རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་མཛད་རྣམ་དང་ཆེ་བའི་ཡོན་ཏན།

༧ རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་མཛད་རྣམ་དང་ཆེ་བའི་ཡོན་ཏན།
bk_af5a69b5d6ca81ffdff829dd145d4ef8_5MdrAJ

༧ རྗེ་རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི། སྔོན་བྱོན་རིག་འཛིན་གོང་མ་རྣམས་ཀྱི་བྱིན་གྱིས་རླབས་པའི་ས་གནས། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་དམུ་རྡོ་གཡུང་དྲུང་ལྷ་གཉེན་དང་ཉེ་བའི་སྟེགས་སྐྱོགས་ཞེས་བྱ་བར། ཡབ་དབྲ་རིགས་བོན་པོ་ཀླུ་རྒྱལ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་འཆང་བ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་དབང་ལྡན་ཞེས་པ་རབ་བྱུང་དྲུག་པའི་མེ་སྤྲེལ་༼ཕྱི་ལོ་༡༣༥༦༽ལོའི་དཔྱིད་ཟླ་ར་བའི་ཚེས་ལྔ་ཉིན་མེ་ཏོག་གི་ཆར་བབས་ཤིང་། འཇའ་ཚོན་སྣ་ལྔའི་འོད་ཟེར་སྤྲོས་པ་སོགས་མི་ཀུན་གྱི་མཐོང་ལམ་དུ་གྱུར་བ་དང་། ཁྱད་པར་དུ་གདུལ་བྱ་ལས་ཤིན་ཏུ་བཟང་བ་འགའི་སྣང་ངོར་ནམ་མཁའ་ནས། ལྷ་དང་ལྷ་མོའི་ཚོགས་ཀྱིས་མཛེས་པའི་གར་བསྒྱུར་ཞིང་། སྙན་པའི་གླུ་ལེན་པ་དང་། དགའ་བའི་བྲོ་འཁྲབ་པ་སོགས་རྟགས་དང་རྟེན་འབྲེལ་གྱི་དགའ་སྟོན་ཕུན་སུམ་ཚོགས་པས་སྣེ་དྲངས་ཏེ་འགྲོ་བ་མི་ཡི་ཆ་ལུགས་ཀྱི་ཚུལ་བཟུང་ནས་སྐུ་མཆོག་མངོན་པར་བལྟམས། སྐུ་ན་ཆུང་ངུའི་དུས་ནས་སྔོན་གྱི་ལས་འཕྲོ་ཟབ་མོའི་ཉེར་ལེན་དང་བྱིན་རླབས་ཀྱི་འོད་ཟེར་ཀུན་ནས་འཛུམ་པས་མཁྱེན་རྟོགས་ཧ་ཅང་གསལ་བ་དང་། ཐུགས་རིག་ཤིན་ཏུ་རྣོ་བར་བརྟེན་འཕྲུལ་ཆེན་ཡིག་འབྲུ་སུམ་ཅུ་མ་བསླབ་ཀྱང་རང་རྡོལ་དུ་མཁྱེན་ཅིང་། ཡབ་ཀྱི་དྲུང་ནས་ཡིག་གཟུགས་འབྲི་ཀློག་དང་། བརྡ་སྦྱོར་སྙན་ངག  མོ་རྩིས་གཏོ་དཔྱད་བཅས་རྒྱུ་ཡི་བོན་བཞིར་ཕྱོགས་ཙམ་གསན་པས་ཚེགས་མེད་དུ་མཁྱེན་པ་སོགས། སྐྱེས་བུ་དམ་པའི་ཡང་སྤྲུལ་གྱི་དན་རྟགས་རང་འགྲིག་ཏུ་བྱུང་བས། མཚན་ཀྱང་གཡུང་དྲུང་རྒྱལ་ཞེས་གསོལ།

དགུང་གྲངས་བཅུར་ཕེབས་པ་ཤིང་སྦྲུལ༼ཕྱི་ལོ ༡༣༦༥ ༽ལོར་འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་དང་། ཁྱིམ་པ་ནི་སྡུག་བསྔལ་གྱི་འབྱུང་གཞིར་གཟིགས་ནས། བཤེས་གཉེན་དམ་པ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་དང་པོར་བསྙེན་གནས་དང་། རིམ་བཞིན་དགེ་བསྙེན། གཙང་གཙུག་བཅས་ཀྱི་སྡོམ་ཁྲིམས་ཚུལ་བཞིན་དུ་ནོས་པས་ཚུལ་མིང་ཤེས་རབ་རྒྱལ་མཚན་ཞེས་གསོལ། དེ་ནས་ཁྲོ་ཀློང་རྣམ་གསུམ་གྱི་ཆོ་ག་དང་། རྗེ་བཙུན་ཡར་མེ་བའི་བཀའ་རྟེན་སྡེ་ལྔ། གཡས་རུའི་ལུགས་ཀྱི་གབ་མཛོད་ས་གསུམ་གྱི་གཞུང་ལུགས་བཅས་རྒྱུན་མཁོའི་ཕྱག་ལེན་རྣམས་ལ་གཙིགས་ཆེ་བའི་སྒོ་ནས་ཐུགས་འཛིན་སྐྱོར་སྦྱོང་དང་བསླབ་པ་སློབ་གཉེར་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས།

མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ། ཕར་ཕྱིན་དང་། མཛོད་འདུལ། དབུ་མ་སོགས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མནོས་ཤིང་། བོན་རང་ལུགས་ཀྱི་གཞུང་ཆེན་ཁག་ལ་གསན་བཞེས་རྒྱ་ཆེར་མཛད།

དགུང་གྲངས་སོ་གཅིག་མེ་སྟག་༼ཕྱི་ལོ ༡༣༨༦ ༽ལོར་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་ནས། དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་ཤིང་བོན་གྱི་འདུས་སྡེ་ཆེན་པོ་གཡས་རུ་དབེན་ས་ཁར་སྒྲིག་ཞུགས་གནང་།

གཞན་སྡེའི་རྩོད་གྲྭ་ཆེན་མོ་དཔལ་ལྡན་གསང་ཕུག་ནེའུ་ཐོག་དང་། ར་བ་སྟོད་པ། འབྲས་བུ་སྐྱེད་ཚལ། ན་ལེནྜ་བཅས་ཆོས་སྡེ་ཁག་ཏུ་དམ་བཅའ་དང་། རྩོད་པ་གནང་སྐབས་གཟུར་གནས་མཁས་དབང་རྣམས་ཀྱིས་བསྟོད་བསྔགས་དང་ཆེ་བརྗོད་ཀྱི་མེ་ཏོག་འཐོར། དེ་ཡང་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “བོད་ཀྱི་ཡུལ་དུ་ཐུགས་རྗེའི་མངའ་བདག་མཛད། །རིག་པའི་གནས་ལྔ་གཟིགས་པའི་སྤྱན་གཅིག་པ། །ལྔ་བརྒྱའི་ལས་ངན་ཐ་རམ་སེལ་བར་མཛད། །འཛམ་གླིང་རྒྱན་དྲུག་ཞལ་ཚབ་སྨན་རི་བ། །”ཞེས་ཀྱང་བསྟོད་དོ། །

རྗེ་རང་ཉིད་ཀྱི་ཞལ་ནས། “རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི་ཤེས་རབ་བསྐྱེད་པའི་རྒྱུ་དང་དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན། ”ཞེས་གསུངས་པ་ལྟར་དམ་པ་ཁོང་ནི། རང་གཞན་གྱི་གྲུབ་མཐའི་གཞུང་ལུགས་གང་ལའང་གཟིགས་སྤྱན་ཡངས་པར་མ་ཟད། མཁྱེན་པ་དང་བརྩེ་བའི་བདག་ཉིད་དུ་གྲུབ་ཅིང་གྲུབ་མཐའི་ཕྱོགས་ཞེན་ལ་དགྱེས་ཚོར་ནམ་ཡང་མི་གནང་བས། རྗེ་ཉིད་ནི་རི་བོ་གངས་ཅན་པའི་མཁའ་དབྱིངས་སུ་ཤར་བའི་ངེས་དོན་གྱི་མཁས་དབང་སྟེ། འཛམ་གླིང་ཉི་ཟླས་ཀྱང་འགྲན་ཟླ་བྲལ་བའི་སྐྱེས་བུ་ཞིག་ཡིན་པ་ནི་ཤིན་ཏུ་སྨར་རོ།

གཡས་རུར་བཞུགས་སྐབས་བྲུའི་རྒྱལ་སྲས་རྣམ་གཉིས་ཀྱི་དབུ་བླར་བཀུར་ཞིང་། བྲུ་སྟོན་ཀུན་དགའ་དབང་ལྡན་གྱི་གདན་ས་དབུ་རྩེ་དཀར་དམར་གྱི་བསྟན་པའི་བདག་པོའི་རྒྱལ་ཐེབས་སུ་མངའ་གསོལ། དབེན་གནས་དེར་ཕྱི་ནང་གསང་གསུམ་གྱི་བོན་ལ་འཆད་ཉན་གྱི་སྲོལ་རྒྱུན་བསྐྱངས་པས ༧ རྗེ་སྤྱན་གཅིག་པ་ཆེན་པོ་ཞེས་སྙན་པའི་བ་དན་དཀར་པོ་གངས་ལྗོངས་འཛིན་མའི་ཁྱོན་དུ་གཡོ་བར་བྱས། དགོན་པའི་བཅའ་ཁྲིམས་ཀྱང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་རིང་ལུགས་འཁྲུལ་བ་མེད་པ་ཚུལ་བཞིན་དུ་བསྐྱངས།

སྐབས་དེར་སྔོན་དུ་ཡབ་ཡུམ་ལ་ལན་ཅིག་མཇལ་བའི་ཞལ་བཞེས་ཡོད་པ་ལྟར་འཁྲུངས་ཡུལ་དུ་ཞབས་སོར་བཀོད་རྗེས། བདུད་སྲིན་གྱི་སྨོན་ལམ་ལོག་པའི་མཐུ་དང་། དུན་ཙེ་གདུག་པ་ཅན་གྱི་ཕྲག་དོག་ལ་བརྟེན་ནས། གཡས་རུ་དབེན་ས་ཁའི་དགོན་སྡེ་འབྱུང་འཁྲུག་གིས་འཇིག་ཚུལ་ཁམས་དར་རྩེ་མདོ་ནས་གསན་པས་ལ་མོ་རྩེའི་དབེན་གནས་སུ། ཕྱྭ་སྲས་ཀེང་ཙེ་ལན་མེད་ཀྱི་བསྙེན་སྒྲུབ་ལ་བཞུགས། གཟིམ་ལན་དུ་ཉི་ཟླ་ཁོང་དུ་མིད་པ་དང་། ནམ་མཁར་བྱ་བཞིན་འཕུར་བ། ས་གཞི་ལས་མེ་ཏོག་འཐུ་བ་སོགས་ཆེས་ངོ་མཚར་ཆེ་བའི་ལྟས་སྣ་ཚོགས་ཤར་ལ། རྗེའི་གཟིགས་སྣང་དུའང་མ་མཆོག་སྲིད་པ་རྒྱལ་མོ་སྐུ་དངོས་སུ་བྱོན་ནས་ལུང་བསྟན་བྱུང་བ་ལྟར་དབུས་གཙང་དུ་ཕེབས། གཡས་རུ་དབེན་ས་ཁའི་ནང་རྟེན་བྱིན་རླབས་ལྡན་པ་འགའ་རྗེ་ཉིད་ལ་དངོས་གྲུབ་ཏུ་བབས།

ལྷ་བླའི་ལུང་བསྟན་ལྟར་རྗེ་ཉིད་དགུང་ལོ་ལྔ་བཅུ་ཤིང་བྱ་ ༼ ཕྱི་ལོ  ༡༤༠༥ ༽ལོར་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་མཆོག་དང་ལྷན་བོན་གྱི་དགོན་སྡེ་ཀུན་གྱི་མ་དགོན་དུ་འོས་པ་ཞིག་གསར་དུ་བཞེངས་རྒྱུའི་ས་དཔྱད་ལ་གཟིགས་པར་བྱོན། ཐོབ་རྒྱལ་ལ་འགོར་ཐེགས་པ་ན་མདུན་རི་གླང་པོ་ཆུ་འཐུང་འདྲ་བར་གནམ་མཐོང་མཁར་ལྷའི་སྒྲུབ་གནས་ཡོད་པ། རྒྱབ་རིའི་དབུས་སུ་ཨར་མོ་ལི་ཀའི་རྡོ་ལེབ་ལ་བདེར་བཤེགས་སྟོང་དང་། རིག་འཛིན་བརྒྱད་ཅུ། མཁའ་འགྲོ་སྟོང་སྐུ་རང་བྱོན། དེའི་རྒྱབ་ཏུ་སྲིད་རྒྱལ་དྲེའུ་ནག་མོ། དམ་ཅན་ཡུམ་སྲས་སྡེ་ལྔ། མི་བདུད་དྲ་བ་དམར་ནག་གི་སྐུ་གཟུགས་རང་བྱོན་འབུར་དུ་དོད་པ་སོགས་གཟིགས་པས་ས་དཔྱད་ཕུན་སུམ་ཚོགས་པར་དགོངས།

ལོ་དེར་བཀྲ་ཤིས་སྨན་རིའི་དགོན་འདེབས་པའི་དབུ་འཛུགས་གནང་ཞིང་། ཁང་ཚན་བཅུ་གཉིས་དང་། གྲྭ་ཤག་དྲུག་ཅུ་སོགས་སྐད་ཅིག་གཅིག་ཏུ་གྲུབ་པར་མཛད་ནས་དགོན་པའི་ཕྱི་ནང་གི་སྒྲིག་ལམ་ཐམས་ཅད་འགྲན་པའི་ཟླ་དང་བྲལ་བར་གྱུར།

མཐར་ཡང་བསྟན་པ་གོང་འཕེལ་དུ་འགྲོ་བར་ཞལ་གྱིས་བཞེས། ལྷག་པར་དུ་གསང་སྔགས་ཁྲོ་ཕུར་ལ་སོགས་ཡི་དམ་གྱི་ལྷ་ཚོགས་བསྙེན་ཅིང་བསྒྲུབ་པའི་ཚེ། སྔོན་ཚེའི་རིག་འཛིན་རྣམས་ཀྱིས་ཇི་ལྟར་བསྒྲུབ་པ་བཞིན་ལྷ་ཞལ་མངོན་དུ་གཟིགས་ཤིང་། བོན་སྐྱོང་དམ་ཅན་རྒྱ་མཚོས་ཀྱང་རྗེ་ཉིད་ཀྱི་བཀའ་བསྒོས་དམ་ཚིག་ལ་བྲན་གྱི་ཚུལ་གྱིས་སྡོང་གྲོགས་དང་འཕྲིན་ལས་བསྒྲུབས།

རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩིའི་བཀའ་དྲིན་གྱིས་བསྐྱངས་པའི་རྗེས་འཇུག་བུ་སློབ་སྐྲ་བཞར་གྱི་ཉག་མས་ཀྱང་མི་ལོངས་མོད། རྒྱུན་དུ་གམ་བཅར་གྱིས་བཞུགས་པ་འཆད་རྩོད་རྩོམ་གསུམ་གྱི་གཞུང་ལུགས་གང་ལའང་། བློ་གྲོས་ཀྱི་སྤོབས་པའི་ངར་དང་ལྡན་པ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། མངའ་རིས་བསོད་ནམས་རྒྱལ་མཚན་གཉིས། མཁས་དང་གྲུབ་པའི་བྱ་བཞག་དོན་གཉིས་ལྷུན་གྱིས་གྲུབ་པའི་མངའ་བདག་རྒྱལ་རིགས་བྲུ་ཡི་གདུང་འཛིན་ཀུན་དགའ་དབང་ལྡན་དང་། ཤེས་རབ་སེང་གེ་གཉིས། ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་གང་ལའང་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་རྒྱ་ཆེར་གནང་མཁན་མེ་ཉག་བསོད་ནམས་རྒྱལ་མཚན་སོགས། གསུང་གི་བདུད་རྩིར་སྤྱད་པ་བརྒྱ་ཕྲག་དུ་མ་ཞིག་ཡོད་པས་རེ་རེ་བཞིན་བཟློ་བར་མི་བྱ་ཞིང་། ཕྱི་ནང་གསང་གསུམ་གྱི་དབང་ལུང་གི་དངོས་གྲུབ་ཐོབ་པ། སྐྱེ་བོ་ཁྲི་ཕྲག་དུ་མའི་ཚད་དུ་སྣང་བས། རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་༧ ཁྲི་གཙུག་རྒྱལ་བའི་གདུང་འཚོབ། ༧ རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་སྙན་གྲགས་ཀྱིས་སྟོང་གསུམ་སྲིད་པའི་ཁྱོན་ཀུན་ཏུ་ཁྱབ། དྲན་པའི་ཞལ་བྱང་ཆེན་མོ་ལས། “སྟོང་རྒྱུང་སྤྲུལ་བ་ཤེས་རབ་རྒྱལ་མཚན་གྱིས། །དབུས་རུའི་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། །”ཞེས་དང་། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོག །”ཅེས་ཀྱང་བསྔགས།

རྗེ་ཉིད་ཀྱི་ཞལ་ནས། “བརྗོད་བྱའི་དོན་མ་ནོར་བར་བསྔགས་ཤིང་། གྲུབ་མཐའ་བཟང་པོ་ཁོང་དུ་ཆུད་པའི་ཆ་ནས་རྗེས་འཛིན་འཇུག་པ་ནི། མཁས་པ་ཕུལ་དུ་ཕྱིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་བཞག་གོ །དེས་ན་འཆད་རྩོད་རྩོམ་པ་ནི་དམ་པའི་སྤྱོད་པ་ཡིན་པ་ཁོ་བོས་མཐོང་ངོ་། །”ཞེས་གསུངས་པ་ལྟར། རྗེ་འདི་ཉིད་ཀྱིས་མཚན་ཉིད་སྡེ་ལྔ་ལ་སོགས་ནང་རིག་པའི་ཁོངས་གཏོགས་ཀྱི་གཞུང་ཆེན་ཁག་དང་། ཕྱི་ནང་གསང་གསུམ་གྱི་སྒྲུབ་གཞུང་གང་ལའང་འགྲེལ་དང་ཆ་ལག་མ་གནང་བ་ཕལ་ཆེར་མེད་པས། མདོ་དབུས་ཁམས་གསུམ་གྱི་བོན་གྱི་དགོན་སྡེ་ཡོངས་ཀྱི་བསྟན་པའི་སྤྱི་གཙུག་གི་ནོར་བུ་དང་། ལྷ་སྡེ་འབུམ་ཕྲག་དུ་མའི་བསྟོད་པའི་གནས་དང་བཀུར་བའི་ཞིང་དུ་གྱུར།

དེ་ལྟར་འཆད་པ་ཉི་མའི་འོད་ཀྱིས་གདུལ་བྱའི་བློ་ཡི་པདྨོའི་ཁ་འབྱེད་པ་དང་། རྩོད་པ་སེང་གེའི་དབྱངས་ཀྱིས་རྒོལ་ངན་གླང་པོ་སྟོང་གི་ཀླད་པ་འགེམས་པའི་སྒོ་ནས། རྒྱལ་བའི་བསྟན་པ་ལ་ཕྱག་རྗེས་གནང་བར་མ་ཟད། སྡེབ་ལེགས་ཚིག་གི་ཕྲེང་བས་ས་ཆེན་ཀུན་ཏུ་ཁྱབ་པའི་བསྟན་པ་གསལ་བར་མཛད་པའང་ཡིན་ཏེ། ཕྱི་མཚན་ཉིད་སྡེ་ལྔའི་སྐོར། ཀུན་འབྱུང་མཛོད་ཀྱི་སྡེ་ལ ༼མཛོད་འགྲེལ་གསལ་བྱེད་འཕྲུལ་གྱི་སྒྲོན་མེ་ས་བཅད་དང་བཅས་པ། ༽ ཏིང་འཛིན་དག་པ་མདོ་ཡི་སྡེ་ལ ༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ༽༼ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ་གཉིས། ༽ ༼ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ་ཉི་མའི་འོད་ཟེར། ༽ ཤེས་རབ་དག་པ་འབུམ་གྱི་སྡེ་ལ། ༼ཁམས་སྡུད་ཚིག་བཅད་མའི་འགྲེལ་བ་ས་བཅད་དང་བཅས་པ། ༽ ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ་ལ། རྗེ་བཙུན་ཡར་མེ་བའི་༼འདུལ་བ་མདོར་བསྡུས་དང་ཀུན་བཏུས་གཉིས་ཀྱི་འགྲེལ་བ་ས་བཅད་དང་བཅས་པ། ༽༼ལས་ཆོག་རིན་ཆེན་ཐེམ་སྐས། ༽༼འདུལ་ཕྱག་རྒྱས་བསྡུས་གཉིས། ༽གཞལ་བྱ་དབུ་ཚད་རིག་པའི་སྡེ་ལ། ༼དབུ་མ་བདེན་གཉིས་ཀྱི་འགྲེལ་བ་དང་། ༽ ༼ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་འགྲེལ་གཉིས། ༽ དེ་རྣམས་ཀྱི་རྩོད་སྤང་ཐལ་ཕྲེང་ལ་སོགས་དང་། སྔགས་སེམས་ཀྱི་སྐོར་ལ། ༼གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། ༽༼གསང་བའི་དམ་ཚིག་གི་རྣམ་འབྱེད་གསལ་བ་འོད་ཀྱི་རྒྱན། ༽༼བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ། ༽མདོར་ན་རྗེའི་འཕྲུལ་སྒྲོན་རྣམ་ལྔ་ཞེས་ཡོངས་སུ་གྲགས་པ་ལྟར་གཞུང་པོད་ཆེན་ལྔའི་བདག་ཉིད་ཅན་དང་ཕྱི་ནང་གསང་གསུམ་གྱི་བོན་སྡེ་མང་པོའི་ཕྱག་བཞེས། ཆོག་ཁྲིག མངོན་རྟོགས། གཟུངས་སྒྲུབ། ཆ་ལག་ཁ་སྐོང་། རྒྱུད་ཕྱག གསོལ་འདེབས། སྐོང་བ། དབང་ཁྲིད། དཀྱིལ་འཁོར་ཐིག་རྩ། གྱེར་དབྱངས་གར་འཆམ། རྫས་སྔགས་ཕྱག་རྒྱ་དང་། ཚིག་བཤད་ཀྱི་གསལ་བྱེད་ལ་སོགས་ལུང་དོན་རང་རྒྱུད་དུ་བླངས་ཏེ་བརྩམས་པ་དང་། རིག་འཛིན་མཁའ་འགྲོའི་སྙན་རྒྱུད་ལས་བྱུང་བ་སོགས་གང་ཡང་རུང་བའི་སྒོ་ནས། རྒྱ་ཆེན་པོར་བསྡུས་པར་བྱེད་པ་དང་། འཁྲུག་པ་གོ་རིམ་དུ་བསྡེབ་པ། ཟབ་མོ་རྣམ་པར་འབྱེད་པ་སོགས་ཀྱི་བཀའ་བརྟེན་གླེགས་བམ་བཅུ་ཕྲག་ལྷག་བཀའ་དྲིན་དུ་བསྩལ་བས། མདོ་སྔགས་ཟུང་འབྲེལ་གྱི་བོན་བསྟན་ཉི་མ་ཤར་བ་ལྟར་གྱུར་ཅིང་། ཁྱད་པར་དུ་རྣམ་དག་འདུལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དེང་གི་བར་མི་ཉམས་འཕེལ་རྒྱས་དང་། མཐར་ཆགས་སུ་གནས་པ་ནི ༧ རྗེ་རིན་པོ་ཆེ་མཆོག་གི་མཛད་པའི་འཕྲིན་ལས་སམ། ཐུགས་བསྐྱེད་རྣམ་པར་དག་པའི་སྨོན་ལམ་ཁོ་ན་ལས་བྱུང་བ་ཡིན།

དགུང་ལོ་དྲུག་ཅུ་ཤིང་ལུག ༼ཕྱི་ལོ ༡༤༡༥༽ལོའི་དབྱར་ཟླ་འབྲིང་པོའི་མར་ངོ་ལ་སྨན་རིའི་བླ་བྲང་དུ་སྒྲུབ་ཆེན་བཙུགས། དབྱར་ཟླ་ཐ་ཆུང་གི་དཀར་ཕྱོགས་དགའ་བ་དང་པོར་ཕྱག་ཕྱིར་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་སོགས་སློབ་མ་འགའ་ཁྲིད་ནས། ཆུ་མིག་ཡན་ལག་བརྒྱད་ལྡན་གྱི་འགོར་གཟིམ་ཐེར་ཕུབས་ནས་བཞུགས། ཉིན་མོར་སློབ་མ་རྣམས་ལ་ཞང་ཞུང་སྙན་རྒྱུད་ཀྱི་བོན་གསུངས། མཚན་མོར་མི་མ་ཡིན་ས་བདག་ཀླུ་གཉེན་འཁོར་དང་བཅས་པར་བོན་སྟོན་ཅིང་སྨོན་ལམ་རྒྱས་པར་གདབ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་སྨན་རིའི་ཁྲི་འཛིན་དུ་མངའ་གསོལ་མཛད། སླར་མར་ཡང  ༧ སྨན་རིའི་ཁྲི་འཛིན་བསྐོ་ཕྱོགས་ཐད་ལུང་བསྟན་གྱི་ཚུལ་དུ་རབ་འབྱམས་དགེབའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐྱེས་བུ་གང་ཞིག  ལྷ་དང་བླ་མའི་ལུང་བསྟན་ལྟར་ཟན་བརྟག་བསྒྲིལ་ནས་འཕྲིན་ལས་སྐྱོང་འོས་སུ་གང་བབས་པ་རྣམས་བོན་པོ་ཡོངས་ཀྱི་དབུ་བླ་ཡིན་པས། ༧ སྨན་རིའི་ཁྲི་འཛིན་དུ་མངའ་གསོལ་མཛད་དགོས་པའི་ཞལ་གདམས་གནང་། དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ཉིན་གྱི་ཞོགས་པའི་ཐོ་རེངས་སྐབས། པད་ཞུ་སྨད་གོས་ལ་སོགས་ན་བཟའ་སྣ་དྲུག་ཚངས་པར་སྐུ་ལ་མཛེས་པར་གསོལ་ཞིང་། “རྗེ་བཙུན་ཡར་མེ་བ་ཆེན་པོ་ཡང་བོན་འཆད་པའི་ངང་ནས་ཞི་བར་གཤེགས་པས་བདག་ཀྱང་དེ་ལྟར་བྱ་དགོས། ”ཞེས་གསུངས། བོན་སྤྱོད་རིམ་པ་དགུ་གསུངས་ཟིན་ནས་གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད་གདམས་ཀྱི་སྐབས་དེར། སྤྱན་མཁའ་དབྱིངས་སུ་དར་ཙམ་གཟིགས་ཏེ་རིང་པོར་མ་སོང་བར་དགོངས་པ་བོན་ཉིད་ཀྱི་ཀློང་དུ་བསྡུས་སོ། །

                                           དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དྲན་དེབ་ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།