གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་གི་རྣམ་ཐར་ཉུང་བསྡུས།

གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་གི་རྣམ་ཐར་ཉུང་བསྡུས།
ཀུན་མཁྱེན་ཤར་རྫ་རིན་པོ་ཆེ།

   ༄༅། །ཇོ་གཡུང་རྣམ་ཐར་ཟུར་ཙམ་བཤད། །ཡུལ་ནི་སྙི་མོ་རུ་མཚམས་ལ། །གདུང་རུས་ཁྱུང་བོའི་བོན་པོ་སྟེ། །དེ་ཡང་ཆུང་ནས་དད་མོས་ལྡན། །བྲིས་ཀློག་ལ་སོགས་མཁས་པ་གྲགས། །དེ་ནས་ཆེར་སྐྱེས་སྔོན་འབྲེལ་གྱིས། །རྟོགས་ལྡན་སྒོམ་འབར་དང་ནི་མཇལ། །ཐེག་པ་ཆེན་པོའི་ངོ་སྤྲོད་ཞུས། །དཀའ་སྤྱད་དུ་མའི་སྒོ་ནས་སུ། །རྟག་ཏུ་ཡེངས་མེད་ཉམས་ལེན་མཛད། །དེ་ནས་གྲུབ་ཆེན་ཇོ་གདུང་ལ། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྣམས་བླངས། །རྩ་བ་ཡན་ལག་ཉམས་ལེན་བསྲུང་། །དེ་ལྟར་ལྟ་སྤྱོད་འབྲེལ་བ་རུ། །སྙི་མོ་འཕག་སྤུ་ལ་སོགས་པའི། །ཚེ་གཅིག་དབེན་པའི་རི་ཁྲོད་དུ། །བརྩོན་པ་དྲག་པོས་ཉམས་བླངས་པས། །གཟུང་འཛིན་སྣང་བ་རང་སར་གྲོལ། །མི་བདེ་འཁོར་བའི་སྡུག་བསྔལ་ཀུན། །བདེ་བ་ཆེན་པོ་ཁོང་ནས་ཤར། །ཞལ་ནས་ཀྱང་ནི་འདི་གསུངས་ཏེ། །ཕྱི་ཡི་སྣང་བ་སྣ་ཚོགས་ཀྱང་། །རང་སྣང་འཛིན་མེད་སྣང་བ་བདེ། །ནང་གི་ཤེས་པ་སྣ་ཚོགས་ཀྱང་། །གསལ་ལ་འཛིན་མེད་ཤེས་པ་བདེ། །བར་གྱི་ཚོགས་དྲུག་ལྷུག་པ་ཡང་། །དོན་མ་བཅོས་རང་ལུགས་ལྷུག་པ་བདེ། །མི་བདེ་མ་མཆིས་བདེ་མོར་གདའ། །ཞེས་པ་ལ་སོགས་མང་དུ་གསུངས། །ཉམས་རྟོགས་ཡོན་ཏན་དཔག་མེད་རྫོགས། །གཞན་གྱི་ཤེས་རྒྱུད་ས་ལེར་མཁྱེན། །སྐུ་ལུས་བྱ་རྒོད་དུ་སྤྲུལ་ནས། །ནམ་མཁའི་དབྱིངས་སུ་འཕུར་བ་དང་། །ས་རྡོ་རི་བྲག་ལ་སོགས་པའི། །འབྱུང་བ་བཞི་ལ་ཐོགས་ཆགས་མེད། །ཚད་མེད་ཐུགས་རྗེ་དང་ལྡན་པས། །ཉམས་ཐག་འགྲོ་བ་རྒྱུན་དུ་སྐྱོང་། །བྱིན་རླབས་ནུས་པ་རབ་ལྡན་པས། །ཕ་རོལ་གཞན་གྱི་བར་ཆད་སེལ། །ལྟ་སྤྱོད་ཟུང་དུ་འབྲེལ་བ་ཡིས། །དད་ལྡན་བློ་སྣ་དགེ་ལ་བསྒྱུར། །ཐ་མར་མྱ་ངན་འདས་ཚུལ་ཀྱང་། །སྐུ་ལ་འཇའ་འོད་འཕྲོ་བ་དང་། །མཉམ་དུ་དགོངས་པ་བོན་དབྱིངས་རྫོགས། །སྤུར་ལས་རིང་བསྲེལ་མང་དུ་བྱོན། །ཕྱི་རབས་འདྲེན་པའི་རྟེན་དུ་བཞག །གཞན་དོན་ཤེས་རྒྱུད་གྲོལ་ཚུལ་ལ། །བསྟན་དང་འགྲོ་བའི་དོན་ནུས་པའི། །བུ་སློབ་གྲྭ་འཁོར་མང་དུ་བྱུང་། །ཀུན་གྱི་ནང་ནས་མཆོག་གྱུར་བ། །གདམས་པ་འདི་ཡི་མངའ་བདག་ནི།།ཞང་འབྲི་ལུང་པ་ཆེན་པོའམ། །རྟོགས་ལྡན་དམ་པ་ཚུལ་ཤེས་ལགས། །མ་འོང་ལུང་གིས་ཟིན་ཚུལ་ལ།།རྫོགས་ཆེན་གསེར་གྱི་ཐིགས་པ་ལས། །ཚེ་དབང་ཉིད་ཀྱི་ཐུགས་སྤྲུལ་མཆོག །ཁྱུང་སྒོམ་ཞེས་བྱ་འགྲོ་བའི་དོན་མཛད་འབྱུང་། །བོན་གྱི་བསྟན་པ་བསྲིང་ཞིང་སྤེལ། །གཤེན་རབ་ཉིད་དང་ཁྱད་པར་མེད། །ཞེས་དང་བླ་མའི་གསུངས་ལས་ཀྱང་། །སྙི་མོ་ཤ་སྙེའི་གྲུབ་གནས་སུ། །གྲོལ་བ་ཐོབ་པའི་བླ་མ་སྟེ། །གྲུབ་ཐོབ་ཇོ་གཡུང་རྫུ་འཕྲུལ་ཅན། །ཞེས་སོགས་གསུངས་བཞིན་བླ་མ་འདི། །བདེ་གཤེགས་རྣམ་སྤྲུལ་འགྲོ་བའི་དོན། །བཤེས་གཉེན་ཚུལ་དུ་བྱོན་པའོ། །

ཤར་རྫ་བའི༼རྫོགས་ཆེན་སྐུ་གསུམ་རང་ཤར༽་ལས་གུད་དུ་ཕྱུང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།