བོན་བརྒྱ་རང་ཤར་རིག་གྲོལ་གྱི་རྣམ་ཐར་བསྡུས་པ།

བོན་བརྒྱ་རང་ཤར་རིག་གྲོལ་གྱི་རྣམ་ཐར་བསྡུས་པ།

འཆི་མེད་ཀྱིས་བརྩམས།

    བོན་བརྒྱའི་བོན་པོ་མཁར་རྩེའམ་གསང་བདག་རང་ཤར་རིག་གྲོལ་རྩལ་ནི། རབ་བྱུང་བཅུ་བཞི་བའི་ལྕགས་ཕོ་སྟག༼༡༨༣༠༽ལོར། མདོ་སྨད་བྱང་ཕྱོགས་ཨཀྟ་རོང་གི་གཡས་ཟུར། རྨ་ཀླུང་གཙང་ཆབ་རིང་མོའི་ནང་ལུང༌། འབའ་གཞུང་ནོར་འཛིན་ཡངས་པའི་ཐིག་ལེར་བོན་གྱི་གྲུབ་ཐོབ་རིག་འཛིན་བརྒྱུད་མ་ཆད་པར་བྱོན་པའི་བོན་བརྒྱ་ཞེས་པའི་འབྲོག་སྡེར་སྐུ་འཁྲུངས། ཆུང་དུས་མཚན་ལ་ལྷ་འབུམ་རྒྱལ་ཟེར་ཞིང་རྙིང་མས་ཨ་ཡ་ལྷ་འབུམ་དང་སློབ་དཔོན་པདྨའི་སྤྲུལ་པ་ཡིན་ཟེར་ཡང༌། བོན་གྱི་བཀའ་ལུང་ཚད་མ་དང་སྐྱེས་ཆེན་དམ་པ་དུ་མས་འགྲོ་མགོན་ཚེ་དབང་ཆེན་པོའི་སྤྲུལ་པ་ཡིན་པར་ཞལ་འཆམས།  དགུང་ལོ་བདུན་གྱི་ཐོག་འཚོ་བྱེད་གཞོན་ནུའི་སྤྲུལ་པ་ཁུ་བོ་དཔལ་མཁར་རྒྱལ་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ཐ་སྙད་རིག་གནས་ཀུན་ལ་སྦྱངས་པར་ཁོང་ཐུགས་རིག་བཀྲ་ཞིང་མཁྱེན་དཔྱོད་ཀྱི་རྩལ་ཆེ་ལ་དཀའ་སྤྱད་སྡུག་བསྲན་ཕོད་པ་ཞིག་ཡིན་པས། རིང་པོར་མ་ཐོགས་པར་ཕྱི་ནང་རིག་པའི་གནས་ཀུན་ལ་མཁས་པར་གྱུར་ཅིང་ཕ་མེས་ནས་བརྒྱུད་པའི་འདོན་དབྱངས་རྟ་དང་བཅའ་ཕྱག་ལེན། འབུད་བརྡུང་དཀྲོལ་གསུམ་སོགས་བྱང་ཆུབ་པར་གྱུར་སྟབས། ན་མཉམ་གྱི་ཁྲོད་ནས་ཚད་འཇོག་ས་དང་དཔེ་བལྟ་ས། བློ་འདྲི་སའི་ཡུལ་དུ་གྱུར། ཁྱད་པར་གསོ་རིག་《རྒྱུད་བཞི་》རྩ་འགྲེལ་དང་《མན་ངག་ལྷན་ཐབས》  《མན་ངག་བཀའ་རྒྱ་མ་》 《ཤེལ་གོང་ཕྲེང་》སོགས་ལག་ལེན་དམར་ཁྲིད་མྱོང་བ་བརྒྱུད་པའི་ཕྱག་ལེན་ཇི་བཞིན་སྦྱང་བརྩོན་ནན་ཏན་བྱས་ཏེ་དགུང་ལོ་བཅུ་གསུམ་ནས་བཟུང་བདུད་རྩི་སྨན་གྱིསའགྲོ་དོན་མཛད།།

རྩེ་ཞིག་བླ་མ་གཡུང་དྲུང་བསྟན་རྒྱས་དང༌། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེ་རྣམ་གཉིས་ལས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་དང༌། བཀའ་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་དབང་དང་རྗེས་གནང་སོགས་ཐུན་མོང་དང་ཐུན་མིན་གྱི་གདམས་པ་མང་དུ་ཐོབ། དགུང་ལོ་བཅུ་བདུན་ཐོག་འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྐུ་རྗེས་འབྲངས་ནས་འབྲོང་ལུང་དུ་ཕེབས་ཤིང༌། སྔོན་འགྲོ་ཆོས་དྲུག་འཕོ་བ་བཅས་ལ་གནད་སྨིན་སྦྱངས། དབང་ལུང་མན་ངག་བུམ་པ་གང་བྱོར་ཐོབ། 《ལྟ་བ་མཁའ་ལྡིང་གཤོག་རླབས་》དང་《སེམས་ཁྲིད་ཡིད་བཞིན་ནོར་བུ་》 《འཕོ་བ་འཇའ་གུར་མ་》སོགས་རྟེན་སྐལ་དུ་གནང་སྟེ་ཁྱོད་ནི་རང་གའི་སྐྱེས་བུ་ཞིག་མིན། ཁྱོད་ཀྱི་སྔོན་ལས་ཀྱི་བླ་མ་ནི་ལྷོ་རྟོགས་ལྡན་བསོད་ནམས་ཕུན་ཚོགས་ཟེར་བ་ཡིན་པས་དེར་མཇལ་ན་ཁྱོད་ལ་སྒོམ་ཆེན་གངས་ཀྱི་སེང་གེ་འདྲ་བ་ཞིག་འོངས་སོགས་བསྔགས་བརྗོད་དང་འབྱུང་འགྱུར་བཀའ་ལུང་སྩལ་བ་བཞིན་ཤར་པ་ཁྲི་ཤང་གི་རྗེས་འབྲངསནས་ཤར་ཁོག་བརྒྱུད་དེ་རྔ་ཡུལ་དུ་ཕེབས། སྒྲིབ་སྦྱོང་གི་ཞོར་དུ་ཞུམ་པ་མེད་པའི་ཐུགས་བསྐྱེད་ཀྱིས་གཞན་ལ་གཡོག་བྱེད་པ་སོགས་དཀའ་བ་དུ་མ་ཉམས་བཞེས་ལྷུརལེན་མཛད། རྟོགས་ལྡན་སྐྱབས་མཆོག་བསོད་ནམས་ཕུན་ཚོགས་རིན་པོ་ཆེ་དང་ཚུལ་ཆེན་སྐུ་ཕྲེང་དང་པོ་ཚུལ་ཁྲིམས་ཡེ་ཤེས། པཎྚི་ཏ་དཀོན་མཆོག་འཇིགས་མེད་གླིང་བ་རྣམས་ཀྱི་ཞབས་པད་སྤྱི་བོའི་གཙུག་ཏུ་བཀུར་བར་བརྩེ་བས་རྗེས་སུ་བཟུང་སྟེ། མདོ་སྔགས་སེམས་གསུམ་སྤྱི་དང་ཡི་དམ་དབལ་གསས་རྔམ་པའི་དབང་ཁྲིད་རྒྱུད་ལུང་མན་ངག་རྒྱས་པར་གནང༌། ཁྱད་པར་དུ་ཚེ་གཅིག་གྲོལ་བར་བྱེད་པའི་གདམས་པ་རྫོགས་པ་ཆེན་པོ་《ཚེ་དབང་སྙན་བརྒྱུད་རིན་ཆེན་སྒྲོན་གསལ་》མ་ལྔ་བུ་བཅུའི་མན་ངག་དམར་ཁྲིད་མ་ལུས་པ་ཕ་ནོར་བུ་ལ་སྤྲོད་པའི་ཚུལ་དུ་གདམས། གསང་མཚན་རང་ཤར་རིག་གྲོལ་རྩལ་དུ་གསོལ། སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བཀའ་གཏད་མངའ་གསོལ་མཛད།  དེ་ནས་བཟུང་བསྙེན་སྒྲུབ་སྒོམ་གསུམ་ལ་རྩེ་གཅིག་ཏུ་འབད་པས། འཆི་མེད་ཡབ་སྲས་གསུམ་དང་ཁྱད་པར་རིག་འཛིན་ཚེ་དབང་ཆེན་པོས་དངོས་སྙམ་〔ཉམས་〕རྨི་ལམ་དུ་ལྷ་ཞལ་ཡང་ཡང་བསྟན་ནས་དབང་བསྐུར་བྱིན་རླབས་མཛད། མ་དང་མཁའ་འགྲོས་ལུང་བསྟན་ཐོབ་ཅིང་གྲུབ་པའི་རྟགས་དང་མཚན་མ་མངོན་པར་ཤར། ཁྲི་ཀའི་བླ་མ་སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག་དང༌། རྔ་ཡུལ་རྟོགས་ལྡན་གཡུང་དྲུང་དར་རྒྱས། ཆུ་ཁ་བློ་གྲོས་རྒྱལ་མཚན། སྟོང་ཆེའི་ཁྱུང་མོ་གྲུབ་ཆེན་རྣམས་དང་གསར་རྙིང་བོན་གསུམ་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་བསྟེན་ཏེ་དབང་ལུང་མན་ངག་བདུད་རྩིའི་བཅུད་ཀྱིས་ཐུགས་རྒྱུད་གཏམས་པར་མཛད་པས་ངེས་པ་དོན་གྱི་མདོ་སྔགས་བཀའ་གཏེར་གསར་རྙིང་ཆུ་བོ་གཅིག་ཏུ་འདུས་པའི་བརྒྱུད་པའི་མདོ་འཛིན་དང་མདོ་སྨད་བྱང་རྒྱུད་བསྟན་པའི་བདག་པོར་གྱུར། ཚུར་མཐོང་གི་སྣང་ངོར་བོན་གྲོང་དཀྱུས་མའི་ཚུལ་དུ་བཞུགས་ན་ཡང༌། དོན་དམ་པར་སྐུ་ཚེ་གང་བོར་ལྟ་སྒོམ་སྤྱོད་གསུམ་འཛོལ་བ་མེད་པར་ལྷག་པའི་ལྷ་དང་ཡི་དམ་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས་འབྲས་བུ་སྐུ་གསུམ་མངོན་དུ་གྱུར་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པས་སེམས་ཅན་གྱི་བསམ་སེམས་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་མེ་ལོང་དྭངས་པའི་བྱད་བཞིན་དུ་གསལ་བར་མཁྱེན་ཅིང་བྱིན་རླབས་སྟོབས་ཀྱིས་གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེ་དབང་དུ་བསྡུས་པ། རྣམ་བཞིའི་ཕྲིན་ལས་གང་ལ་གང་བརྩམས་ཐོགས་མེད་དུ་འགྲུབ་པ་སོགས་ཐུན་མོང་གི་གྲུབ་རྟགས་བསམ་ལས་འདས་པ་ནི་རྣམ་ཐར་མཇལ་བས་ཤེས་ལ། ཐུན་མིན་མཆོག་གི་དངོས་གྲུབ་ཐོབ་ཚུལ་ནི་ལྷག་པའི་ལྷ་དང་དབྱེར་མེད་ཚེ་ལུས་གཅིག་ལ་མངོན་སངས་རྒྱས་པ་ལགས། ཁྱད་པར་གསོ་རིག་སྐོར་ལ་དགུང་ལོ་ཉེར་བརྒྱད་ཐོག་《རྩ་བ་ཐུགས་རྒྱུད་ཀྱི་འགྲེལ་བ་ཨུ་དུམ་ཝ་རའི་རྒྱན་》དང་《བདུད་རྩི་སྨན་གྱི་སྡེབ་ཡིག》 《བྱིས་སྨན་ཨ་རུ་རྣམ་རྒྱལ》སོགས་གོ་སླ་དོན་འདུས་དུ་མ་བརྩམས་ཤིང་འཆད་ཁྲིད་གནང་བས་གསོ་རིག་བརྒྱུད་འཛིན་གྱི་བུ་སློབ་མང་དུ་བྱུང༌། དེ་དུས་འབྲུམ་ནད་ཅེས་པ་སེམས་ཅན་སྐྱེ་འགྲོའི་སྲོག་ལ་འཚེ་བའི་རིམས་ནད་ཀྱི་འཇིགས་པ་ཆེན་པོ་ཞིག་ཡོད་པར་དམིགས་ཏེ་ལོ་རྒྱུན་བུ་སློབ་དུ་མའི་འཁོར་ཚོགས་བཅས་མང་འབའ་རྩེ་གསུམ་གཙོས་རྨ་ཕ་རི་ཚུ་རི་སོགས་ཀྱི་རོང་འབྲོག་ཡུལ་སྡེ་སོ་སོར་ལྷ་བགོ་བར་ཕེབས་ནས་འབྲུམ་ནད་འགོག་སྲུང་ལ་འབད་པས་བོན་བརྒྱའི་ལྷ་སྨན་ཞེས་པའི་གྲགས་པ་དུས་དེ་ནས་བྱུང༌། དགུང་ལོ་ང་གསུམ་ཐོག་《འབྲུམ་བཅོས་བདུད་རྩིའི་རྒྱུན་བཟང་》རྩོམ་འབྲི་གནང་བ་མདོ་སྨད་ཕྱོགས་སུ་འབྲུམ་ནད་འགོག་སྲུང་གི་སློབ་དེབ་ལྟ་བུར་གྱུར་ཅིང་བརྒྱུད་འཛིན་ཟམ་མ་ཆད་པར་བྱུང་བ་དང་ཕན་ཐོགས་རྒྱ་ཆེན་པོ་བྱུང༌།།

གདུལ་བྱ་རེབ་གོང་སྟོད་སྨད་དང་ཁྲི་ཀ་གཡང་ལུང་ར་གསུམ། ཧོར་ཚོ་བཞི་གླིང་དྲུག ཤ་སྦྲང་ཚོ་དྲུག ཐར་ཤུལ་ཚོ་གསུམ། ཆུ་ཁོག་ཤོག་བཞི། རྒན་ཀྱཱ། སོག་པོ་སོགས་རོང་འབྲོག་ཀུན་ལ་མཆོད་ཡོན་དུ་འབྲེལ་ཞིང་སྡིག་སྤང་དགེ་སྒྲུབ་ཀྱི་སྲོལ་བཙུགས་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད་པ་དང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་རྒྱ་བོད་སོག་གསུམ་གྱི་ཆེ་རྒུ་དུ་མས་གཙུག་རྒྱན་དུ་བཀུར་བས་ཨ་མདོའི་རིག་འཛིན་ཆེན་པོ་ཞེས་པའི་སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར། དེ་ལྟར་སྐུ་ཚེའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་བ་རབ་བྱུང་བཅོ་ལྔ་བའི་ས་མོ་ཕག་༼༡༨༩༩༽གི་ལོར་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། རྗེས་འཇུག་བུ་སློབ་བསྟན་འགྲོའི་དོན་ནུས་པ་བཅུ་ཕྲག་དུ་མ་བྱུང་བ་ལས་ཁྱད་པར་འཕགས་པ་མཁས་གྲུབ་ཆེན་པོ་གཡུང་དྲུང་ཕུན་ཚོགས་རིན་པོ་ཆེ་དང་གཏེར་ཆེན་ནམ་མཁའི་རྣལ་འབྱོར་ཨ་ལགས་རིན་ཆེན་རྒྱལ། མག་སར་ཨ་ལགས་བསོད་ནམས་ཚང༌། གླིང་བརྒྱའི་རིག་འཛིན་དཔལ་ལྡན་རྒྱ་མཚོ། སྔགས་འཆང་པདྨ། ཚ་བོ་རིག་འཛིན་ཚེ་རིང་སོགས་སྐྱེས་ཆེན་དམ་པ་མང་པོ་བྱུང་ཞིང་དེ་དག་གི་དངོས་སློབ་ཡང་སློབ་ཏུ་གྱུར་བའི་བླ་སྤྲུལ་སྔགས་འཆང་རིག་འཛིན་གྲངས་མེད་ཅིག་བྱུང་དང་འབྱུང་བཞིན་ལགས།།

རྗེས་བཞག་གསུང་རྩོམ་སྐོར་ལ། 《བློ་འཛིན་བདེ་བའི་དག་ཡིག་ཉུང་གསལ》 《རྩ་རྒྱུད་འགྲེལ་བ་ཨུ་དུམ་ཝ་རའི་རྒྱན》 《བྱིས་སྨན་ཨ་རུ་རྣམ་རྒྱལ》 《འབྲུམ་བཅོས་བདུད་རྩིའི་རྒྱུན་བཟང་》 《ནག་རྩིས་ཀྱི་སྔོན་འགྲོ་གསེར་གྱི་ལྡེ་མིག》 《ཚེ་དབང་ཕྱག་བཞེས་མུ་ཏིག་ཕྲེང་བ》 《ལུས་སྦྱིན་བདག་འཛིན་རྩལ་གཅོད་ཤེས་རབ་རིག་པའི་རལ་གྲི》 《དབལ་གསས་སྐུ་གསུང་ཐུགས་ཀྱི་མངོན་རྟོགས་ཆུང་བ་གཙོ་བོ་རྒྱན་རྫོགས》སོགས་ཆོ་གའི་ཕྱག་བཞེས་དང་ཟིན་བྲིས།  བསྟོད་ཚོགས། ལྟ་མགུར་བཅས་སྡེ་ཚན་སུམ་ཅུ་རྩ་གྲངས་པོད་གསུམ་ལོངས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རྗེས་འཇུག་སྐལ་ལྡན་རྣམས་ལ་དད་པའི་རྟེན་དུ་བཞུགས་ཡོད་དོ།།  ཞེས་ཀློག་མཁན་རྣམས་ལ་མཚམས་སྦྱོར་གྱི་ཚུལ་དུ་འཆི་མེད་ཀྱིས་ཕུལ་བ་དགེའོ།།  །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།