བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་མདོར་བསྡུས།

བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་མདོར་བསྡུས།
རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།

༄༅། །མཁས་དང་གྲུབ་པའི་དབང་ཕྱུག་བོན་བརྒྱ་ཐམས་ཅད་མཁྱེན་པ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་རྩལ་ནི། མང་འབའ་རྩེ་གསུམ་ལས་འབལ་གྱི་མཐོན་པོ་བཅུ་གསུམ་གྱི་ནང་ཚན། བ་ཡན་གཡུ་ཐོད་ཀྱི་རི་རྒྱུད་མ་ཆད་པའི་སྨན་ལྗོངས་ཏེ། བོན་བརྒྱ་ཞེས་པའི་སར་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ(༡༨༧༤)ལ། ཡབ་ཀྱི་མཚན་ལ་བསོད་ནམས་ཚེ་རིང་ཞེས་གཡོ་སྒྱུ་ཁྲམ་གསུམ་མེད་པ། སྐྱབས་འགྲོ་དང་མདོ་གདུགས་བྱམས་གསུམ་རྒྱུན་དུ་འདོན་པ། རྣམ་དཀར་དགེ་བ་ལ་བློ་མོས་པ། ཡུམ་གྱི་མཚན་ལ་ཐར་རེ་ཞེས་དགེ་ལ་ཤིན་ཏུ་མོས་པ། སྙིང་བོ་རྣམ་གསུམ་དང་བླ་མའི་གསོལ་འདེབས། ཕྱག་དང་སྨྱུང་གནས་ལ་རྒྱུན་དུ་བརྩོན་པ་དེ་གཉིས་ལ་སྲས་མིང་སྲིང་གསུམ་གྱི་བར་མར་སྐུ་བལྟམས། ཆུང་ནས་བྱམས་དང་སྙིང་རྗེ་ལྡན་ཞིང་དགུང་ལོ་བཞིའི་སྟེང་རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་ཚིག་བཞི་མ་བདེ་ཆེན་རྒྱལ་བོ་དང་མ་ཏྲི་སོགས་མ་བསླབས་རང་རྡོལ་དུ་མཁྱེན་ནས་དབྱངས་ལ་གྱེར་བས་ཐམས་ཅད་ཡ་མཚན་པར་མཛད། ཁྲི་ཀའི་བླ་མ་སྦ་སར་པཎྚི་ཏ་ཀུན་བཟང་རྒྱལ་མཚན་རིན་པོ་ཆེ་བོན་བརྒྱར་ཕེབས་ནས་ཀུན་བཟང་རྒྱལ་བ་འདུས་པ་དང་ཡི་དམ་དབལ་གསས་རྔམ་པ། ཚེ་དབང་བྱ་རི་མ་སོགས་ཀྱི་དབང་དང་། གཞན་པའི་ཁྲིད་ལུང་མང་པོ་ཡང་གནང་།
དགུང་ལོ་བདུན་གྱི་སྟེང་ཁུ་བོ་རིན་པོ་ཆེའི་མདུན་ནས་ཡི་གེ་རྫབ་གཤར་གྱི་བྲིས་དང་འདོན་ཀློག་བསླབས་པས་ཚེགས་མེད་བདེ་བླག་ཏུ་མཁྱེན་པ་དང་། དགུང་ལོ་བཅུ་གཉིས་ནས་བཅུ་དྲུག་བར་ལ་བརྡ་དག་སྙན་ངག་དང་ནག་རྩིས། ནད་རྩིས་ཐང་ཤིང་། ལཉྪ་ཝརྟུ། རི་མོ་སྣ་ཚོགས། སྨན་དང་སྔགས་ཀྱི་བཀླགས་ཐབས་སོགས་ཐ་སྙད་རིག་གནས་ཀུན་ལ་མཁས་པར་བསླབས། སྔོན་འགྲོ་འབུམ་དགུའི་བསགས་སྦྱང་དང་དངོས་གཞིའི་ཉམས་ལེན་ཆ་ཚང་སྙན་བརྒྱུད་རིན་ཆེན་སྒྲོན་གསལ་ལྟར་མཛད་ཅིང་རྩ་རླུང་ཐིག་ལེ་ལ་རང་བྱན་ཆུད། ཡི་དམ་ལྷའི་བསྙེན་སྒྲུབ་ཚད་དུ་བསྐྱལ། ཁོང་གི་ཁུ་བོ་རིན་པོ་ཆེ་བོན་བརྒྱ་རང་ཤར་རིག་གྲོལ་གཙོས། སྦ་སར་པཎྚི་ཏ་ཀུན་བཟང་རྒྱལ་མཚན། རྔ་ཡུལ་སྣང་ཞིག་དགོན་གྱི་བླ་མ་རྟོགས་ལྡན་གཡུང་དྲུང་དར་རྒྱས། རྟོགས་ལྡན་དགོན་གྱི་ཆུ་ཁ་བློ་གྲོས་རྒྱལ་མཚན། འབྲུ་ཞིག་བླ་མ་གཡུང་དྲུང་དབང་རྒྱལ། རྩེ་དབུས་བླ་མ་ཁྲི་བ་རིན་པོ་ཆེ་སོགས་ལས་དབང་ལུང་ཁྲིད་གསུམ་མང་དུ་ཞུས།
ཁྱད་པར་དུ་དགུང་ལོ་སོ་དྲུག(༡༩༠༩)ལོ་ལ་སྣང་ཞིག་རྒྱ་འོབ་བསྟན་པ་རབ་རྒྱས་ཚང་ཁྲི་ཀ་སྟོང་ཆེའི་ཁྱུང་མོ་དགོན་དུ་ཕེབས། ཡར་བོན་བརྒྱ་ལ་འཚམས་ཞུའི་ཡི་གེ་དར་བཅས་བསྩལ་པ་འཕྲོད་ཅིང་། ཁོང་གི་ཚ་བོ་ཨ་ན་སྤྲུལ་སྐུ་དང་སྣང་རའི་ཞྭ་ཁྲའི་སློབ་བུ་རྟ་མགྲིན་ཚེ་རིང་གཉིས་ཁྲིད་ནས་ཁྲི་ཀ་སྟོང་ཆེར་ཕེབས། དགོན་པའི་གྲྭ་མང་དང་ཆན་ཧུ་དབང་རྒྱལ་སོགས་ལ་གྲོས་བྱས་ཤིང་དབང་ལུང་ཞུ་བའི་སྟ་གོན་མཛད། འདུ་ཁང་དུ་རྡུལ་ཚོན་ཆེན་པོ་གཉིས་ལ་བརྟེན་ནས་མདོ་གཡུང་དྲུང་ཀློང་རྒྱས་དང་ཁྲོ་བོ་ངོ་མཚར་རྒྱས་པའི་དབང་ཆེན་དང་། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། བླ་མ་རིག་འཛིན་གྱི་སྐོར་ལ། དྲན་པ་ཡབ་སྲས། བོད་ཡུལ་མ། བྱ་རི་མ། མདོ་ཆོག་སྐོར་ལ། ཀུན་རིག དུས་འཁོར། སྨན་ལྷ། རྒྱལ་བ་རྒྱ་མཚོ། རྣམ་འཇོམས། བྱམས་མ། སྨོན་ལམ་མཐའ་ཡས། རྣམ་དག་པདྨ་ཀློང་ཡངས་སོགས་ཆོ་ག་བཅུ་གཉིས་ཀྱི་དབང་། གསང་སྔགས་སྐོར་ལ། དབལ་གསས། གེ་ཁོད་གསང་དྲག ཕུར་བ་འབྲུག་གསས་ཆེམ་པ། སྤྱི་འདུལ། སྟག་ལ་སྤུ་གྲི་དམར་པོ་སོགས་ཀྱི་དབང་། ལུང་གི་སྐོར་ལ། དྲི་མེད་གཟི་བརྗིད་དུམ་པ་བཅུ་གཉིས། གཟེར་མིག་པོ་ཏི་གཉིས། ཁམས་ཆེན་པོད་བཅུ་དྲུག ཁམས་རྩ་པོད་གཉིས། བསྐལ་བཟང་པོད་གཉིས། ནོར་བུ་འོད་འབར། ཐར་མདོ། ཀླུ་འབུམ་དཀར་པོ། མདོ་ཕྲན་ནམ་ཁྲི་རྗེ་ལུང་བསྟན་པོད་གཉིས་དང་། གཞན་ཕྱི་ནང་གསང་གསུམ་གྱི་འདོན་ཆ་མང་བོའི་ལུང་བཅས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ཕར་ལའང་ཉམས་ལེན་ལྔ་སྐོར། ཚེ་དབང་རྫོགས་ཆེན་རིན་ཆེན་སྒྲོན་མ། དབལ་གསས་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་འབུལ་དགོས་གསུངས་པ་ལྟར་ཕུལ།
དགུང་ལོ་ཞེ་ལྔ་སྟེ་ས་ཕོ་རྟའི་ལོ(༡༩༡༨)ལ་རེབ་གོང་བོན་བརྒྱར་དགོན་པ་བཏབ་སྟེ། ནག་ཟླའི་རྒྱལ་བ་གསུམ་པའི་གདུགས་ལ་བརྔན་བསང་དང་བུམ་གཏེར་བཅུག་པ་སོགས་དོན་གཉིས་ལྷུན་གྲུབ་ཀྱི་ལྷ་ཁང་ཆེན་མོའི་ས་འདུལ་རྨང་འདིང་གི་མཛད་སྒོ་རྒྱ་ཆེར་སྤེལ། སངས་རྒྱས་སྟོང་སྐུ་དང་ཡིག་བརྒྱ་དུང་ཕྱུར་གྱི་འཁོར་ལོ། ཀུན་མཁྱེན་གསུང་འབུམ་དང་གསུང་རབ་སྣ་ཚོགས། ཐུགས་རྟེན་བཀྲ་ཤིས་རྣམ་རྒྱལ་གྱི་མཆོད་རྟེན་ཆེན་མོ་སོགས་དུས་ཡུན་རིང་པོ་མ་འགོར་བར་དགོན་པའི་རྟེན་དང་བརྟེན་པ་བཅས་གསས་ཁང་དཀར་ནག་བཀྲ་གསལ་གྱི་ཟླ་བོར་ལེགས་པར་གྲུབ་པས། མདོ་སྨད་བྱང་རྒྱུད་ཀྱི་རེབ་གོང་གསེར་མོ་ལྗོངས་སུ་བསྟན་པའི་གཞི་མ་སུམ་ལྡན་ངུར་སྨྲིག་འཛིན་པའི་འདུས་སྡེ་གསར་དུ་བཙུགས་ཤིང་སྒོམ་སྒྲུབ་ཉམས་ལེན་གྱི་གཞི་བཟུང་སྟེ་རྒྱལ་བ་གཤེན་བསྟན་ཉིན་མོའི་དཔལ་ལ་སྦྱར།
དེ་ལྟར་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དུ་མའི་ཞབས་པད་སྤྱི་བོར་བླངས་ནས་ཐོས་བསམ་སྒོམ་སྒྲུབ་དང་རིམ་གཉིས་བསྐྱེད་རྫོགས་ཀྱི་དགོངས་པ་ཇི་ལྟ་བ་ཐུགས་རྒྱུད་ལ་ལེགས་པར་བཞེས་ཏེ་དབང་ལུང་ཁྲིད་གསུམ་གྱི་ཆུ་བོ་མ་ལུས་རྫོགས་པར་ཞུས་པས། མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་མངའ་དབང་བསྒྱུར་བ་མ་ཟད། རྗེས་འཇུག་ཞལ་སློབ་ཐུགས་སྲས་བཞི་དང་བླ་སྤྲུལ་བཅུ་གཉིས་ཀྱིས་ཐོག་དྲངས་འདུས་པ་བརྒྱ་སྟོང་གྲངས་སུ་འཕེལ་ནས་ཀློག་པ་ཐོས་བསམ་དང་སྒྲུབ་པ་ནན་ཏན། བྱ་བ་ལས་ཀྱི་འཁོར་ལོས་བསྟན་པ་དང་འགྲོ་དོན་རྒྱ་ཆེན་པོ་མཛད་དེ། སློབ་མ་རྣམས་ཀྱིས་བསྐུལ་ངོར། བསྙེན་ཡིག་དང་རང་རྣམ། ཉམས་མགུར་དང་ཕྱག་བཞེས་སོགས་གསུང་འབུམ་པོད་གཉིས་ཙམ་བཞུགས་ལ། དངོས་སྣང་གི་འགྲོ་དོན་ཐ་མར་རྗེ་ཉིད་ཀྱི་ཞལ་ནས། འཇིག་རྟེན་པའི་ཁ་དཔེ་ལ། ལོ་དྲུག་ཅུ་ཕན་ཆད་ལོ་མེད་ཟེར་བ་ལ་ཐོན་འདུག་པས། བླ་རྒན་ང་ལྟ་བུའི་ཚོད་ལ་དཔག་ན། ཆོས་འཇིག་རྟེན་གཉིས་ལ་བསམ་ཚད་མ་འཁྱོངས་པ་གཅིག་ཀྱང་མེད། ད་ཀུན་མཁྱེན་རིན་པོ་ཆེའི་ཞལ་ལུང་ལ། རེབ་གོང་མདོ་ནས་མཆོད་རྟེན་ཆེན་པོ་ཞིག་བཞེངས་ན། བསྟན་འགྲོའི་ཕན་བདེའི་གཞི་རྩ་བླ་ན་མེད་པར་འགྱུར་གསུངས་པ་ལྟར། དེ་བཞེངས་རྒྱུ་ལས་བསམ་རྒྱུ་ལས་རྒྱུ་ཅི་ཡང་མེད། དཀར་ཆག་རྗེས་ནས་སྒེར་དུ་བྲིས་ན་ཆོག་ཅེས་བུ་སློབ་རྣམས་ལ་གསུངས་པ་ལྟར། གྲུབ་ཐོབ་ཁྱུང་དཀར་ཚངས་པའི་གདན་ས་སྟེ་རེབ་གོང་སྨད་པ་ཁྱུང་བོའི་ཉེ་འདབས་སུ་སྲིད་ན་མངོན་པར་འཕགས་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཆེན་པོ་དེ་ཉིད་བཞེངས་ནས་བུམ་པའི་དཀྱིལ་ཙམ་གྲུབ་པའི་མཐར་དགུང་ལོ་རེ་གཅིག་པའི་ཤིང་ཁྱི(༡༩༣༤)ལོའི་དབྱར་ཟླ་ར་བའི་ཡར་ཚེས་ལ་དགོངས་པ་བོན་དབྱིངས་སུ་བསྡུས་པ་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།