དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་མཛད་རྣམ་སྙིང་བསྡུས།

དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་མཛད་རྣམ་སྙིང་བསྡུས།
རྩོམ་པ་པོ། དབྲ་དཀར•གཞན་ཕན་ཤེས་རབ།  རྫ་སྟེང་ཆེན་དགོན།རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

395033988519762843
དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག

26207253599607898

        དེ་ཡང་དམ་པ་འདི་ནི་འཛམ་གླིང་ཡུལ་གྱི་སྙིང་པོ་དྲུག་གི་ཡ་གྱལ་ཕྲོམ་གེ་སར་གྱི་སོ་མཚམས་ཤར་ཟླ་ལུང་རིང་མོའི་ཡུལ་གྲུ་གནས་ཆེན་ཉེར་ལྔའི་ནང་ཚན་རྫ་ཁྲ་ལྡོམ་ཝེར་སྙིང་མི་འགྱུར་གྱི་རི་ཕྲན་བླ་རི་གཉེན་ཆེན་རི་བོའི་ཉེ་ཕྱོགས་སུ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ལོ་རབས་གསུམ་པ་སྟེ་མེ་སྟག་སྤྱི་ལོ༡༩༨༣ལོར་ཡབ་དཀར་ནག་གི་དགེ་སྡིག་ལ་བག་ཟོན་ཆེ་ཞིང་ལས་འབྲས་ལ་རབ་ཏུ་ཞིབ་པའི་ཚེ་རྡོར་དང་། ཡུམ་སྤྱོད་པ་དུལ་ཞིང་རྒྱུད་ལྷོད་ལ་བློ་སེམས་བཟང་བའི་གཡང་རིལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ལྷུམས་སུ་ཞུགས་པའི་སྐབས་དང་སྐུ་བལྟམས་པའི་དུས་རྣམས་སུ་རྟེན་འབྲེལ་ལེགས་པའི་ཚུལ་གྱིས་མཁའ་ལ་འཇའ་ཚོན་བཀྲ་བ་དང་ཡུལ་ཁམས་བདེ་བའི་རྟགས་བྱུང་ཡོད་པ་མ་ཟད་སྐུ་ཕྲེང་མང་པོའི་རིང་ནས་བསྒྲུབས་པའི་བསྟན་སྲུང་ཨ་བསེ་རང་བཞིན་གྱིས་འཁོར་བའི་བརྡ་ཨ་བསེའི་བླ་བྱ་འུག་པ་མང་པོས་འབྲོག་ཁྱིམ་སྐོར་བ་སོགས་བྱུང་བས་ཁོང་གི་ཡབ་རྒན་ལ་རྟོག་པ་སྐྱེས་ཏེ་ཡུལ་དེའི་སྐྱབས་མགོན་སྔ་འགྱུར་རྙིང་མའི་མཁན་ཆེན་ཐུབ་བསྟན་ནོར་བུ་རིན་པོ་མཆོག་ལ་སྙན་ཞུ་ཕུལ་སོང་སྐབས། བླ་མས་བུ་དེ་བོན་པོའི་བླ་སྤྲུལ་ཞིག་གི་རྣམ་སྤྲུལ་ཡིན་པས་གཙོག་ཤོར་མི་ཉན་ཚུལ་སོགས་ལུང་བསྟན་རྒྱ་ཆེར་གསུངས།  དེ་ནས་བརྡ་འཕྲད་ཙམ་གྱི་སྐབས་ནས་མ་བསླབ་རང་བརྡོལ་ཚུལ་དུ་སྨྲ་སེང་བསྙེན་པ་དང་སྙིང་པོ་རྣམ་གསུམ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཨ་ཨཱོྃ་ཧཱུྃཿསོགས་ཞལ་ནས་གསུངས་པ་དང་།  བྱོན་ཐུབ་ཙམ་ནས་ཐུགས་ལ་བབས་མིན་བྱུང་ན་ང་སྟེང་ཆེན་དགོན་དུ་འགྲོ་ཡིན་གསུངས་ཏེ་བྱོན་ཚུལ་བསྟན་པར་མཛད།    བར་སྐབས་ཤིག་ལ་སྙུང་གཞི་ཐེབས་ཏེ་ཤར་རྫའི་གདན་སར་ཉག་བླ་གཡུང་དྲུང་བསྟན་འཛིན་ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་བཞུགས་པའི་མདུན་དུ་ཡབ་ཡུམ་གཉིས་ཀྱིས་སྐྱབས་ཞུས་ཚེ་དབང་དང་ཁྲུས་སོགས་མཛད་ནས་བུ་འདི་མི་འདྲ་བ་ཞིག་འདུག་གསུངས།   དགུང་ལོ་གསུམ་ཙམ་ནས་ཁོང་གི་སྐུ་ཡི་མཆེད་ཟླ་མཁན་པོ་བུམ་པ་ཞུ་བའི་ར་སྐོར་དགོན་པའི་བླ་མ་ཞིག་ཡོད་པ་དེའི་གམ་ནས་ཀ་ཁ་བསླབ་སྟེ་ལན་གཅིག་བསླབས་པའི་ཤར་མ་ཀློག་ཐུབ་པ་བྱུང་།  བྱིས་པ་རང་ཁར་བ་བཞིན་ཆེད་དུ་བསླབ་པའི་དཀའ་ངལ་མ་བྱུང་པ་བཤད། 

       དགུང་ལོ་བཞི་པ་ས་སྦྲུལ་ལོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གི་བརྡ་ཡིག་གིས་ལུང་ལྟར་སྤྲུལ་སྐུ་ངོས་ཟིན་ནས་མི་རིང་བར་སྟེང་ཆེན་དགོན་གྱི་བླ་གྲྭ་རྒན་རིམ་རྣམ་པ་དང་རྟོགས་ལྡན་ཚུལ་ཁྲིམས་བསྟན་འཛིན་སོགས་གཉེན་ཆེན་ཐང་དུ་ཕེབས་ཏེ་ཁྲ་ཐེར་གྱི་འོག་ནས་སྐུ་ཁྲུས་དང་ནབ་བཟའ་གསོལ།  དེ་སྐབས་ལྔ་རིག་སྨྲ་བའི་དབང་པོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མས་སྤྲུལ་སྐུའི་མཚན་དང་ཞབས་བརྟན་གསོལ་འདེབས་འདི་ཕུལ་ཏེ།  ཚུལ་ཁྲིམས་རྣམ་དག་བ་གམ་མངོན་མཐོའི་རྩེར།  །དྲི་མེད་ལུང་རྟོགས་བསྟན་པའི་རྒྱལ་མཚན་བསྒྲེང།  །བདུད་བཞི་གཡུ་ལས་རྣམ་པར་རྒྱལ་ཡི།  །དབྲ་སྟོན་བླ་མའི་ཞབས་ལ་གསོལ་བ་འདེབས།  །གང་གི་ཞབས་ཟུང་འགྱུར་མེད་གཡུང་དྲུང་ཁྲིར།  །བསྐལ་པ་རྒྱ་མཚོའི་བར་དུ་རྟག་བརྟན་ནས།  །བཤད་དང་སྒྲུབ་པའི་སྣང་བ་དམ་པ་ཡིས།  །འཕྲིན་ལས་ས་སྟེང་འདི་རུ་ཁྱབ་གྱུར་ཅིག  །ཞེས་རྟེན་འབྲེལ་ལེགས་པར་འགྲིག

     དེ་ནས་དགུང་ལོ་ལྔ་སོན་སྐབས་སྟེང་ཆེན་མདོ་སྔགས་བསྟན་རྒྱས་གླིང་གི་སྐུ་ཐོག་གོང་མའི་གསེར་ཁྲིར་མངའ་གསོལ་བྱས།   དེའི་དུས་མཁས་གྲུབ་བྱེ་བའི་གཙུག་རྒྱན་ལྔ་རིག་སྨྲ་བའི་དབང་པོ་པཎྜི་ཏ་ཆེན་མོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་སྐུ་ཆེད་ཕེབས་ཀྱི་བཀའ་དྲིན་བསྩལ་བ་དང་།  ཤར་རྫའི་རྒྱལ་ཚབ་གཉིས་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་དང་།  མཁས་བཙུན་བཟང་གསུམ་མངའ་བའི་སྟེང་ཆེན་མཁན་རྒན་ཉི་མ་ཚེ་རིང་།   ཀུན་སྤངས་བྱ་བྲལ་བ་ཆེན་པོ་སི་དྷི་ཆོས་དབྱིངས་རང་གྲོལ་སོགས་རིས་མེད་ཀྱི་བླ་སྤྲུལ་དང་དགོན་སྡེ་མི་ཆེན་དུ་མ་འདུ་འཛོམ་བྱས་ཏེ་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ཁྲི་སྟོན་གྱི་ཚོགས་བཤད་རྒྱ་ཆེར་གནང་། ཧོར་པ་ཤོག་བཞི་དང་ཝ་རེ་གཤོང་གསུམ་བཅས་རྫ་ཡུལ་རོང་འབྲོག་གཉིས་ཀའི་འབུལ་དངོས་རིན་པོ་ཆེ་དང་རྟ་ནོར་ལུག་གསུམ་བརྒྱ་ཕྲག་ལས་བརྒལ་བ་སོགས་ཁྲི་སྟོན་དུ་དགའ་སྤྲོའི་ངང་འབྲེལ་འཇོག་བྱས།   དེ་ནས་སྤྲུལ་སྐུ་དགོན་པའི་སྐུ་བདག་བྱས་ཏེ་བླ་རྒན་ཨ་གཡང་སྐུ་གཉེར་བར་བཞག་ཏེ་འདོན་ཆ་སྐོར་སོགས་བསླབ་ཙམ་གྱིས་མཁྱེན་པར་བྱུང་། 

      དགུང་ལོ་དྲུག་བདུན་གྱི་དུས་སུ་མཁན་རྒན་ཉི་མ་ཚེ་རིང་མདུན་ནས་དབང་ལུང་མང་ཙམ་ཞུས།  སྐབས་དེར་ཚུལ་ཆེན་མཆོག་གི་སྐུ་གམ་ནས་ཆོ་ག་བཅུ་གཉིས་དང་།  བསྐལ་བཟང་སྟོང་དབང་།  བདེར་གཤེགས་སྟོང་དབང་བཅས་དབང་ལུང་ཁ་ཚང་ཞུས།  

      དགུང་ལོ་དགུ་བཞེས་པ་སྤྱི་ལོ༡༩༩༤ལོར་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མདོ་སྨད་ཤར་རྫ་འཇའ་ལུས་པའི་གདན་སར་ཕེབས་པ་དང་བསྟུན་ཏེ་གཙང་མ་གཙུག་ཕུད་ཀྱིས་ཁྲིམས་ཞུས་ཏེ་རབ་ཏུ་བྱུང་བའི་མཚན་ལ་གཡུང་དྲུང་དྲི་མེད་རྣམ་རྒྱལ་ཞེས་གསོལ།  ཁྱད་པར་དུ་ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་གཉིས་པ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་མཆོག་བཞི་རྫོགས་ཀྱི་སློབ་དཔོན་དུ་བསྟེན་ཏེ་ལམ་གྱི་གོ་རིམ་མ་ནོར་བ།  རྫོགས་ཆེན་སྐུ་གསུམ་རང་ཤར་ལས།   བསྐྱེད་རྫོགས་ཀྱི་སྔོན་དུ་ཞི་ལྷག   ཞི་ལྷག་གི་སྔོན་དུ་སྡིག་སྦྱོང་།  སྡིག་སྦྱང་སྔོན་དུ་རྒྱུད་སྦྱང་འགྲོ་དགོས།  ཞེས་གསུངས་པ་ལྟར།  སྔོན་འགྲོ་བསགས་སྦྱོང་དང་དངོས་གཞི་ཉམས་ལེན་རང་གཞན་གྱི་ཕོ་བ་བཅས་མཐར་སོན་པར་མཛད།   དེ་དག་གི་སྐབས་སུ་རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་གྱིས་ཕོ་བ་སྦྱང་སྐབས་དང་སེམས་ཁྲིད་རྩོད་བཅད་མཛད་ཚེ་བླ་མ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོའི་ངང་ངའི་གམ་དུ་སེམས་ཁྲིད་སོགས་ཞུ་མི་མང་མོད་ཀྱི་དབྲ་པ་སྤྲུལ་སྐུ་ལྟ་བུའི་ངོ་མཚར་ཅན་བྱུང་མྱངས་མེད།  སྤྲུལ་སྐུ་ཡིན་ན་དབྲ་སྤྲུལ་དྲི་མེད་རྣམ་རྒྱལ་འདྲ་བ་ཞིག་དགོས་ཕྱིས་སུ་འང་ཡང་ཡང་གསུང་།  དེ་དུས་སྐུ་ན་གཞོན་ཡང་ཇི་སྐད་དུ།  རྣམ་རྒྱལ་ལས།  ཆུང་ནས་དད་པའི་སེམས་བསྐྱེད་ཅིང་།  །རྒྱུན་དུ་དགེ་བའི་ལས་ལ་བརྩོན།   །ཅེས་གསུངས་པ་བཞིན་དམ་པའི་རིགས་མངོན་དུ་སད་ཅིང་ལས་འབྲས་ཀྱི་སྤང་བླང་ལ་བརྩི་བསྲུངས་རབ་ཏུ་ཞིབ་པ་སོགས་བྱིས་དུས་ནས་ཀུན་ཀྱིས་ཡ་མཚར་མང་དུ་མཇལ་བ་བརྗོད་པའི་མཐའ་ལས་འདས།  

     དགུང་གྲངས་བཅུ་པ སྤྱི་ལོ༡༩༩༥ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་ཅུའུ་ནས་སྤྲུལ་སྐུའི་ཡང་སྲིད་དཔང་ཡིག་དཀར་མཛེས་ཁུལ་གྱི་ཨང་སོ་གསུམ་པ་གནང་།   

      དགུང་གྲངས་བཅུ་གཅིག་སོན་ཚེ་ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་བསྟན་འཛིན་སྐྱེས་བུ་ཉེར་ལྔའི་ནང་ཚན་ཡེ་ཤེས་བཤད་སྒྲུབ་བསྟན་གཉིས་དར་རྒྱས་གླིང་གི་མཆོག་སྤྲུལ་དམ་པ་གཡུང་དྲུང་བསྟན་པའི་རྒྱལ་མཚན་ནམ་བླ་མ་ཨ་གཡུང་རིན་པོ་ཆེ་གཤེན་བསྟན་མཐའ་རྒྱས་མཆོག་ཤར་རྫའི་གདན་སར་ཕེབས་ནས་དབྱིངས་རིག་རིན་པོ་ཆེ་ཁྲིད་དང་མ་རྒྱུད་དབང་བཞི་དང་རིག་ལྔ་བདེར་གཤེགས་འདུས་པའི་དབང་བཞི་སོགས་ཟླ་བ་གཉིས་ལྷག་རིང་ལ་བསྩལ་བ་ཚུལ་བཞིན་གསན།  

      དགུང་གྲངས་བཅུ་གཉིས་པ་མེ་གླང་ལོར་འབུམ་རྨད་མི་གཡོ་བསམ་གཏན་གླིང་དུ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་དངོས་སློབ་གྲུབ་ཆེན་བསོད་ནམས་གཡུང་དྲུང་དང་།  ཤར་རྫའི་རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་རྣམ་གཉིས་ཀྱིས་ཐེག་སྒོ་མཐའ་ཡས་པའི་དབང་བསྐུར་བ་ཞུས་ཏེ་རྒྱུད་སྨིན་པར་མཛད།  འདི་ཡར་མས་དགེ་ལུང་རི་ཁྲོད་དུ་བཞུགས་པའི་བྱ་བྲལ་བ་བསྟན་འཛིན་འགྱུར་མེད་མདུན་ནས་དབང་ཆོག་སྐོར་སོགས་ཕྱག་ལེན་ལ་ལེགས་པར་བསླབས།  དགུང་གྲངས་བཅུ་གསུམ་ལོར་མ་ཡུམ་གྲོང་ནས་བོན་བན་གཉིས་ཀྱི་ལུགས་དང་བསྟུན་ནས་དགོངས་རྫོགས་གནད་སྨིན་མཛད། 

     དགུང་གྲངས་བཅུ་བཞི་བ་སྤྱི་ལོ༡༩༩༩ལོར་རིས་མེད་ཀྱི་གྲུབ་མཐའ་ཡོངས་ལ་ཐུགས་རྒྱུད་འབྱོངས་པའི་ཆེད་སོགས་ལ་དམིགས་ནས་ཨ་འཛམ་འབྲུག་པ་དང་གསེར་རྟ་བླ་རུང་སྒར་གྱི་བླ་མ་འཇིགས་མེད་ཕུན་ཚོགས་སོགས་ཀྱི་མདུན་དུ་ཕེབས་ནས་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་བཅས་ཁྲིད་སྒོམ་ཟུང་འབྲེལ་དུ་མཛད།  འདི་ལོ་གནས་ལྔ་རིག་པའི་པཎྜི་ཏ་ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མའི་མདུན་ནས་ཡང་ཟབ་ནམ་མཁའ་མཛོད་ཆེན་གྱི་དབང་བཞི་མནོས།  

      དགུང་གྲངས་བཅོ་ལྔ་པ་ལྕགས་འབྲུག་ལོར་ཤར་རྫའི་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་ཤར་རྫ་བའི་གསུང་མཛོད་ཆེན་རྣམ་ལྔ་གཙོས་པའི་ཡོངས་རྫོགས་ལུང་རྒྱུན་བླངས།  འདི་ལོ་ཨུ་དྷི་བླ་མ་ལུང་རིགས་རྣམ་དག་དྲུང་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་ལྷ་གཉེན་ཤེལ་སྒོང་གི་ཞལ་ཁྲིད་ཟབ་རྒྱས་གསན་བཞེས་མཛད།  

       དགུང་ལོ་བཅུ་དྲུག་པ་ལྕགས་སྦྲུལ་ལོ་རྫ་སྨོན་རྒྱལ་དགོན་དུ་སུ་ལ་མདོ་རྒྱུད་གྲགས་པའི་ཡང་སྲིད་མཆོག་སྤྲུལ་ཚེ་དབང་གཡུང་དྲུང་རིན་པོ་ཆེའི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ལུང་རྒྱུན་ཚད་ལྡན་བླངས།  རྒྱལ་ཚབ་རིན་པོ་ཆེ་ཡང་དེར་ཕེབས་ཏེ་འབུམ་དུམ་དྲུག་མའི་ལུང་དང་ཆོ་ག་བཅུ་གཉིས་ཀྱི་དབང་སོགས་གནང་བ་གསན་བཞེས་མཛད།  ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོའི་མདུན་ནས་བཀའ་འགྱུར་བརྒྱུད་རིམ་བཅས་ལུང་འགའ་ཞུས།  སྐྱང་ཚང་དགོན་གྱི་རྣལ་འབྱོར་བ་བསྟན་པ་ཚུལ་ཁྲིམས་མདུན་ནས་མཁའ་འགྲོ་གསང་གཅོད་ཀྱི་ལུང་ཞུས།    དེའི་དགུན་ངོར་ཤར་རྫའི་རི་ཁྲོད་དུ་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་སྐུ་གསུམ་རང་ཤར་རྩ་རླུང་ཞག་བརྒྱར་བཞུགས་ཤིང་རྒྱབ་ཐུར་བཅུད་ལེན་བཅས་མཐར་ཕྱིན་པར་མཛད།  ཆུ་རས་རྒྱག་སྐབས་རྒྱལ་ཚབ་བླ་མས་སྤྲུལ་སྐུ་འདི་མི་འདྲ་བ་འདི་ཁྱད་པར་འཕགས་པའི་ཐུན་མིན་གྱི་གྲུབ་རྟགས་རེད་གསུངས་པ་བདག་གིས་དངོས་སུ་ཐོས།  འདི་ལོ་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་དྲང་སྲོང་གི་བསྙེན་པར་རྫོགས་ཏེ་མཚན་དུ་ཚུལ་ཁྲིམས་བསྟན་འཛིན་རྒྱལ་མཚན་ཞེས་གསོལ།  

       དགུང་ལོ་བཅུ་བདུན་སོན་ཚེ་སུམ་ལྡན་གྱི་བཀའ་དྲིན་ཅན་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ཞལ་ཁྲིད་གསན་ཅིང་ཉིན་རེ་བཞིན་འགྲེལ་རྒྱུགས་ཕུལ་སྐབས་རྒྱལ་ཚབ་ཨ་འཇིགས་ལགས་ནས།  ཨེ་མ་ཧོ།  རྒྱལ་བའི་ཐུགས་སྤྲུལ་དྲན་པའི་རྣམ་འཕྲུལ་རྗེ།  །མཁྱེན་བརྩེ་ནུས་པའི་རྩལ་ཆེན་ཡོངས་རྫོགས་ཤིང་།  །སྐྱེས་སྟོབས་ཤེས་རབ་མེ་ལྟར་འབར་བ་ཡི།  །མཆོག་སྤྲུལ་ཚུལ་ཁྲིམས་དྲི་མེད་ཞབས་བརྟན་གསོལ།  །ཞེས་ཀུན་མཁྱེན་ཤར་རྫ་བའི་གདན་སར་དབྲ་སྤྲུལ་དྲི་མེད་འོད་ཟེར་གྱི་ཡང་སྲིད་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་འབུལ་སྐབས་དད་པ་ལྷང་ངེར་སྐྱེད་ཏེ་འཕྲལ་དུ་ཨ་འཇིགས་མིང་ནས་ཕུལ་བའོ།  །དེ་ལོར་སྟོད་ཕྱོགས་སུ་མཇལ་སྐོར་ལ་ཕེབས་ཏེ་ཀོང་པོ་བོན་རི་ལ་བཅུ་སྐོར་ཞིག་དང་གྲྭ་ས་གོང་འོག་བར་གསུམ་བཅས་མཆོད་མཇལ་ལེགས་པར་གྲུབ་མཐར་རང་ཡུལ་དུ་ཕེབས་ནས་ཇི་སྲིད་བར་དུ་ཉམས་པ་མེད་པའི་སྨྱུང་གནས་ཀྱི་རྒྱུན་བཙུགས།  ཞོར་དུ་ཨུ་དྷི་བླ་མའི་མདུན་ནས་ལྟུང་བཤགས་ཆོག་ཁྲིད་བཅས་གསན་བསམ་མཛད། 

     དགུང་གྲངས་བཅོ་བརྒྱད་པ་སྐུ་ཡི་མཆེད་ཟླ་མཁན་པོ་བུམ་པའི་མདུན་ནས་འབྱུང་རྩིས་སྐོར་སོགས་གསན་བཞེས་མཛད།  དེའི་དགུན་ངོར་རྒྱལ་ཚབ་རྣམ་དྲུང་ནས་ཚེ་དབང་བོད་ཡུལ་མའི་རྩ་རླུང་སྦྱངས།

      དགུང་གྲངས་བཅུ་དགུ་བཞེས་ཚེ་བོད་ཟླ་དང་པོའི་ཚེས་གཉིས་ཀྱི་ནུབ་མོར་ར་ཆུང་ཚང་དུ་ཞག་བཞུགས་མཛད་པའི་རྨི་ལམ་དུ་ཐུགས་ཀ་ནས་འཇའ་ཚོན་ཞིག་འཕྲོས་པའི་སྣེ་མོ་རྡོ་ཞིག་ལ་ཟུག་པ་རྨིས།  ཚེས་གསུམ་ཉིན་སྨོན་ལམ་བྲག་དཀར་ལ་ལྷ་གསོལ་ཕེབས་སྐབས་ཕྱག་མཛུབ་ཀྱི་རྗེས་ལམ་མེར་འཇོག་པ་ར་ཟམ་གཉིས་ཀྱི་སྡེ་མི་དང་ཕྲན་རང་གིས་ཀྱང་དངོས་སུ་མཇལ།  དེ་མ་འགྱང་པར་སྟེང་ཆེན་དགོན་དུ་ཚེ་སྒྲུབ་བྱ་རི་མའི་སྐུ་མཚམས་ལ་བཞུགས་ནས་བསྙེན་ཆེན་ཞིག་ཐོན་ངེས་མཛད་སྐབས་ཚེ་རིལ་འཕུར་བ་སོགས་གྲུབ་རྟགས་ཀུན་ཀྱིས་མཐོང་སྣང་དུ་བྱུང་།    དེའི་དགུན་ངོར་རྒྱལ་ཚབ་རྣམ་གཉིས་གམ་ནས་རྫོགས་ཆེན་དབང་བཞི་ཞུས་ནས་གཞི་གནས་ཡེ་ཤེས་ཆེན་པོའི་ངོ་འཕྲོད་དེ་དབང་བཞི་རྫོགས་པར་ཐོབ།  དེ་སྐབས་ཇི་སྐད་དུ་དྲི་མེད་ལས།  རང་བས་གཞན་དོན་གཙོ་བྱེད་ན།  །ཅི་སྤྱོད་དགེ་བར་འགྲོ་བར་འགྱུར།  །ཞེས་པའི་ལུང་བཞིན།  དམ་པ་དེ་གཉིས་ཀྱི་དྲུང་ནས་ཐེག་ཆེན་ལྷ་ཡི་མེ་ལོང་གི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་མནོས་པའི་མཚན་ལ་གཞན་ཕན་སངས་རྒྱས་འབྱུང་གནས་ཞེས་གསོལ།  དགོན་པའི་ཀྲུའུ་རིན་གྱི་འགན་བཞེས་ཏེ་སྔ་ཕྱི་རིམ་པའི་ཞིང་ཆེན་དང་ཁུལ་རྫོང་རྣམས་སུ་ཆོས་ལུགས་ཀྱི་ཚོགས་འདུར་ཞུགས།

      དགུང་ལོ་ཉི་ཤུའི་ཐོག་སླར་ཡང་རི་ཁྲོད་དུ་བཞུགས་ནས་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་དང་མཁན་པོ་རིག་འཛིན་དབང་རྒྱལ་རྣམ་གཉིས་དྲུང་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ལུང་དང་།  གྲུབ་རྗེ་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན་མཆོག་གི་གམ་ནས་སེམས་ཕྱོགས་སྐོར་དུ་མ་གསན་བཞེས་ཡང་དག་པར་མཛད།  བར་གསེང་དུ་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མདུན་ནས་སྙན་འགྲེལ་གཙང་གཤེན་དགོངས་རྒྱན་ཞལ་ཁྲིད་རྒྱས་པ་གསན་ཏེ་དཔེར་བརྗོད་སོགས་ཚུལ་བཞིན་བྲིས་པས་རྩོམ་གྱི་གཅད་ལྷུགས་ལ་བྱན་ཆུད་པར་བྱུང་།   

       དེ་ལོ་ནས་སླར་སྔ་གཞུག་ཏུ་ཐུགས་ཉིད་མཁྱེན་པའི་དཀྱིལ་འཁོར་ཕྱོགས་ཀུན་ལ་སྒོ་མ་འགག་པ་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ལ་བག་ཆགས་ཟབ་མོ་ཐེབས་ནའང་།  རྣམ་རྒྱལ་ལས།  གཡུང་དྲུང་བོན་གྱི་རྒྱ་མཚོ་གཏིང་ཟབ་པ།  །ངོམ་མེད་བློ་ཡི་དོན་ལ་མྱོང་བ་སྤྱོད།  །ཅེས་པའི་ལུང་དོན་ཐུགས་ལ་བཅང་ནས་ཤར་རྫ་རི་ཁྲོད་དུ་ལོ་གསུམ་སྒྲུབ་གྲྭར་བཞུགས་ནས་རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་དང་།  རྒྱལ་ཚབ་འཇིགས་མེད་དབང་ཕྱུག   མཁན་པོ་རིག་འཛིན་དབང་རྒྱལ་རྣམ་གསུམ་གཙོས་མཁས་དབང་དང་རྟོགས་ལྡན་སྐྱེས་ཆེན་དུ་མའི་དྲུང་ནས་དེ་དག་སྦྱངས་པ་ཚད་དུ་ཕྱིན་ཏེ་དགུང་གྲངས་ཉེར་བཞི་པ་སྤྱི་ལོ༢༠༠༦ལོར་རྒྱལ་ཚབ་རིན་པོ་ཆེས་མཁན་པོའི་མཚན་རྟགས་གནང་སྟེ་སྤྱི་སངས་རྒྱས་བསྟན་པ་དང་སྒོས་སུ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་ཡང་ཁྱད་ཤར་རྫའི་བསྟན་པའི་རྒྱུད་འཛིན་དུ་མངའ་གསོལ་མཛད།  དེ་ནས་མཁན་སྤྲུལ་ཟུང་གི་མཚན་སྙན་གྱི་གྲགས་པ་ཕྱོགས་བཅུ་བུ་མོའི་ཕ་མཐར་བརྒལ་སོང་།  འདི་ལོར་བོད་ལྗོངས་ཆབ་མདོའི་མངའ་འོག་བླ་ཁྲི་དགོན་དང་།  མང་རི་དགོན།  སྐམ་ཚང་དགོན།  སྤང་རྒན་དགོན་བཅས་ཀྱིས་གདན་ཞུས་ལྟར་ཕེབས་ཏེ་དགོན་ཁག་བཞིའི་བླ་གྲྭ་ཡོངས་དང་།  ཚ་རོང་།  ཀོང་པོ།  ནག་ཆུ།  རྫ་ཁོག་བཅས་ནས་འདུས་པའི་སྡེ་མང་དག་ལ་རྒྱལ་བའི་བཀའ་དྲི་མ་མེད་པ་ཕུན་སུམ་ཚོགས་པ་མདོ་ཡི་སྡེ་དང་།  རྣམ་པ་དག་པ་འབུམ་གྱི་སྡེ།  རྒྱས་པ་ཟབ་ལམ་སྔགས་ཀྱི་སྡེ།  བླ་ན་མེད་པའི་སེམས་སྡེ་བཞིར་ཕྱེས་པའི་པོ་ཏི་ཉིས་བརྒྱ་ལ་ཉེ་བ་ཙམ་ཞིག་ལྗགས་ལུང་གི་བཀའ་དྲིན་བསྩལ།  དེའི་ཞོར་དུ་རྫི་བོ་དགེ་བཤེས་བསོད་ནམས་ཕུན་ཚོགས་ཀྱི་མདུན་ནས་ཐེག་འགྲེལ་མེ་ལོང་དགུ་སྐོར་འཆད་ཁྲིད་རྒྱས་པ་གསན།  དགུང་ལོ་ཉེར་ལྔའི་ཐོག་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཆེན་དུ་ཞབས་བསྐྱོད་གནང་སྟེ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མའི་དྲུང་ནས་དམར་མོ་མཛུབ་ཁྲིད་དང་།  རང་གཞན་གྱི་འཕོ་ཁྲིད།  བདེ་ཆེན་ཞིང་གི་ཕྱག་ལེན་ཆོག་ཁྲིད་ཟུང་སྦྲེལ།  སྙན་འགྲེལ་གཙང་གཤེན་དགོངས་རྒྱན།  གཞན་དག་གི་གམ་ནས་རྩིས་ཕྲན་འགའ་དང་།  ས་དཔྱད་དང་ས་འདུལ་བཅས་གསན་བཞེས་མཛད་དེ་ཞང་ཞུང་རྫོགས་ཆེན་སློབ་གླིང་རིག་གནས་ཀྱི་རྒྱུགས་ཆེན་སྐབས་སུ་ཨང་རྟགས་ཐོབ།     འདིར་ལོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཤར་རྫའི་རི་ཁྲོད་དུ་ཞབས་བསྐྱོད་གནང་སྟེ་ཐེག་དགུ་གྲུབ་མཐའི་རྣམ་བཞག་ཞལ་ཁྲིད་གསན་པ་དང་ཚེ་དབང་བོད་ཡུལ་མའི་དབང་ཞུས།  དེ་ནས་དགུང་གྲངས་ཉེར་དྲུག་ཐོག་མཚོ་སྔོན་རེབ་གོང་བོན་བརྒྱ་སྨན་རིའི་དགོན་དུ་བྱོན་ཏེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་དྲུང་ནས་ལམ་རིམ་དྲུག་ཅུ་བ་དང་།  ལམ་རིམ་དྲུག་ཅུ་པའི་འགྲེལ་ཀུན་གྲོལ་ཅན་ལུང་།  ཀུན་བཟང་སྙིང་ཏིག་གི་ཁྲིད།  བརྡ་སྤྲོད་ཉི་ཤུ་བདུན་པའི་ལུང་།  ཡིག་གཟུགས་འགའ་ལ་སྤྱང་གསན་མཛད་པ་བཅས་འཆད་ཁྲིད་སོགས་ཚུལ་བཞིན་དུ་གསན་ཏེ་སླར་རང་དགོན་དུ་ཞབས་སོར་འཁོད་དེ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་གསར་དུ་བཙུག་སྟེ་སྨོན་ལམ་མཐའ་ཡས་ཀྱི་ཆོ་གའི་གཞུང་བསྲང་ཞིང་།  ཟེར་འཕྲོ་དགོན་དང་བོན་པོ་དགོན་པའི་འདུས་སྡེ་རྣམས་ཕེབས་འཚོགས་ཀྱི་འབྲེལ་བའི་ཐོག་འབུམ་རྨད་དགོན།  སྨོན་རྒྱལ་དགོན།  ཁྲོ་ཚངས་དགོན།  ས་སྐྱའི་བརྒྱུད་འཛིན་སེང་འགྱིང་དགོན།  འབར་ཁྱུང་དགོན།  དགེ་ལུགས་ཀྱི་གྲུབ་མཐའ་འཛིན་པ་དགོན་གསར་དགོན།  སྔར་འགྱུར་རྙིང་མའི་བརྒྱུད་འཛིན་ར་སྐོར་དགོན་སོགས་རིས་མེད་དད་ལྡན་སེར་སྐྱ་སྟོང་ཕྲག་ལས་བརྒལ་བ་ཙམ་བྱུང་བ་བཅས་ཉིན་བདུན་གྱི་རིང་དུ་འཚོགས་ཏེ་བདེ་སྨོན་གསུམ་གྱི་བོན་འཆད་ཁྲིད་བཀའ་དྲིན་བསྩལ་ཅིང་ལྷ་འབངས་རྣམས་ཀྱིས་སྐུ་གསུམ་སྙིང་པོ་མཐའ་ཡས་པ་ཞིག་ཁས་བླངས་བྱུང་བས་དགེ་བསྐུལ་རྒྱ་ཆེར་གྲུབ་བོ།  ། འདི་ལོ་དཔྱིད་དུས་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གི་དྲུང་ནས་ཡོངས་རྩེ་ཀློང་ཆེན་གཙོས་བོན་སྒོ་འགའ་ལུང་གསན།   སྐུ་ཉིད་ནས་ཤར་རྫ་རི་ཁྲོད་ཀྱི་འདུས་པ་ཡོངས་ལ་ཡི་དམ་དབལ་གསས་རྔམ་པའི་དབང་མཆོག་བསྐུར་གནང་མཛད་དེ་སློབ་ཚོགས་དུ་མའི་རྒྱུད་ཡོངས་སུ་སྨིན་གྲོལ་གྱི་ལམ་ལ་བཀོད།  དབང་གི་དམ་ཚིག་སྐོར་གྱི་སྤང་བླང་གི་རྣམ་བཞག་རྒྱ་ཆེར་གསུང་ནས་ཁས་བླངས་དང་དགེ་བསྐུལ་ཕུན་སུམ་ཚོགས་པའི་ཕྲིན་ལས་མཛད།  

       དགུང་ལོ་ཉེར་བདུན་ཐོག་སྟེང་ཆེན་དགོན་མ་བུ་གསུམ་གྱི་དགོན་པའི་སེམས་དཔའ་འདུས་སྡེ་དང་ཡུལ་གྱི་ལྷ་འབངས་བཅས་ལ་བོན་འཁོར་ཚིག་བཞི་དང་འབྲེལ་བར་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་།  སྐྱབས་སེམས་སྐོར་སོགས་དགེ་སྡིག་བླང་དོར་བཅས་ཀྱི་སྨྲར་ཁྲིད་ཟླ་བ་གཅིག་ལ་གནང་སྟེ་འཕྲལ་གྱི་སྤྱོད་ཚུལ་དང་།  ཕུག་གི་འདུན་མ།  རྒྱུན་གྱི་ཉམས་ལེན་སོགས་ཇི་ལྟར་བྱ་དགོས་པའི་ཟབ་ཁྲིད་ལེགས་པ་བློ་སེམས་རྩེ་གཅིག་ལ་ཅིང་མཐར་འཕོ་དང་བཅས་འགྲོ་བའི་རྒྱུད་རྣམས་སྨིན་གྲོལ་དཔལ་གྱིས་ཡོངས་སུ་ཕྱུག་པར་མཛད། 

       སྐབས་བབས་ཀྱི་མཛད་པའི་འཕྲིན་ལས་ཇི་ལྟར་མཛད་པའི་སྐོར་ནི།  ཁམས་བསྡུས་ལས།  སྤྲུལ་སྐུའི་སྣང་བ་ཡིད་བཞིན་ནོར་བུ་འདྲ།  །ཅི་ཕྱིར་ཞེ་ན་དེ་ལས་མི་འབྱུང་མེད།  །ཅེས་པའི་ལུང་གིས་བརྗོད་དོན་གྱུར་པའི་མཆོག་སྤྲུལ་དམ་པ་འདི་ཉིད་ཀྱི་སྐུ་མཚན་དཔེའི་རི་མོ་ཡོངས་སུ་བཞད་པ་ནས་བཟུང་།  གསུང་མཛད་པའི་ཕྲིན་ལས་ཀྱི་སྒོ་མ་འགག་པ་བསྟན་དང་འགྲོ་བའི་དོན་ཆེན་མཐའ་ཡས་པ་སྨིན་ཏེ།  ཐུགས་སྤྲོས་བྲལ་ཟབ་མོའི་བཞེད་དོན་ལྷུན་གྱི་གྲུབ་པའི་རྣམ་ཐར་བདག་འཛིན་གྱི་འཆིང་རྒྱ་དམ་པའི་བདག་ལྟ་བུའི་བརྗོད་པ་ལྟ་ཅི་ས་ལ་གནས་པའི་གཡུང་དྲུང་སེམས་དཔའ་དག་གིས་བརྗོད་པ་དཀའ་བའི་མཐའ་དང་བྲལ་བ་དུ་མ་མཆིས་ནའང་། འདིར་སྐབས་བབ་ཀྱི་མཛད་པའི་ཕྲིན་ལས་དང་འབྲེལ་ནས་ཕྱོགས་ཤས་སྨྲས་པ་ལ།  གོང་དུ་སྐུ་ཉིད་ཀྱི་མཛད་པ་རགས་ཙམ་བརྗོད་ཀྱང་སླར་བསྟུད་མར་འདི་ནས་མཛད་པའི་ཕྲིན་ལས་ཞིབ་ཕྲ་སྤྲོ་བ་དང་བཅས་སྨྲས་པ་ལ།  སྔོན་བསྟན་པ་འགྱུར་མེད་སྟེང་ཆེན་རྣམ་རྒྱལ་གླིང་ཞེས་པ་ས་དམིགས་ཕུན་སུམ་ཚོགས་པ་ཞིག་ཏུ་བརྗིད་ཅིང་ཡོད་པའི་དུས་སུ་སྤྱི་ལོ(༡༩༠༢)ལོ་དགའ་ལྡན་པའི་བཙན་འོག་ནས་མེ་ལྷའི་ཞལ་དུ་བསྟིམ་སོང་བར་ཕྱིས་ནས་དེ་ལས་ས་དམིགས་ཅུང་ཞིག་དམའ་ས་ན་དབྲ་སྤྲུལ་བསྐལ་བཟང་ཉི་མ་མཆོག་དང་།  ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན།  དབྲ་སྲས་འཇའ་ལུས་པ་ཟླ་བ་གྲགས་པ་རྣམ་གསུམ་གཙོས་དགོན་པ་བསྐྱར་བཞེངས་མཛད་ནས་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་ཞེས་མཚན་ཡོངས་སུ་གསོལ།  དེ་རིག་གསར་སྐོར་སོགས་སྟོར་བཤིགས་ཡེ་མ་སོང་ནས་ལུས་ཡོད་པས་གནས་གཞི་དེ་ན་བསྟན་འགྲོའི་ཕྲིན་ལས་རྒྱས་ཞིང་གནས་ཡོད་ཀྱང་།  སྔར་གྱི་དགོན་གནས་དེར་ས་དམིགས་ཕུན་སུམ་ཚོགས་ལ་དབེན་པ་དང་དགོན་གནས་མཚན་ཉིད་ཚང་བར་མ་ཟད་དབྲ་རྨེའུ་ཟུང་གི་མཁས་དང་གྲུབ་པ་དུ་མ་བྱོན་པ་རྣམས་ཀྱིས་བསྟན་པ་རྒྱ་ཆེ་ཞིང་རྒྱུན་རིང་བར་དར་བའི་གནས་བྱིན་ཅན་ཡིན་པ་སོགས་གནད་མང་ཙམ་ལ་དགོངས་ཏེ།    སྤྱི་ལོ(༢༠༠༩)ལོར་དབྲ་སྟོན་དམ་པ་ཉིད་ཀྱིས་རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་མཆོག་ལ་དགོན་གནས་སྤོ་བའི་ཐུགས་འདུན་ཡོད་པ་སོགས་མ་འོངས་པའི་དམིགས་པ་རྒྱ་ཆེན་པོ་ཡོད་ཚུལ་སྐོར་ཞིབ་རྒྱས་སྒོ་ནས་ཕྱག་མོ་དང་དགོངས་རྟགས་ཀྱི་ལེགས་ཉེས་ཞུས་པར།  རྒྱལ་ཚབ་མཆོག་གིས་དགོངས་རྟགས་ལེགས་ངོར་འདུག་པས་མ་འོངས་པར་ཁྱེད་དུས་བཟང་བུ་བཟང་འཕྲད་པ་ཡིན་པས།   ཁྱེད་ཀྱིས་ཐུགས་འདོད་གང་ཡོད་པ་དེ་འགྲུབ་ངེས་པ་མ་ཟད་དགོན་གནས་གསར་དུ་སྤོ་བའི་ལས་གཞི་ལའང་བར་ཆད་སོགས་མེད་པར་ལེགས་མཐར་ཕྱིན་ངེས་གསུངས་ནས་ཐུགས་དགྱེས་ཚོར་ཆེན་པོ་གནང་།  དེ་མཐུན་ལྔ་རིག་སྨྲ་བའི་པཎྜི་ཏ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་ལའང་དགོངས་རྟགས་ལུང་བསྟན་ཞུས་པའི་ལེགས་ཚུལ་གསུངས་པས་དབྲ་སྟོན་དམ་པ་རྩ་བའི་བླ་མ་རྣམ་གཉིས་ཀྱིས་ལུང་བསྟན་ལེགས་ཚུལ་ལ་ཐུགས་རབ་ཏུ་དགྱེས་ཏེ་དགོན་པ་གསར་དུ་སྤོ་བའི་ལས་གཞི་ཉིད་ཀྱིས་ཐུགས་ཐག་དམ་པོར་བཅད།  སྔ་ཕྱི་ལན་མང་དུ་དབྲ་སྟོན་དམ་པ་འདི་ཉིད་དགོན་གནས་གསར་པའི་ས་སྐོར་དུ་རང་དགོན་གྱི་གྲྭ་བཙུན་དག་དང་འགྲོགས་ནས་ཕེབས་ཏེ་མ་འོངས་པ་གནས་འདིར་སྤར་ཐུབ་དབེན་པ་དང་དགོན་པའི་མཚན་ཉིད་ཚང་ཞིང་གྲོང་ལས་དགོན་པ་འཕགས་དགོས་པའི་ཚུལ་སོགས་ཡང་ཡང་གསུངས།   སྐབས་སུ་དགོན་གནས་གསར་སྤོའི་ལས་གཞི་ལ་མངོན་པར་འཇུག་གྲབ་ཡོད་དུས།   ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་གསུམ་པ་རྒྱུད་གསུམ་བསྟན་པའི་མངའ་བདག་ཤར་རྫ་བ་ཞལ་མངོན་པ་ཞིང་འདི་སླར་ཡང་ཕེབས་པ་དང་གཉིས་སུ་མ་འཆིས་པ་ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཇིག་མེད་རིག་པའི་དབང་ཕྱུག་དང་།   མཁན་པོ་རིག་འཛིན་དབང་རྒྱལ་རྣམ་པ་གཉིས་རི་ཁྲོད་ནས་དགོན་གནས་གསར་པར་ཞབས་བཅགས་ནས་རྟེན་འབྲེལ་ལྷ་དར་རིང་མོའི་སྣ་དྲངས་ཏེ་སྐྱེས་བཟང་གྱ་ནོམ་པ་བསྩལ།  ཞོར་དུ་ཡུལ་གྱི་སྐྱེས་ལྷ་དང་གཉན་ལམ་སྡེ་བཞིའི་རིགས་སོགས་ལ་བསང་དང་གསེར་སྐྱེམས་ཀྱིས་བཀའ་བགོས་དམ་བཏགས་མཛད་དེ་ཕྱིས་སུ་ལས་གང་ལ་འཇུག་ཀྱང་སྟབས་ལེགས་པའི་ཕྲིན་ལས་ཀྱི་ཐ་ཚིག་དམ་པོར་བཞག   གནས་གཞི་ལ་རབ་གནས་ཀྱིས་བྱིན་དབབ་ཅིང་ས་འདུལ་ཡང་ཕུན་སུམ་ཚོགས་པ་གནང་།   སྔར་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་རང་སོར་བཞག་ནས་གོང་སར་གསར་བཞེངས་མཛད་པ་དབྲ་སྟོན་ཉེར་གཉིས་པའི་ཐུགས་ལ་ཤར་ཏེ་གཤེན་གྱི་འབྱུང་ལྡན(༣༠༡)སྤྱི་ལོ(༢༠༡༡)ལོ་བོང་བུ་ཞེས་པ་ལྕགས་མོ་ཡོས་ཀྱི་ལོར་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་འདུས་མང་ཡོངས་དང་ལྷ་སྡེ་ཀུན་ནས་མང་མོས་ཀྱིས་གནས་གཞི་སྤོ་བའི་ལས་ལ་འཇུག་སྟེ།  རྒྱལ་བའི་བཀའ་རིན་པོ་ཆེ་དྲི་མ་མེད་པ་དག་ཚར་དང་།  གཤེན་གྱི་བསྟན་པའི་བཀའ་སྲུང་ཆེན་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས།  ལོ་དུས་ལྟར་ཡི་དམ་བཀའ་ཆེན་སྡེ་དགུའི་ནང་ཚན་སྟག་ལ་མེ་འབར་གྱི་ལས་སྦྱོར་དང་བཅས་སྒྲུབ་ཆེན་དང་།  དེ་བཞིན་དབལ་ཕུར་ནག་པོའི་སྒྲུབ་ཆེན།  དབལ་གསས་རྔམ་པའི་སྒྲུབ་ཆེན།  གདུགས་དཀར་གསར་རྙིང་གི་སྒྲུབ་ཆེན་རེར།  གཞན་སྲུང་མ་ཆེ་ཆུང་གི་ཚོགས་བསྐང་དང་སྟོང་རྒྱུང་རྔན་བསང་དང་བློ་ལྡན་རྔན་བསང་ཡུལ་ས་འགྲས་བསྡུམ་བཅས་རིམ་གྲོ་གང་ལ་གང་འཚམ་གྱིས་ལས་གཞིའི་སྟ་གོན་བྱས་ཏེ་འགོ་རྩོམ། སྐབས་དེར་དཔལ་ཤར་རྫ་བའི་གདན་སར་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་འཚོགས་འདུར་ཕེབས་འཛོམ་བྱུང་བའི་བོན་གྱི་སྐྱེས་ཆེན་ཤར་རྫའི་རྒྱལ་ཚབ་གསུམ་པ་འཇིགས་མེད་རིག་པའི་དབང་ཕྱུག་རིན་པོ་ཆེ་མཆོག་དང་།  གནས་ལྔ་རིག་པའི་པཎྜི་ཏ་ཆེན་ཆེན་པོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།  གྲུབ་རྗེ་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན།  མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར།   མཁན་པོ་རིག་འཛིན་དབང་རྒྱལ།  སྣང་ཞིག་རྒྱལ་ཚབ་རྒྱ་འོབས་བསྟན་འཛིན་དབང་རྒྱལ།  རྟོགས་ལྡན་ཁྲི་ཆེན་འཇམས་དབྱངས་མཁྱེན་རབ་རྒྱ་མཚོ།  ཉག་རོང་ཡེ་ཤེས་དགོན་དབུ་བླ་བསྐལ་བཟང་རྒྱ་མཚོ།  དབྲ་སྲས་ཟླ་བ་གྲགས་པའི་ཡང་སྤྲུལ་ནམ་མཁའ་འོད་ཟེར།  བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས།  སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས།  བཅས་གཙོས་པའི་བླ་མ་མཁན་པོ་དགེ་བཤེས་སྤྲུལ་སྐུ་གྲྭ་བཙུན་སྔགས་པ་བཙུན་མ་བཅས་བརྒྱ་ཕྲག་ལས་བརྒལ་བ་གནས་འདིར་དབྲ་སྟོན་ཉེར་གཉིས་པ་མཆོག་གིས་གདན་འདྲེན་ཞུས་ཏེ་སྟེང་ཆེན་དགོན་སེར་སྐྱ་ཡོངས་ནས་སྤྲོ་སེམས་ཀྱིས་ཁེངས་ནས་ཕེབས་བསུ་ཞུས།  གནས་དེ་ལ་ཉམས་རྟོགས་ཀྱིས་ཕྱུག་པའི་མཁས་གྲུབ་དེ་གི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་གྱིས་རབ་ཏུ་གནས་པར་མཛད་པས་སྔ་ལས་ལྷག་པའི་གནས་བག་དྲོ་ཞིང་བྱིན་ཆགས་པ་གྱུར།  དེ་ནས་ལས་གཞི་ལ་རིམ་པར་འཇུག་སྟེ་ད་ལྟ་མཇུག་གྲུབ་ལ་ཉེ་ཡོད།   འདི་དག་རྒྱས་པ་ནི་གཤེན་གྱི་བཀའ་སྒྲོམ་ལས་གསལ་བས་འདི་ནས་དེས་འཐུས་པར་བྱས།   གཞན་ཡང་ཁོང་གི་མཛད་རྣམ་རྒྱས་པ་ནི{མཛད་རྣམ་དོན་བསྡུས་ལས་ཅན་ཐར་པའི་གྲུ་གཟིངས}ཞེས་པ་ལས་གསལ་བས་དེ་རུ་གཟིགས་པར་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།