རྟོགས་ལྡན་སྒོམ་ཆེན་འབར་བའི་རྣམ་ཐར་ཉུང་བསྡུས།

རྟོགས་ལྡན་སྒོམ་ཆེན་འབར་བའི་རྣམ་ཐར་ཉུང་བསྡུས།
ཀུན་མཁྱེན་ཤར་རྫ་རིན་པོ་ཆེ།

     ༄༅། །འབར་བའི་རྣམ་ཐར་ཟུར་ཙམ་བཤད། །ཡུལ་ནི་ཉང་སྟོད་རྒྱ་མཁར་རོ། །གདུང་རུས་བཞག་གི་བོན་པོ་སྟེ། །སྐུ་མཆེད་གསུམ་གྱི་འབྲིང་བོ་ཡིན། །ཆུང་ནས་དད་པ་དང་ལྡན་ཅིང་། །ཆེར་སྐྱེས་རྒྱ་གར་ལ་སོགས་སུ། །ཚོང་ལ་ལན་གྲངས་མང་པོ་ཕྱིན། །ཡང་ནི་ཚོང་ལ་ཕྱིན་པ་དང་། །རྗེ་བཙུན་དམ་པ་སྐྱི་མཁར་དུ། །བླ་མ་སྐྱེ་སེ་མཇལ་བ་ལ། །བྱོན་པ་དང་ནི་ལྷན་ཅིག་འཛོམས། །དེ་དུས་གཙང་པ་ལ་ཡང་ནི། །མོས་གུས་ཆེན་པོ་གཏིང་ནས་སྐྱེས། །ཅི་ནས་ཀྱང་ནི་བླ་མ་འདིའི། །ཤུལ་དུ་འགྲོ་ནས་ཐུགས་ཟིན་པར། །བྱ་དགོས་དགོངས་ནས་བླ་མའི་དྲུང་། །ཕྱིན་ནས་ང་ཡང་དམ་པའི་མདུན། །འགྲོ་བ་ཞུས་པས་བླ་མ་ཡིས། །རྒྱགས་གྲབས་གྱིས་ལ་འགྲོ་གསུངས་པས། །འདི་ཀ་ལྟར་དུ་འགྲོ་བ་ལགས། །ཞུས་ནས་ཕྱིན་ཏེ་ཉངས་ཆུའི་འགྲམ། །དེ་རུ་སླེབས་པས་སྣང་བ་ལ། །སྐྱོ་ཤས་ཆེན་པོ་གཅིག་སྐྱེས་ཚེ། །ཏོག་མ་ཆུ་ལ་བསྐྱུར་ནས་སུ། །ཁྱོད་རང་དེ་ནས་མར་སོང་ཞིག །ང་རང་འདི་ནས་ཡར་འགྲོ་ཡི། །ཡུ་བུ་གཉིས་ཀྱི་འགྲོགས་ཡུན་དེ། །རིང་བ་ཡིན་གསུངས་དེ་ནས་ཕྱིན། །འུ་ཡུག་ཡོན་པོར་དམ་པའི་དྲུང་། །ཞབས་ཏོག་ཞུས་ཤིང་སྒོམ་ཞུས་པས། །ཤིན་ཏུ་ངོ་མཚར་ཆེ་བར་བྱུང་། །དེ་དུས་ཐམས་ཅད་བསོད་སྙོམས་སོང་། །གཙང་པས་ཀྱང་ནི་འགྲོ་ཞུས་ནས། །ཞག་བཅུ་ཙམ་ལ་བསོད་སྙོམས་བྱས། །དེ་ནས་དགེ་སྦྱོར་བྱས་པ་ལ། །སྔར་དང་འདྲ་བ་མ་བྱུང་བས། །བསོད་སྙོམས་བོར་ནས་ཕྱིར་ལོག་སྟེ། །དམ་པའི་དྲུང་དུ་ཕྱིན་པ་དང་། །ང་ཡི་དགེ་སྦྱོར་མ་བྱུང་ལགས། །ཞུས་པས་དང་ནི་དམ་པ་ཡིས། །བསོད་སྙོམས་ཀྱིས་ལན་པ་ཡིན་གསུངས། །འོ་ན་ཁ་ཉིན་དུས་དེ་ནས། །མི་གསུངས་བྱས་ནས་འཁྲོས་པ་དང་། །དམ་པས་གདམས་ངག་བྱ་ཆོག་གསུངས། །གདམས་ངག་མཛད་ཀྱང་མ་བྱུང་བས། །སྒོམ་འབར་ཞལ་ནས་འདི་སྐད་དུ། །ཡོ་བྱད་ཅན་རྣམས་ཚོགས་འཁོར་བྱེད། །ཚོགས་འཁོར་བྱ་རྒྱུ་ཡོ་བྱད་མེད། །ལྟ་སྒོམ་ཅན་རྣམས་ཉམས་མྱོང་སྐྱོང་། །ཉམས་མྱོང་སྐྱོང་དུ་དགེ་སྦྱོར་མེད། །ཞེས་སོགས་སྡུག་གླུ་བླངས་པ་གྲགས། །དེ་ནས་སྟོན་ཀ་ཐམས་ཅད་ཀྱང་། །གྱེས་པའི་དུས་སུ་སྒོམ་འབར་གྱིས། །དབང་བསྐུར་ཞུས་པས་དམ་པ་ཡིས། །བུམ་པ་མགོ་ཐོག་ཏུ་བཞག་ནས། །སྒོམ་འབར་ཁྱོད་ཀྱི་སྡུག་སྐད་དེ། །གལ་ཆེ་བ་ཞིག་ཡིན་ན་ད། །གཟུང་འཛིན་རྣམ་པར་རྟོག་པ་ཉིད། །ཏིབ་ཀྱིས་ནུབ་པ་གཅིག་དགོས་ཀྱི། །ངའམ་བདག་ཏུ་འཛིན་པ་པོ། །འདུག་གམ་མི་འདུག་ལྟོས་ཤིག་གསུངས། །དེ་དུས་དགེ་སྦྱོར་ལྷག་གིས་བྱུང་། །ཡང་ཞིག་དབུས་སུ་རྒྱགས་ཚོལ་དུ། །ཕྱིན་ནས་མཚོ་སྨན་ལྷ་ཁང་དུ། །གཡོག་པོ་ལོ་འགར་བྱས་པ་དང་། །ཡང་ནི་དགེ་སྦྱོར་ཤོར་ནས་ལོག །བླ་མའི་སྤྱན་སྔར་སླེབས་པ་དང་། །བླ་མ་བཀའ་དྲིན་ཆེ་ཡང་ཆེ། །དགེ་སྦྱོར་མེད་པ་ཡོད་པ་བྱས། །ཆུང་ཡང་ཆུང་སྟེ་གཏོར་མ་ལ། །ཟ་རུ་བཅུག་ནས་དགེ་སྦྱོར་ཉིད། །སྐྱོང་དུ་འཇུག་ཐང་པ་ལ་ནི། །དེ་ལྟར་མ་བྱས་ད་ང་ཡི། །དགེ་སྦྱོར་ཤོར་ནས་མེད་གསུངས་ནས། །བཤུམ་པས་དམ་པའི་ཞལ་ནས་བུ། །སྡུག་སྡུག་མི་དགོས་དགེ་སྦྱོར་དག །སྟོང་བ་བཙལ་བའི་གདམས་ངག་ཡོད། །གབ་པ་ཕྱུང་བའི་གདམས་ངག་ཡོད། །འཐས་པ་བཤིག་པའི་གདམས་ངག་ཡོད། །བྱེར་བ་བསྡུད་པའི་གདམས་ངག་ཡོད། །གསུངས་ནས་ཉིན་གཅིག་ད་འདོངས་གསུངས། །ན་ཆུ་ལྗག་ལྗིག་ཡོད་པ་ལ། །ཁྲིད་ནས་དམ་པས་འབར་བ་ཁྱོད། །གཞོན་དུས་ཉམས་ཤས་ཆེར་སྐད་པས། །འདི་ལ་མཆོང་རྒྱག་ཐོང་ཅིག་གསུངས། །འབར་བས་དེ་ལྟར་བགྱིས་པས་འགྱེད། །ལུས་བརྡབ་ན་ཚ་དྲག་པོ་དང་། །དགེ་སྦྱོར་ལྷན་ཅིག་འཆར་ནས་བྱུང་། །དེ་དུས་ངུ་རྒོད་འདྲེས་མ་རུ། །རེས་ཤིག་བར་དུ་ལུས་སོ་སྐད། །དེ་ལ་རྗེ་བཙུན་དམ་པ་ཡིས། །དགེ་སྦྱོར་འཐས་པ་བཤིག་པའམ། །སྟོར་བ་ཚོལ་ན་དེ་ཙུག་བྱེད། །རྒས་པོས་གདམས་ངག་ཤེས་སོ་གསུངས། །དེ་ལྟར་ཉམས་ནི་རིམ་སྐྱེས་པ། །ཡིན་པས་བགད་ཀྱང་དགེ་སྦྱོར་ལ། །དད་དང་བརྩོན་འགྲུས་ཆེར་བསྐྱེད་ཅིང་། །ཐུགས་དམ་ཆུ་བོའི་རྒྱུན་བཞིན་དུ། །ཡེངས་པ་མེད་པར་ཉམས་བླངས་པས། །རྟོགས་པ་མངོན་དུ་གྱུར་ནས་སུ། །གྲུབ་ཐོབ་ཆེན་པོར་གྱུར་བ་སྟེ། །མངོན་པར་ཤེས་པའི་རྩལ་ལྡན་ཅིང་། །ལྷ་ཀླུས་ཕྱག་དང་བསྐོར་བ་བྱེད། །ཉམ་ཐག་འགྲོ་ལ་ལྷག་པར་བརྩེ། །གཙང་པ་སྙིང་རྗེ་པ་ཞེས་གྲགས། །དེ་ལ་སོགས་པའི་ལོ་རྒྱུས་དག །མང་དུ་ཡོད་ཀྱང་འདིར་མ་བྲིས། །རྣམ་ཐར་རྒྱས་པའི་ནང་དུ་གསལ། །དེ་ནས་མྱ་ངན་འདའ་ཚུལ་ནི། །དགུང་ལོ་བདུན་ཅུ་རྩ་བདུན་ལ། །ན་ཚའི་ཟུག་རྔུ་མ་ལྡང་བར། །འོད་དང་འོད་ཟེར་བཅས་ནས་སུ། །ལྷག་མེད་དབྱིངས་སུ་མངོན་པར་གཤེགས། །རྗེས་འཇུག་བུ་སློབ་གྲོལ་ཚུལ་ལ། །འཁྲུལ་ཞིག་རྣལ་འབྱོར་མང་དུ་བྱུང་། །ཀུན་གྱི་ནང་ནས་མཆོག་གྱུར་བ། །གཙང་དུ་མར་སྟོན་རྒྱལ་ལེགས་དང་། །གྲུབ་ཐོབ་ཇོ་གདུང་གཉིས་སུ་བྱུང་། །དབུས་སུ་གནམ་མཚོ་དོ་པ་དང་། །ཁྱུང་སྒོམ་ཇོ་གཡུང་གཉིས་སུ་བྱུང་། །ཁམས་སུ་སྙ་སྒོམ་ཕར་ཕྱིན་དང་། །དབུ་བྲག་པ་དང་གཉིས་སུ་བྱུང་། །ཁྱད་པར་གདམས་པ་འདིའི་བདག་ཉིད། །གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་ལགས། །མ་འོང་ལུང་གིས་ཟིན་ཚུལ་ནི། །དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། །དེ་ཡི་བསྟན་པའི་རྒྱུད་འཛིན་པ། །གཙང་དབུས་གཉིས་ཀྱི་རུ་མཚམས་སུ། །སྒོམ་པ་འོད་ཁྱིམ་འབར་བ་ཅེས་པ་འབྱུང་། །རི་སྒོམ་བསྟན་པ་ཅུང་ཞིག་དར། །དེ་རྗེས་ནུབ་ཕྱོགས་ཨུ་རྒྱན་དུ། །སྐྱེ་བ་གསུམ་ལ་འགྲོ་དོན་མཛད། །དེ་ནས་རིག་འཛིན་ཕོ་བྲང་དུ། །སྐྱེ་བ་མི་ལེན་མངོན་སངས་རྒྱ། །ཞེས་སོགས་གསུངས་བཞིན་བླ་མ་འདི། །བདེ་བར་གཤེགས་པའི་རྣམ་འཕྲུལ་ཉིད། །འགྲོ་བའི་དོན་ལ་བྱོན་པའོ། །

ཤར་རྫ་བའི༼རྫོགས་ཆེན་སྐུ་གསུམ་རང་ཤར༽་ལས་གུད་དུ་ཕྱུང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།