ཡག་ཉེ་བོན་པོ་ཀུན་བཟང་ངོ་སྤྲོད།

རྩོམ་པ་པོ། རིག་པའི་ཁུ་བྱུག་གམ་ཁྲི་བསྟན་དར། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ཡག་ཉེ་བོན་པོ་ཀུན་བཟང་།

ཡོངས་གྲགས་སུ་ཡག་ཉེ་བོན་པོ་ཀུན་བཟང་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་ཁྱི་སྤྱི་ལོ་1790ལོར་ མདོ་སྨད་ཁྲི་ཀ་སེར་བརྒྱ་རུ་སྐུ་འཁྲུངས།  མཚན་ལ་ཀུན་བཟང་ལྷ་རྒྱལ་ལམ།ཀུན་བཟང་ཁྲོ་རྒྱལ།ཀུན་བཟང་རང་གྲོལ་རྩལ་སོགས་མཚན་གྱི་རྣམ་གྲངས་དུ་མ་མཆིས། ཆུང་ནས་འདོན་སྤྱོད་ཕྱག་ལེན་མ་ནོར་བར་བསླབ་སྦྱངས་ལེགས་པར་བྱས། རྩོད་མེད་ཀྱི་མ་ཧཱ་པན་གྲུབ་ཆེན་པོ་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་།  རྗེ་གསེར་ཁང་བ་སོགས་བན་བོན་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་མདོ་སྔགས་ལམ་རིམ་ལ་ཐོས་བསམ་གནང་། རྩ་བའི་བླ་མ་རྩེ་ཞིག་ཆོས་རྗེ་མདུན་ནས་དབང་ལུང་མན་ངག་ཞུས་ཏེ་གནས་བྱིན་ཆེན་རྨ་རི་དེལ་གསུམ་དུ་གྲགས་པ་ཁྲི་ཀའི་མེ་ལུང་བྲག་དཀར་དང་འཚར་ལུང་སྒོམ་ཁང་། མཚོ་སྔོན་པོ་མཚོ་སྙིང་སོགས་སུ་ཕེབས་ནས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བའི་རྣམ་ཐར་བདག་གིར་བཞེས་ནས་སྒོམ་སྒྲུབ་རྩེ་གཅིག་མཛད་པས་ཉམས་རྟོགས་ཡོན་ཏན་གོང་དུ་འཕེལ་ནས་གྲུབ་པའི་གོ་འཕང་བརྙེས།

ཕྱིས་སུ་ཐུབ་བསྟན་པའི་དུད་ཁྱིམ་བརྒྱ་ཕྲག་དུ་མས་གཞིས་དཔོན་དུ་བསྟེན་ནས་མཆོད་ཡོན་འབྲེལ་བ་གཏིང་ཟབ་དུ་གྱུར། དགེ་ལུགས་པའི་དགོན་ཆེན་ ར་རྒྱ་བཀྲ་ཤིས་འབྱུང་གནས་གྲ་སྲི་ཐེངས་གསུམ་པ་བྱུང་སྐབས་ར་རྒྱ་དགོན་པས་ཡག་ཉེ་བོན་པོ་ཀུན་བཟང་གདན་ཞུ་མཛད་ནས་ཁོང་གིས་གྲ་སྲི་བཅད།

རབ་བྱུང་བཅུ་བཞི་བའི་ཆུ་ཕོ་ཁྱི་སྤྱི་ལོ 1862་ལོ  དགུང་ལོ་དོན་གསུམ་སྟེང་ཕ་ཡུལ་སེར་བརྒྱ་ནས་སྐུ་གཤེགས།

ཞེས་གྲུབ་ཆེན་མཆོག་གི་ངོ་སྤྲོད་མདོར་བསྡུས་ལས་ཟུར་བཀོད་བྱས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།