོས་ལུས་ལ་གོས་ནག་དང་ལག་ཏུ་སོལ་རྗེ་ནག་པོ་འཆང་ཞིང་སྡིག་པའི་ཁ་འཛིན་བྱེད་པ།དབལ་མོའི་མ་ཚོགས་ཀྱི་སྤྲུལ་པ་འཇིགས་ཤིང་རྔམ་པའི་མགོ་བརྙན་ཅན་ལས་མཁན་ཉེར་བརྒྱད་ཀྱིས་ཕྱགས་ན་མཚོན་ཆ་སྣ་ཚོགས་ཐོགས་ཏེ་སོད་ཅིག་རྒྱོབ་ཅིག་པའི་སྒྲ་དང་བཅས་ཚེ་འདས་རྣམས་རང་དབང་མེད་པར་ཆོས་ཀྱི་རྒྱལ་པོའི་མདུན་དུ་འཁྲིད་པ་སྟེ།

བླ་མ། གྲྭ་པ། དཔོན་པོ། སྐྱེས་པ། བུད་མེད་བཅས་བཟང་ངན་གཉིས་རེ་བཅས་ཁྱོན་ཚེ་འདས་མི་སྣ་བཅུ་ཡིས། འཇིག་རྟེན་ཐོག་མི་ཡི་རིགས་ཀྱི་བསམ་སྤྱོད་ལེགས་ཉེས་དང་།  བཟང་ངན་གཉིས་ཀྱི་ཚབ་བྱས་ཏེ་ལས་དགེ་སྡིག་དཀར་ནག་གི་ཤན་འབྱེད་བྱ་ཚུལ་བསྟན་པ་སྟེ།  བཟང་པོ་དག་ལ་བསྔགས་བརྗོད་དང་འབྲེལ་ལས་ཀྱི་བུ་ཆུང་དཀར་པོ་དང་།  ལྷ་དང་ལྷ་མོས་བསུ་བ་དང་བཅས་དག་ཞིང་དུ་འདྲེན་པའི་ཚུལ་བྱེད་པ་དང་།  ངན་པ་དག་ལ་སྐྱོན་བརྗོད་དང་བཅས་ལས་ཀྱི་བུ་ཆུང་ནག་པོ་དང་།  མགོ་བརྙན་སྣ་ཚོགས་པའི་ལས་མཁན་རྣམས་ཀྱིས་དམྱལ་ཁམས་སུ་དེད་པའི་ཚུལ་བྱེད་ཅིང་། སྐྱེ་བོ་འབུམ་ཕྲག་དུ་མས་མགྲིན་གཅིག་དབྱངས་གཅིག་གིས་རིགས་དྲུག་འདྲེན་པའི་འདུལ་བ་གཤེན་དྲུག་གི་སྙིང་པོ་སྟེ༼ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།༽དབྱངས་རྟ་ལ་དྲངས་ཏེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་འདེབས་བཞིན་ཡོད་ལ། ད་གཟོད་བླ་སྤྲུལ་བཤེས་གཉེན་རྣམ་པས་བྱང་ཆོག་གི་གཞུང་བསྲང་ཞིང་།

ལས་ཀྱིས་དམྱལ་བར་ལྟུང་བའི་ཚེ་འདས་ལྔ་པོ་དུས་ཚིགས་བདུན་གྱི་ལམ་ནས་གཡུང་དྲུང་ཐེག་པའི་ས་བཅུ་རིམ་པར་བཀོད་དེ་མཐར་སྐུ་གསུམ་སངས་རྒྱས་ཀྱི་ས་ལ་འཁོད་པའི་རྟེན་འབྲེལ་དུ་པར་ཆོག་སོགས་ཞི་ཁྲོའི་གཞུང་ལྟར་གསུང་སྟེ། དེ་ལྟར་ལས་བཟང་ངན་ལ་བརྟེན་ནས་འབྲས་བུ་བཟང་ངན་ཇི་ལྟར་འབྱུང་ཚུལ་སྐོར་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་དང་སྦྲག་སྟེ་མི་རྣམས་ལ་ཞིབ་ཅིང་ཕྲ་བར་གསལ་སྟོན་བྱེད་པ་དེས། ལས་ཀྱི་རྣམ་བཞག་ལ་བློ་མིག་ལྡོང་ཞིང་།བསམ་སྤྱོད་ངན་པ་ལ་ཇི་མི་སྙམ་པའི་སྙིགས་དུས་ཀྱི་སྐྱེ་བོ་སྐྱ་སེར་རིས་སུ་མ་ཆད་པ་ལ་ནད་ཐོག་ཏུ་སྨན་དང་། བརྣག་ཐོག་ཏུ་འབུག་ཞེས་པ་ལྟར་ལས་འབྲས་ལ་སྔར་ལས་ལྷག་པའི་ཡིད་ཆེས་དང་ངེས་པ་རྙེད་ཅིང་། མ་རབས་ཐ་ཤལ་གྱི་བྱ་སྤྱོད་རིང་དུ་དོར་ཏེ་རྣམ་དཀར་ལེགས་པའི་ལས་སྤྱོད་ལ་རབ་ཏུ་ཕྱོགས་པ་དང་། མི་རིགས་ཀྱི་འཆམ་མཐུན་དང་། མི་དང་ཁོར་ཡུག་བར་གྱི་གཅེས་སྐྱོང་།མི་རིགས་ཀྱི་སྤྱོད་བཟང་གོང་འཕེལ་བཅས་ཀྱི་ཐད་ཕན་འབྲས་ཟབ་མོ་ཐོན་བཞིན་ཡོད་ཅིང་།

མདོར་ན་གར་འཆམ་འདི་ནི་བར་དོའི་རང་སྣང་གསལ་བའི་ངོ་སྤྲོད་དང་།  གནས་ལུགས་རང་ཞལ་འཇལ་བའི་མེ་ལོང་། ཕྱི་མའི་ལམ་བཟང་སྟོན་པའི་སྒྲོན་མེ། ཐར་པའི་གནས་སུ་བགྲོད་པའི་ཐེམ་སྐས། དགེ་སྡིག་སྤང་བླང་གསལ་བའི་ཉི་གཞོན། བློ་སྣ་དགེ་ལ་འདྲེན་པའི་ལྕགས་ཀྱུ། ལས་འབྲས་རྣམ་བཞག་སྟོན་པའི་སྣང་བརྙན་དངོས་སམ། དཀར་ནག་ལས་ཀྱིས་འཕེན་པའི་བདེ་སྡུག་གི་འབྲས་བུ་དངོས་སུ་བསྟན་པའི་ཐུན་མིན་གྱི་གར་འཆམ་ཆེན་མོ་ཞིག་ཡིན་པས་གཞུང་བརྒྱ་གནད་གཅིག་དང་།ནད་བརྒྱ་སྨན་གཅིག་གི་དཔེ་ལྟར་ལུགས་གཉིས་གང་ལ་ཡང་སློབ་གསོའི་ནུས་པ་གནད་ལ་འཁེལ་ཞིང་གནས་ལུགས་ཀྱི་ཟབ་ཚད་རྗེན་ཅེར་དུ་སྟོན་པའི་ཕན་བདེའི་ལམ་སྟོན་བཟང་པོ་ཞིག་ཏུ་གྲུབ་པ་མ་ཟད། མཐོང་ན་མཐོང་གྲོལ་དང་།དྲན་ན་དྲན་གྲོལ།ཐོས་ན་ཐོས་གྲོལ་ཞེས་གྲོལ་བ་སུམ་ལྡན་གྱི་ཁྱད་ཆོས་མངའ་བའི་གར་འཆམ་ཆེན་མོ་ཞིག་ཡིན།  སྙིགས་དུས་བསྟན་པའི་སྒྲོན་མེ་མཆོག་སྤྲུལ་བློ་ལྡན་སྙིང་པོའི་ཟུར་བྱང་ལས། གྱིམ་ཤོད་ཤེལ་ལེ་རྒྱ་སྐར་དུ། ཞི་ཁྲོ་སྒྲུབ་ན་འདིར་སངས་རྒྱས།ཞེས་དང་། ཉག་གཏེར་གསང་སྔགས་གླིང་པ་མཆོག་གིས་ཀྱང་། འདི་ཉིད་ལན་གསུམ་མཇལ་ན་ངན་སོང་སྐྱེ་སྒོ་ཁེགས།

ཞེས་ཞལ་གྱིས་བཞེས་པས་ན། རྣམ་གྲོལ་དོན་དུ་གཉེར་བའི་མཆོག་དམན་བར་གསུམ་གྱི་སྐྱེ་བོ་སུ་ཞིག་ཡིན་རུང་འདི་ལྟའི་བསོད་ནམས་ཀྱི་བགོ་སྐལ་བཟང་པོ་ལ་ཅིས་ཀྱང་འཇུག་པར་རིགས་སོ། ། 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།