སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

1841477889

     མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནི། ༼པར༽ཡུལ་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད་ཕྱོགས་མག་སར་ཞེས་པར། རབ་བྱུང་བཅུ་དྲུག་པའི་མེ་བྱི་སྤྱི་ལོ༡༩༣༦ལོའི་ཟླ ༡ པོའི་ཚེས༡༤ཉིན་དལ་རྟེན་རྙེད། རང་ལོ་ལྔར་སོན་ནས་ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱི་སྤྲུལ་སྐུར་ངོས་འཛིན་བྱས། བོན་བརྒྱ་གྲུབ་པའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་མཆོག་དང་སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མདོ་སྔགས་རྫོགས་གསུམ་ལ་སྦྱངས་པ་མཐར་ཕྱིན་མཛད། ༡༩༨༠ལོར་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་སླར་གསོ་བྱས་པར་འབྲེལ་འདུལ་བ་འཛིན་པའི་སྡེ་གསར་དུ་བཙུགས་པ་མ་ཟད། བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྲོལ་བཟང་གི་སྒོ་འཕར་ཡངས་པོར་ཕྱེས། སྔ་ཕྱིར་འཛམ་གླིང་བོད་རིག་པའི་ཞིབ་འཇུག་སྟེང་གདན་ཞུས་ལྟར་ཧོ་ལན་དང་དབྱིན་ཇུ། འཇར་མན་སོགས་སུ་ཕེབས་ནས་གངས་ཅན་པའི་རིག་གཞུང་ལ་བགྲོ་གླེང་མཛད་པས་མཁས་པའི་སྙན་པ་ཕྱོགས་སུ་ཁྱབ། གསུང་རྩོམ་སྐོར་ལ་བསྟན་རྩིས་དང་བསྟན་འབྱུང་། ལམ་རིམ་དང་ཉམས་མགུར། ཡིག་གཟུགས་དང་ལྷ་རིས། འདོན་ཆོག་སོགས་བགྲང་གིས་མི་ལང་པ་ཞིག་ཡོད། ད་ལྟ་ཁོང་རིན་པོ་ཆེས་རེབ་གོང་བོན་བརྒྱ་དགོན་པའི་དགོན་བདག བོན་བརྒྱའི་སྤྱི་བ་གསུམ་གྱི་སྤྱི་བླ། རེབ་གོང་བོན་མང་ཕུར་ཐོག་སྟོང་གི་བདག་པོ། མཚོ་སྔོན་བོན་བསྟན་འཛིན་པའི་སྐྱབས་རྗེ། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། རྨ་ལྷ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་ཁུར་བཞིན་ཡོད་པ་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།