སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གི་ལོ་རྒྱུས་གནད་བསྡུས།

རྩོམ་པ་པོ། འཕན་འོ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

  ༄༅། །རྒྱལ་ཀུན་འདུས་པའི་ངོ་བོ་སྙིགས་དུས་འགྲོ་བའི་དེད་དཔོན། གཤེན་རྒྱལ་བསྟན་པའི་བདག་ཉིད་ཆེན་མོ། ངེས་དོན་མཁས་གྲུབ་ཉིས་ལྡན་གྱི་སྐྱེས་བུ་དམ་པ་ཀུ་ས་ལི་གཉུག་མར་གནས་པ་ཆེན་མོ་མུ་ལ་ཝེར་ཞིའམ་མཚན་ཡོངས་གྲགས་སུ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ཞུ་བའི་དམ་པ་ཁོང་ནི། བོད་རབ་བྱུང་བཅུ་གསུམ་པའི་ནང་ཚན་ལྕགས་སྟག་སྟེ(སྤྱི་ལོ1770)ལོའི་དགུན་ཟླ་འབྲིང་བོའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉི་ཤར་འབྲུག་གི་བསྐལ་བ་བཟང་པོར་མདོ་ཁམས་ས་ཡི་ཐིག་ལེ་གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་ཉེ་འདབས། འཕན་ཆབ་སྔོན་ལྷུང་ལྷུང་བཞུར་བའི་རྒྱུན་ངོགས། ཤར་སྟག་ཁམས་སྙ་ནང་ཞེས་པའི་ཚོ་ཆུང་དེར་ཡབ་རུས་དང་དཔལ་ཡོན་འཛོམས་བའི་ཚེ་དབང་དོན་འགྲུབ་དང་ཡུམ་བྱམས་དང་ལྷག་བསམ་ཆེ་བའི་རྐོ་ཙེ་བཟའ་ཀུན་བཟང་འཚོ་གཉིས་ཀྱི་སྲས་སུ་ལྕམ་དྲལ་ལྔ་མཆིས་པའི་ཐ་ཆུང་དུ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་གཟུགས་ཀྱི་པདྨོ་མངོན་པར་བཞད། ཟླ་བ་བདུན་ཙམ་ནས་ཡུམ་ཆེན་ཚེ་ལས་འདས། སྐུ་ན་ཕྲ་བའི་དུས་ནས་སྐྱང་འཕགས་ཁྲི་གཙུག་རྒྱལ་བ་ཞེས་པའི་སྐྱེས་བུ་དམ་པ་གང་དེས་སྐུ་ཁྲུས་དང་སྐྱབས་འཇུག་གནང་སྟེ་མཚན་ལ་ཨོ་རྒྱན་སྐྱབས་ཞེས་གསོལ། སྐབས་དེར་ངོ་མཚར་ཆེ་བའི་རྟགས་མཚན་དང་ལྷན་སྐྱེས་སྒོ་གསུམ་གྱི་མཛད་སྤྱོད་ཕུལ་དུ་བྱུང་བས་སྒུར་སྐྱང་བསྟན་པ་འབྲུག་གྲགས་སོགས་དམ་པ་འགས་མ་བགྲོས་ཐུགས་མཐུན་གྱིས་བྱ་བྲལ་བ་ནམ་མཁའ་བསྟན་འཛིན་མཆོག་གི་སྐུ་སྐྱེས་སུ་དངོས་འཛིན་གནང་།

    དགུང་ལོ་ལྔ་རུ་སྐྱང་ཚང་དབོན་པོ་གཡུང་དྲུང་གཙུག་རྒྱན་སོགས་གྲྭ་འཁོར་འགས་བབ་བཟོ་སྟོད་པར་གདན་འདྲེན་གནང་སྟེ་མཆོག་སྤྲུལ་ཚེ་དབང་བསྟན་འཛིན་དང་མཁའ་ཡགས་ལྷུན་གྲུབ་འོད་ཟེར་དག་གི་བདུན་ནས་དགེ་བསྙེན་གཏན་ཁྲིམས་རྣམ་ལྔའི་སྡོམ་པ་མནོས་ཏེ་མཚན་ལ་བསོད་ནམས་བསྟན་འཛིན་ཞེས་སུ་གསོལ། དེར་ཁོང་རྣམ་གཉིས་གཙོས་ཡོངས་འཛིན་དང་སློབ་དཔོན་དུ་མ་ལོག་མཐོང་ལྔ་ཡི་དྲི་མས་མ་གོས་པར་མཉེས་ཚུལ་གསུམ་གྱིས་ཉེ་བར་བསྟེན་ནས། ཡི་གེའི་གཞི་མ་འབྲི་ཀློག་གྱེར་གསུམ་ནས་ཐུན་མོང་ཐུན་མིན་ཕྱི་ནང་གཙུག་ལག་རིག་པའི་གཞུང་ཀུན་ལ་སྦྱོང་བརྩོན་ལྷོད་མེད་བསྐྱངས་ནས།མཐར་མདའ་ཆེན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་གི་མི་འགྱུར་གདོང་ལྔའི་གསེར་ཁྲིར་མངའ་གསོལ་མཛད།

     དགུང་ལོ་བཅུ་དྲུག་ཤིང་མོ་སྦྲུལ་ལོར(སྤྱི་ལོ1796)དབུས་གཙང་ཕྱོགས་སུ་ཆིབས་བསྒྱུར་གནང་སྐབས་ཡར་ལམ་ཁྱུང་པོའི་རྩེ་དྲུག་རི་བོ་སོགས་སུ་སངས་རྒྱས་གླིང་པའི་སྤྲུལ་སྐུ་སོགས་དཀར་ནག་སེར་གསུམ་གྱི་བླ་མ་དང་རྟེན་འགངས་ཆེན་རྣམས་ལ་མཇལ་བསྐོར་གནང་སྟེ། སངས་རྒྱས་ཐུགས་སྤྲུལ་ཀོང་པོའི་བོན་རི་ཆེན་པོར་ཕྱགས་ཕེབས་མཛད། སྟག་རྩེའི་རི་ཁྲོད་དུ་རྣམ་འདྲེན་རྒྱལ་བ་གཙུག་ཕུད་དང་ཡང་སྤྲུལ་ཚེ་དབང་མཆོག་ལེགས་གཉིས་ནས་གཙང་མ་གཙུག་ཕུད་ཀྱི་ཚུལ་ཁྲིམས་བླངས་ཏེ་མཚན་ལ་གཡུང་དྲུང་གཙུག་ཕུད་གསོལ། དེ་དུས་ལུང་གིས་བསྔགས་པའི་སྐྱེས་ཆེན་ཁྱུང་སྤྲུལ་ཚང(གཡུང་དྲུང་ཕུན་ཚོགས)སྲིད་རྒྱལ་དགོན་ཆེན་དུ་བཞུགས་སྣང་མཛད་པས། དེར་སྐྱེས་བུ་གསུམ་གྱི་ལམ་རིིམ་དང་གསང་སྔགས་བླ་མེད་རྒྱུད་སྡེ། མ་རྒྱུད་སངས་རྒྱས་རྒྱུད་དྲུག རྫོགས་ཆེན་བཀའ་རྒྱུད་སྐོར་བཞི། བསྒྲགས་པ་སྐོར་གསུམ། སེམས་སྨད་སྡེ་དགུ་སོགས་ཕྱི་ནང་གསང་བའི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོས་ཚུལ་དུ་ཞུས། ཁྱུང་སྤྲུལ་གཙོས་མཛད་ནས་སྐྱེས་སྤྲུལ་གྲངས་ཚང་བའི་མདུན་ནས་ཁྲིམས་ཆེན་བསྙེན་རྫོགས་ཀྱི་དངོས་པོ་ཡོངས་སུ་བཞེས་ཏེ་མཚན་ལའམ་སྲིད་འདིར་གྲགས་དཀར་གྱི་བ་དན་ཕྱོགས་སུ་གཡོ་བའི་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ཞེས་པ་དེ་ཉིད་མངའ་གསོལ་མཛད། དེ་ནས་དབུས་ལྷ་ལྡན་ཕྱོགས་ཀྱི་དགོན་སྡེ་དང་བཀའ་རྟགས་བྱིན་ཅན་རྣམས་ལ་མཇལ་སྐོར་ལེགས་པར་གནང་། ལྷག་པར་ཞྭ་དཀར་བསྟན་པའི་འདུ་གནས་གཤེན་དར་སྡིངས་དང་གཙང་གི་གྲྭ་ས་ཡ་བཞི་སོགས་ལ་ཕྱགས་ཕེབས་ལེགས་པར་མཛད་ནས་མཁན་སློབ་དང་བླ་སྤྲུལ་གོང་མ་རྣམས་ཀྱི་མདུན་ནས་འབྲེལ་ཐོབ་ཀྱི་དབང་ལུང་མན་ངག་གང་མང་རེ་དང་། མར་ཧོར་ལ་ཕེབས་ཏེ་ཧོར་བོན་བྱ་རིག་ཚེ་བརྟན་སོགས་ལས་གསང་སྔགས་སེམས་ཕྱོགས་ཀྱི་ལག་ལེན་དཀྱིལ་འཁོར་དང་སྨན་སྦྱོར་ཡན་ལག་སོགས་སྐོམ་པ་ཆུར་གདུང་གིས་ཚུལ་དུ་ཞུ་བའི་སྐལ་བ་ལྡན།

   དགུང་ལོ་ཉེར་གསུམ་ནས་དཔོན་གསས་བླ་མ་གང་གིས་ཞལ་བཀོད་ལྟར་ལོ་བཟང་གཡུ་ཤུག་རྒྱས་པའི་དགའ་ཚལ་མདའ་ཆེན་དཀར་མོ་དབེན་ཁྲོད་དུ་འགྲོ་འོང་གི་བཅད་མཚམས་དམ་དུ་བསྡམས་ནས་ལོ་ཡི་ཁྱུད་མོ་དུ་མའི་རིང་ཐོས་དོན་རྒྱུད་ལ་སྦྱར་ཏེ་རྩེ་གསུམ་གཅིག་ཏུ་དྲིལ། ཕྱི་མཚན་བཅས་ཀྱི་དགེ་སྦྱོར་ཡར་མཆོད་མར་སྦྱིན། སཱཙྪ་ཆབ་གཏོར། ཚེ་ཐར་སྲོག་བླུ། དར་ཅོག་འཁོར་ལོ། དཔེ་ཆ་རྟེན་བཞེངས། འབྲི་ཀློག་རྩོམ་པ། ཕྱག་རྒྱ་འཁྲུལ་འཁོར། བསྙེན་པ་བཟླས་བརྗོད། ནང་མཚན་མེད་ཀྱི་སྒོམ་སྒྲུབ་ཉམས་ལེན། མཉམ་བཞག་ཏིང་འཛིན། ཞི་གནས་ལྷག་མཐོང་སོགས་སྦྱངས་བ་མཐིལ་ཕྱིན་པར་མཛད་ནས་ཕྱི་ཐོས་པ་ཚིག་གི་སྒྲོ་མདོགས། བར་བསམ་པ་དོན་གྱི་བརྡར་ཤ ནང་སྒོམ་པ་ཉམས་ཀྱི་ཕུ་ཐག་རིམ་གྱིས་བཅད་དེ་སྡེ་སྣོད་གཞུང་བརྒྱ་སྨྲ་ལ་མི་འཇིགས་མངའ་བའི་སྤོབས་པ་ཡོངས་སུ་བརྙེས།

   དགུང་ལོ་སུམ་ཅུའི་ནང་ཞིག་ལ་དགོན་པའི་གནས་གཞི་སྟེང་བྱ་ཁྱུང་དགོན་ནས་མདའ་ཆེན་གཞོངས་སུ ་གསར་སྤོར་མཛད་པ་དང་ཞོར་དུ་རྒྱ་ནག་ནང་བསྟན་གནས་ཆེན་འགའ་ལ་མཇལ་སྐོར་དུ་ཕེབས། སྐབས་དེར་རྒྱ་ནག་གི་གོང་མ་ཞིག་དང་མཇལ་འཕྲད་མཛད་ནས། ཁོང་གི་ཁྱད་དུ་འཕགས་པའི་ཡོན་ཏན་དང་རྨད་དུ་བྱུང་བའི་གཞན་ཕན་གྱི་ལྷག་བསམ་དག་ལ་གོང་མ་ཐུགས་རབ་ཏུ་དགྱེས་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་བསྟན་འགྲོའི་དོན་དུ་རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་པའི་རྒྱུན་སྐྱོང་ཆོག་པའི་བཀའ་ཤོག་དང་གསེར་ཐམ་སོགས་གནང་ཡོད་སྐད། ཕྱིས་སུ་ཕྱི་ནང་གི་རྐྱེན་གང་རུང་ཞིག་གིས་འཇིག་སོང་ཞེས་རྒན་རབས་པའི་ངག་ནས་གོ་ཐོས་ཡང་ཡང་བྱུང་།

     དུས་དེར་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་གཙོས་ཕྱོགས་བཅུའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གདན་འདྲེན་གྱི་དགའ་སྟོན་ཟབ་རྒྱས་སྦྲན་པ་ལྟར་ཞབས་ཀྱིས་བཅགས་ཏེ། གདུལ་བྱའི་བློ་ཚོད་དང་བསྟུན་ནས་མན་ངག་གང་ལ་མཁྱུད་སྤྱད་མེད་པར་བོན་སྦྱིན་གྱི་བདུད་རྩིའི་བྱིན་ཆར་དེ་ལ་དེར་བསྟུན་དང་གང་ལ་གང་དགོས་སུ་གནང་། མི་རིང་བར་ཕྱིར་གདན་སར་ཕྱགས་ཕེབས་གནང་སྟེ་དེར་གྲྭ་ས་གོང་མའི་ཕྱག་སྲོལ་དང་ཡི་དམ་མཁའ་འགྲོའི་ལུང་བཞིན་ཕྱི་དགོན་པའི་འགྲིག་ཁྲིམས་དང་རྟེན་བཞེང་། ནང་འདུལ་བའི་བཅས་ཁྲིམས་དང་ཕྱག་ལས། གསང་སྒྲུབ་པའི་ཉམས་ལེན་དང་དམ་ཚིག་སོགས་ལེགས་བཅོས་དང་གད་དར་ལེགས་པར་མཛད་མུར། བོད་ཡུལ་སྟོད་སྨད་ཀུན་ལ་གྲགས་པ་འབྲུག་ལྟར་ལྡིར་བའི་སྐྱང་ལུགས་ཞེས་ཐུན་མོང་མ་ཡིན་པའི་གྱེར་འདོན་རྟ། བཅའ་ཕྱག་ལས། འབུད་རྡུང་དཀྲོལ། ཐབས་འཕྲིན་ལས་སོགས་རང་རྐྱ་ཐུབ་པ་ཁྱད་འཕགས་ཀྱི་སྲོལ་བཟང་ཞིག་སྔར་མེད་གསར་གཏོད་གནང་།

   དེ་ནས་ཕལ་ཆེར་སྐུ་ཚེའི་སྨད་དུ་དགོན་སྡེའི་ཁོར་ཡུག ལོ་ཕྱིར་མངའ་རིས། མོ་རྩིས་པྲ་བརྟག གལ་མེད་སློབ་སྟོན། མི་ཉན་ཞལ་རྟ་སོགས་རྣམ་གཡེང་གི་འདུ་ཚོགས་ཐམས་ཅད་རྦད་ཀྱིས་བཅད་དེ་མཇལ་འཕྲད་ཀྱི་གཏུག་འགྲུལ་ཙམ་ཡང་གཏན་སྤངས་མཛད་ནས། ཤར་རྒྱལ་མོ་དམུ་རྡོ་དང་རོང་འཕན་ཆུའི་སྣང་རྩེ། ཟུང་ཆུའི་བྱ་དུར། ཐེ་ཆུའི་བྲག་དཀར་བྱ་རྒོད་སོགས་ལ་གཅིག་བུར་བྱ་བྲལ་གྱི་རྟུལ་ཞུགས་འཆང་ཞིང་ངེས་མེད་ཀྱི་རི་ཁྲོད་འགྲིམས། སྐུ་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་དང་བཅས་འདུ་བྱེད་བརྒྱད་ལྡན་གྱི་ཏིང་ངེས་འཛིན་ངང་། ཞི་གནས་ཇི་ལྟ་བ་དང་ལྷག་མཐོང་ཇི་སྙེད་པས་བསྡུས་པའི་དམིགས་བཅས་དང་དམིགས་མེད་ཀྱི་ལྟ་བ། དཔྱད་སྒོམ་དང་འཇོག་སྒོམ་གྱི་སྒོམ་པ་རྣམས་རེས་མོས་བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་ལེན་ལོ་ནས་ལོར་ཆུ་བོའི་རྒྱུན་བཞིན་བསྐྱངས། ཇི་སྐད་དུ། ལྟ་བ་ཡས་ཕུབས། སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ་ལོངས། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྒྲུབས་ཤིག་ཅེས་གསུངས་པའི་བོན་འཁོར་ཚིག་བཞིའི་མན་ངག་དེ་ཉིད་དམ་པ་གང་གིས་དུས་དང་རྣམ་པ་ཀུན་ཏུ་ལུས་དང་གྲིབ་མ་བཞིན་མཛད་པའི་འཕྲིན་ལས་ཀྱི་གཞིར་གྱུར་རོ།།

      དེ་ལྟར་སྐུ་ཚེ་ཧྲིལ་བོར་མཚན་ལྡན་དགེ་བའི་བཤེས་གཉེན་དམ་པ་ཉེར་གསུམ་ཙམ་ལྷག་བསྟེན་ནས་གཞན་དོན་དུ་བསླབ་པ་སློབ་གཉེར་དང་འཆད་རྩོད་རྩོམ་གསུམ། རང་དོན་དུ་དཀའ་སྤྱོད་བསྙེན་སྒྲུབ་དང་ཐོས་བསམ་སྒོམ་པ་སོགས་མཛད་ཅིང་རྒྱལ་བསྟན་འཛིན་སྐྱོང་དང་མཁའ་ཁྱབ་འགྲོ་ལ་བརྩེ་བ་ཆེན་པོའི་རླབས་ཆེན་འཁོར་ལོ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་མུར། མཐར་དགུང་ལོ་རེ་གསུམ་སྟེ་རབ་བྱུང་བཅུ་བཞི་བའི་ཆུ་སྦྲུལ་ལོར་(1833)དབྱར་ཟླ་འབྲིང་བོའི་དམར་ཕྱོགས་ཚེས་ཉེར་གཉིས་ཉིན་གཟུགས་སྐུའི་བཀོད་པ་འོད་གསལ་ཞི་བའི་དབྱིངས་སུ་བསྡུས་བའི་ཚུལ་མཛད།

     དམ་པ་ཁོང་གི་གསུང་སྐྱེས་ཀྱི་བུ་སློབ་ཀྱང་ལུང་རྟོགས་ཉིས་ལྡན་གྱི་སྐྱེས་བུ་དམ་པ་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་ཉག་སྒོམ་རིན་ཆེན་ལྷུན་འགྲུབ་སོགས་མདོར་ན་གཞུང་ལུགས་སྨྲ་བའི་རབ་འབྱམས་པ། རིམ་གཉིས་གདེང་ལྡན་གྱི་བསྐྱེད་རྫོགས་པ། འདི་སྣང་བློས་བཏང་གི་བྱ་བྲལ་བ། ལྟ་སྒོམ་ཉམས་ལེན་གྱི་རྟོགས་ལྡན་པ་སོགས་བསྟན་འགྲོའི་དོན་ནུས་ཀྱི་སྐྱེས་བུ་འགའ་ཡང་བྱུང་མྱོང་།  དེ་མིན་མདོ་སྨད་དུ་གྲགས་པའི་སྙན་པ་ཕྱོགས་སུ་འབར་བའི་སྐུ་དམར་དུ་བཞུགས་པའི་རྒྱལ་མཚན་རྣམ་བཞི་ཞེས་ཀིརྟི་བསྟན་པའི་རྒྱལ་མཚན་དང་ཚ་ཁོ་ངག་དབང་རྒྱལ་མཚན། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་ཁྲི་ཆེན་རྒྱལ་མཚན་སེང་གེ་སྟེ་བན་བོན་ཉིས་ཀས་ཐུན་མོང་དུ་འདོད་དོ།།

   ཕྱི་རབས་སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་རྗེས་བཞག་གི་བསྟན་བཅོས་ལ་ཡང་། བྱིན་རླབས་ཀྱི་གནད་ཀུན་འདུས་པ་ཞལ་གདམས་དང་ཉམས་མགུར་གྱི་སྐོར། བརྗོད་བྱ་རྗོད་བྱེད་ཀྱི་ཚིག་དོན་ཕུན་སུམ་ཚོགས་པ་བསྟོད་བསྔགས་དང་རྟོགས་བརྗོད་ཀྱི་སྐོར། ཕྱི་ནང་ཤེས་བྱ་སྤྱིའི་འཇུག་སྒོ་གསལ་བའི་ཐུན་མོང་རིག་གནས་ཀྱི་སྐོར། ཐ་མའི་གདུལ་བྱའི་བློ་ངོར་རན་པའི་མོ་རྩིས་གཏོ་དཔྱད་ཀྱི་སྐོར། སྐྱེས་བུ་གསུམ་གྱི་འཇུག་ངོགས་ཡོངས་སུ་བསྟན་པའི་ཟབ་དོན་མདོ་སྔགས་སེམས་གསུམ་གྱི་སྐོར་སོགས་རྒྱ་ཆེ་ལ་གྲངས་མང་བ་མཚན་ལྡན་གྱི་གླེགས་བམ་པོད་ཚད་བཅུ་ཕྲག་ཙམ་ཞིག་བཞུགས་ཡོད།

      དེ་མིན་ཁོང་གིས་གཏེར་ནས་བཞེངས་པའི་སྟོན་པ་རྣམ་གསུམ་གྱི་སྐུ་བརྙན་དང་ཕྱག་སིལ། སྐུ་དངོས་ནས་ཕྱག་བཟོ་གནང་བའི་རྡོ་སྐུ་དང་རྣམ་བཅུ་དབང་ལྡན། བཀའ་རྟགས་ཀྱི་ཕྱག་རྗེས་ཞབས་རྗེས་སོགས་སྐུ་རྟེན་ཇོ་བོ་གཤེན་ལྷ་དང་ཁོང་གི་སྐུ་དམར་གདུང་།༼སྐུ་དམར་གདུང་དུས་འགྱུར་སྐབས་སུ་འཇིག་སོང་།༽  གསུང་རྟེན་ཞི་ཁྲོ་སྦྲགས་འཁོར། ཐུགས་རྟེན་རྩ་གསུམ་མཆོག་སྒྲུབ་དང་ཉམས་མྱོང་བཅུད་དྲིལ་རྣམས། ཡོན་ཏན་ས་གནད་བཅོས་པའི་གཏའ་གཏེར། ཕྲིན་ལས་དགོན་སྡེའི་ཚོགས་ཀྱི་ཉ་མཆོད་དུས་ཁྲིམས་བསྒྲུབ་པ་སོགས་ཟབ་གདམས་གྱི་གནད་འདུས་ཤིང་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཕྱི་རབས་འགྲོ་བའི་དད་པའི་གསོས་དང་བསོད་ནམས་ཀྱི་ཚོགས་སུ་ད་ལྟའང་དེ་དག་མཇལ་སྐལ་དུ་བཞུགས་བཞིན་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།