དྲན་པ་ནམ་མཁའ་མཆོག་གི་རྣམ་ཐར་བསྡུས་པ་ངོ་མཚར་ཚངས་པའི་དབྱངས་སྙན།

༄༅། ། མཁྱེན་རབ་ཕུལ་བྱིན་ཤེས་བྱ་ཇི་སྙེད་གཟིགས།། བརྩེ་ཆེན་ཐུགས་རྗེས་གདུལ་བྱའི་ཉོན་མོངས་སེལ།། མཛད་པ་དུ་མས་རྒྱལ་བསྟན་ཕྱོགས་བརྒྱར་སྤེལ།། མཁས་གྲུབ་ལོ་པཎ་རྣམས་ལ་དད་ཕྱག་བརྩེགས།། རྨད་བྱུང་རྒྱལ་བ་སྲས་བཅས་རྟོགས་བརྗོད་ནི།། སོ་སྐྱེས་ངག་གིས་བརྗོད་པར་མི་ནུས་ཀྱང༌།། མཚུངས་མེད་དམ་པ་རྣམས་ཀྱི་བཀའ་བཞིན་དུ།། མཚམས་སྦྱོར་མདོར་བསྡུས་སྐལ་ལྡན་གཟིགས་མོར་འབུལ།། ཞེས་གླེང་བར་བྱ་བ་ནི། བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་བླ་ཆེན་དྲན་པ་ནམ་མཁའ་ཞེས་མཁས་གྲུབ་རྒྱ་མཚོའི་དབུས་ན་ཞབས་སེན་མངོན་པར་མཐོ་བ་དེ་ཉིད་ཀྱི་ཐུན་མོང་གི་རྣམ་ཐར་ཉུང་བསྡུས་ཤིག་མཚམས་སྦྱོར་དུ་སྤེལ་བ་ལ། ཐོག་མར་སྐྱེས་མཆོག་གང་ཉིད་འཁྲུངས་པའི་ཡུལ་ནི། སྤྱིར་ཞང་ཞུང་ལ་སྒོ་ཕུག་བར་གསུམ་དང་སྒོ་བ་ལའང་སྒོ་ཕུག་བར་གསུམ་དུ་གྲགས་པའི་སྒོ་བའི་ཕུག་པ་ན། གྲོང་ཁྱེར་ཡངས་པ་ཅན་ཞེས་ཕྱི་ཁྲི་ནང་ཁྲི་བར་ཁྲི་སྟེ་ཁྱིམ་སྟོང་ཕྲག་སུམ་ཅུའི་དབུས་རྩེ། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཕོ་བྲང་ཞེས་བྱ་བར། སྲིད་པའི་རྒྱལ་བོ་བྱ་རུ་ཅན་བཅོ་བརྒྱད་བྱུང་བའི་ནང་ཚན་རྒྱུང་ཡར་མུ་ཁོད་ཅེས་ཡབ་རྒྱལ་པོ་དེ་དང༌། ཡུམ་རྒོད་ལྕམ་གྱི་རྟགས་མཚན་སུམ་ཅུ་དང་ལྡན་པའི་ཕྱྭ་ བཙུན་གོང་མ་ཞེས་གྲུབ་པའི་སྲས་མོ་དེ་གཉིས་ལ་ཚེ་སྟོད་སྲས་མེད་པས། ཡབ་ཡུམ་དང་བློན་འབངས་ཤེས་ལྡན་ཀུན་འཚོགས་ནས་མཁས་པ་ཆེན་པོ་བརྒྱད་ལ་རྟགས་ལུང་ཞུས། ༼མཁས་ཆེན་བརྒྱད་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། བོད་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང༌། མེ་ཉག་ནེ་རྒྱུང་འཕར་བུ། སྟག་གཟིག་ཟ་རིང་མེ་འབར། སུམ་པ་ཁ་ཡམ་རླུང་ལྕེ། གེ་སར་རྔམ་པ་ལྕེ་རིང༌། སྟངས་ཆེན་དམུ་ཚ་གྱེར་མེད་དོ༽རྒྱལ་བ་ཞི་ཁྲོ་ལྷ་ཚོགས་གསུམ་མཆོད་པས། ནུབ་ཅིག་ཡུམ་གྱི་རྨི་ལམ་དུ། ནམ་མཁར་ཉི་ཟླ་མང་པོ་ཤར་ནས་རང་ལུས་ལ་ཐིམ་པར་རྨིས། ནངས་པར་ཉི་ཤར་དུས་སུ་གཡུ་བྱ་ཁུ་བྱུག་སྨྲ་མཁན་གྱིས་བཙུན་མོའི་ལྷུམས་སུ་བདེ་བར་གཤེགས་པའི་སྲས་ཤིག་ཚུད་དོ།། མ་འོངས་གཙུག་ཏོར་རྒྱལ་མཚན་ལྟར་དུ་འཕགས་ཤིང༌། ཞི་བའི་སྐུ་ལ་ཁྲོས་པའི་ཉམས་བག་ལྡན་པ། མཚན་བཟང་དཔེ་བྱད་ཀྱི་ཡོན་ཏན་ཀུན་ནས་ཚང་བས་ མཚན་ལ་དྲན་པ་ནམ་མཁའ་ཞེས་གསོལ། དགུང་ལོ་ལྔ་ནས་ཡབ་ཀྱིས་རྒྱལ་སར་དབང་བསྐུར་བའི་སྟ་གོན་མཛད་ཀྱང༌། བདག་ནི་འཁོར་བ་ལ་སྐྱོ་སུན་སྙིང་ནས་སྐྱེས། རྒྱལ་སྲིད་རྨི་ལམ་དང་སྒྱུ་མའི་མིག་འཕྲུལ་ལྟ་བུ་ཡིན་པས། དེ་ལ་སྙིང་བོ་ཅི་ཡང་མེད། དབེན་པའི་རི་ལ་ཚེ་གཅིག་གི་ཉམས་ལེན་ གཞོལ་བ་ལ་སྤྲོ། ཡབ་ཀྱིས་ཐུགས་དགོངས་ལ། བུ་ལ་བརྩེ་བའི་བཀའ་གནང་བར་འཚལ་ཞེས་ཞུས་ ནས། གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ཏུ་འཕྲུལ་གྱི་མེ་ལོང་ཅན་དུ་ཏིང་འཛིན་ལ་བཞུགས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། དགུང་ལོ་བཅུ་གསུམ་ནས་སྐད་རིགས་མི་འདྲ་བ་ཉེར་གཅིག་མཁྱེན་ཞིང་ཀུན་ལ་ལོ་ཙཱ་བརྡ་བསྒྱུར་མཛད་པར་གྲགས། སླར་ཡང་མཁས་པ་ཆེན་པོ་ད་མི་ཐད་ཀེ་ལས་སྲིད་པའི་མཛོད་སྐོར་རྒྱུད་ལུང་མན་ངག་དང༌། ཐ་སྙད་སྒྲ་ཚད་རིག་པའི་གནས་ཀུན་ལ་གསན། སློབ་དཔོན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་ལས་རྫུ་འཕྲུལ་བཅུ་གསུམ་དང་རྐང་མགྱོགས་ཀྱི་གདམས་པ། གསང་སྔགས་ཀྱི་གཞུང་ལུགས་མང་དུ་ཞུས། སེ་བོན་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང༌། མེ་ཉག་ནེ་རྒྱུང་འཕར་བུ། སྟག་གཟིག་ཟ་རང་མེ་འབར་སོགས་ལོ་པཎ་བརྒྱད་དང༌། གཞན་ཡང་དབལ་བུ་ཆེན་པོ་ང་ཚ་སྐྱོལ་བོ་དང༌། དྲག་རྩལ་མཐུ་ལྡན་མེ་ལྕེ་གཙུག་ཕུད་སོགས་རིག་ འཛིན་གྲུབ་ཐོབ་མང་པོའི་མདུན་ནས་གསང་སྔགས་ཀྱི་སྐོར་མང་པོ་ཞུས། དེ་ནས་སྟག་གཟིག་འོལ་གླིང་དུ་བྱོན་ཏེ། མཁས་པ་ཆེན་པོ་གཡུང་དྲུང་བློ་གསལ་གྱི་མདུན་ནས་འདུལ་བ། མངོན་པ། མདོ་འབུམ། དབུ་མ། ཚད་མའི་གཞུང་ལུགས་སོགས་ཚན་ཉིད་རྒྱུད་སྡེ་རྣམས་ལ་གསན། དེ་ནས་ལྷོ་ཤར་གསང་སྔགས་ཀྱི་གླིང་དུ་བྱོན་ནས། སློབ་དཔོན་གཡུང་དྲུང་བདུད་འདུལ་གཤེན་གྱི་དྲུང་ནས་སྔགས་སེམས་ཀྱི་རྒྱུད་སྡེ་ཁྲི་འབུམ་གྲངས་སུ་གསན་ནས། གཡུང་དྲུང་སྤུངས་པའི་རི་ནས་སྒྲུབ་པ་ཟབ་མོ་མཛད་པས། གྲུབ་པའི་རྩལ་ཡོངས་སུ་རྫོགས། ཁོང་སྔ་གཞུག་ཏུ་སྟག་གཟིག་གི་མཁས་པ་རྣམས་ཀྱི་མདུན་དུ་ལན་ལྔ་དང༌། རྒྱ་གར་ལ་ལན་བདུན། ཨོ་རྒྱན། བྲུ་ཤ་སོགས་ཡུལ་གྲུ་ཀུན་ཏུ་བྱོན་ནས། མཁས་གྲུབ་རྣམས་ཀྱི་ཐུགས་བཅུད་བླངས་ཏེ་སྒྲུབ་པ་མཛད། འཛམ་གླིང་མཁས་མཆོག་རྒྱན་དྲུག་ལས་སྟག་གཟིག་མཁས་པ་དམུ་ཙ་དྲ་ཧེའི་མདུན་ནས་རིག་གནས་ལྔ་དང༌། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་མདུན་ནས་ནང་རིག་པ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོའི་མདུན་ནས་ཕྱི་རིག་པ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་མདུན་ནས་གསོ་བ་རིག་པ་བཅས་གསན་པ་དང༌། གཞན་ཡང་ཞང་ཞུང་མཁས་པ་ནམ་ར་ཅོ་སྐུའི་མདུན་ནས་སྲིད་པའི་རྒྱུད་མཐའ་དག་ལ་གསན་ནས་རིག་པའི་གནས་ལྔ་ལ་མཁས་ཤིང་ཐེག་པ་མཐའ་དག་ཐུགས་སུ་ཆུད་པ་དང༌། དེ་ལྟར་གྲོལ་ཐོབ་ཀྱི་ བླ་མ་བརྒྱ་རྩ་བརྒྱད་བསྟེན་པ་དང༌། སྐད་རིགས་སུམ་བརྒྱ་དྲུག་ཅུར་བསྒྱུར་ཤེས་པར་གྲགས་སོ། གཞན་ཡང་ངོ་མཚར་གྱི་གྲུབ་རྟགས་དཔག་མེད་ལྡན་པ་ཀུན་གྱི་འགྲན་ཟླ་མེད་པར་གསུངས་སོ། མ་འོངས་པའི་དུས་སུ་བསྟན་པ་སྤེལ་བར་དགོངས་ཏེ། དགོངས་ཚད་ལྔ་བཏང་བ་དང༌། སྐུ་ལས་སྲས་སྤྲུལ་བསྟན་པ་སྤེལ་བར་མཛད་པ་སྟེ། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་བོ་བཟང་སྐྱོང་དང་བཙུན་མོ་བྲམ་ཟེ་བཟང་གཉིས་ཀྱི་སྲས་མོ་གཙང་མཛེས་ཡིད་དུ་འོང་བ་ཟླ་འོད་ཅེས་བྱ་བ༼ཉི་ཟླ་འོད་འབར་སྒྲོན་མ༽སྟོང་གི་ཉམས་ལེན་སོགས་གྲོགས་སུ་བསྟེན་པ་དང༌། ཏུར་ལང་ཁྱེ་ཁྲིའི་གྲོང་ཁྱེར་གྱི་རྒྱལ་པོའི་ སྲས་མོ་རྒོད་ལྕམ་མཁའ་འགྲོའི་རྟགས་མཚན་སུམ་ཅུ་རྩ་དྲུག་དང་ལྡན་པ་དེ་དབང་སྡུད་ཀྱིས་ཕྱག་རྒྱར་བཀུགས་ཏེ། གཡུང་དྲུང་སྲ་བརྟན་རིན་ཆེན་འབར་བའི་གནས་སུ་བཞུགས་པའི་དགོངས་ མཛད་བསྒྲུབས་པས། དེ་ནས་མཁའ་འགྲོ་འོད་ལྡན་འབར་མ་ལ་ཆུ་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་སྟེ། སྟོན་པ་གཤེན་རབ་འཁྲུངས་ནས་མི་ལོ ༡༥༡༢༨ ལ་སྲས་མཚེ་མ་རུ་འཁྲུངས་པ་ཡིན་ཡང་སྔོན་དུ་ཕུ་བོ་ཚེ་དབང་རིག་འཛིན་དང༌། རྗེས་སུ་ནུ་བོ་པདྨ་མཐོང་གྲོལ་འཁྲུངས་སོ། ཁྱེའུ་གཉིས་ནི་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་མཛེས་སྐུ་མཚན་དཔེ་དང་ཐུགས་རྗེ་ལྡན་པ། གཞན་དང་མི་མཚུངས་པར་འདུག་པས། ཡབ་ཀྱིས་སྲས་གཉིས་ལ་ཤེས་བྱ་རྣམ་འབྱེད་ལྡེ་མིག་སོགས་སྒྲ་ཚད་འཕྲུལ་འགྲེལ་རྩོད་ཟློག་ཐོ་ཆེན་དང༌། དབང་ཆེན་ཁྲོ་བོ་རིན་ཆེན་སྤྱི་སྤུངས། གསང་བ་ཐུགས་ཀྱི་སྒྲུབ་ཐབས་ཡང་ཞུན་པར་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་སྤེལ་བ་ཡིན་སོགས་ལུང་བསྟན་གསུངས་ནས་མཁའ་ལ་འཕུར་ཞེས་གྲགས་སོ། ། དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་དགུ་ངོ་བཅུ་ཚང་བའི་མེ་ཕོ་རྟའི་ལོ་ཡི་རྟ་ཟླའི་ཚེས་བཅུ་སྟེ། སྟོན་པ་གཤེན་རབ་འཁྲུངས་ནས་མི་ལོ་༡༥༡༠༢ལ་ངོ་མཚར་ལྟས་དང་བཅས་སྐྱེ་བ་མི་རུ་བཞེས་པར། དབུ་ཡི་གྱི་དབང་དང་གདམས་པ་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གནང་རྗེས། ཕུ་བོ་ནི་བོད་ཡུལ་འགྲོ་བའི་མགོན་དུ་གྱིས་ཤིག་ཅེས་བཀའ་གནང་བ་དང༌། ནུ་བོར་ལྷོ་ནུབ་སྲིན་པོ་འདུལ་བའི་བཀའ་བཀོད་མཛད། ཚེ་དང་མཐུ་ཡི་དངོས་གྲུབ་སོ་སོར་བྱིན། བླ་ཆེན་དྲན་པ་ཁོང་ཉིད་གནས་ཆེན་བརྒྱད་དུ་ སྒྲུབ་པ་མཛད་པས་མཚན་བརྒྱད་ཐོགས། དེ་ཡང་སྟག་གཟིག་ལྷོ་ཤར་གཡུང་དྲུང་སྤུངས་པའི་རི་ནས་སྒྲུབ་པ་མཛད་ཚེ་གཡུང་དྲུང་མི་འགྱུར་རྒྱལ་བོ་ཞེས་གསོལ། རྒྱ་གར་ཤར་ཕྱོགས་གཡུ་ལོ་བཀོད་པའི་གནས་མཆོག་ནས་སྒྲུབ་པ་མཛད་ཚེ་ཌཱ་ཀིའི་ཚོགས་དཔོན་འཆི་མེད་རྡོ་རྗེ་ཞེས་གསོལ། ཟ་ཧོར་རྒྱལ་ཁབ་བདུད་འཇོམས་དཔལ་གྱི་རི་ནས་རིག་འཛིན་ཆེན་པོ་བདུད་འདུལ་དཔའ་བོ་ཞེས་གསོལ། ཐོ་གར་བྱང་ཕྱོགས་རྟ་མཆོག་འཛིན་གྱི་གནས་སུ་ཕྲིན་ལས་ཀུན་གྲུབ་དབང་སྒྱུར་ཐོགས་མེད་ཅེས་གསོལ། ཞང་ཞུང་བྱང་ནུབ་བྱ་རི་གཙུག་ལྡན་གྱི་གནས་སུ་རྒོད་ལྕམ་གཙོ་མཆོག་གྱེར་ཆེན་དཔའ་བོ་ཞེས་གསོལ། རྒྱ་ནག་བྱང་ཤར་རི་བོ་རྩེ་ལྔའི་གནས་མཆོག་ཏུ་རིག་འཛིན་རྒྱལ་བོ་གཡུང་དྲུང་འོད་ཆེན་ཞེས་གསོལ། བོད་ཀྱི་རུ་བཞིའི་ཁ་བ་གང་བཟང་གི་གནས་སུ་དཔོན་གསས་ཆེན་པོ་གཡུང་དྲུང་ཐོགས་མེད་རྩལ་ཅེས་གསོལ། ཞང་ཞུང་ཁྱུང་ལུང་དངུལ་མཁར་གནས་མཆོག་ན་གྱེར་སྤུངས་ཆེན་པོ་དྲན་པ་ནམ་མཁའ་ཞེས་གསོལ་བ་བཅས་ཞང་བོད་ཀྱི་གནས་ཆེན་ཀུན་ལ་འགྲིམས་ནས་སྒྲུབ་པ་མཛད་པས། མཆོག་སྐུ་ཟག་མེད་ཡི་དམ་གྱི་ལྷ་དང་གཉིས་མེད་དུ་གྱུར། ཁོང་གི་གསུང་རྩོམ་གྱི་སྐོར་ལ། 《དྲང་དོན་མུན་སེལ་སྒྲོན་མེ》《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》《སྲིད་པའི་མཛོད་ཕུག》《གབ་འགྲེལ་རིག་པའི་རྒྱ་མཚོ》《རྫོགས་ཆེན་མེ་ལོང་བདུན་པ》《སྟོང་ཐུན་མན་ངག》《ལྟ་བའི་སྟོང་ཐུན་ཤེས་བྱ་དྲུག་སྐོར》《རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད》《མན་ངག་གནད་ཀྱི་ལྡེ་མིག》《དྲང་དོན་འགྲེལ་བ》《འཕྲུལ་མཛོད་རྒྱབ་ཡིག》《ནམ་མཁའ་འཕྲུལ་མཛོད་རང་འགྲེལ》 《གཤེན་རབ་མཛད་པ་མཐར་ཕྱུང》《ལོ་རྒྱུས་ཁོག་དབུབ་ཀྱི་ལྡེ་མིག》《རིགས་དྲུག་རང་སྦྱོང》《མཚམས་སྦྱོར་ས་གཅོད་ཀྱི་ལྡེ་མིག》《གཏམ་རྒྱུད་གཟེར་བུ》《ཀུན་འདུས་ལུང་གི་ལྡེ་མིག》《དྲན་པའི་ཁ་བྱང》《དྲན་པའི་ས་ལམ》《དྲན་པའི་ལུང་བསྟན་རྒྱས་བསྡུས》《ཞྭ་བཤད་པི་ཝང་དྲུག་འགྱུར》《ཐོས་གྲོལ་བག་ཆགས་རང་གྲོལ》《ས་ལམ་རིན་ཆེན་དོན་གསལ་འགྲེལ་བ》《མུ་སྟེགས་ཚར་གཅོད་ཀྱི་ གཞུང་ལུགས་ཚད་མ་སྨྲ་བའི་སེང་གེ》སོགས་ཞི་ཁྲོའི་སྒྲུབ་སྐོར་དབང་ཁྲིད་དང་བཅས་པ། མན་ངག་གསེར་ལྡན་གྱི་སྐོར། བར་དོ་ངོ་སྤྲོད་དང་འཕོ་བའི་གདམས་པའི་སྐོར། རྫོགས་ཆེན་སྡེ་གསུམ་བཅས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མང་དུ་གསུངས། དེ་ལྟར་སྒྲ་ཚད་ལུང་རིགས་སྨྲ་བའི་སེང་གེར་གྱུར་ནས་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱའི་རྩོད་པ་ཟློག་པར་གསུངས། རྒྱལ་བོ་གྲི་གུམ་གྱིས་གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་པའི་སྐབས་སུ། དྲན་པ་ནམ་མཁས་དབུ་མཛད་ནས་གཡུང་དྲུང་གི་བོན་རྣམས་ཐ་དཀར་དང༌། ཡར་ལུང་རམ་པོ་དཔལ་གྱི་རི་བོ་དང༌། ཟང་ཟང་ལྷ་བྲག་དང་ར་ཁྱུང་རྫོང༌། རྒྱུང་སྲུབ་གསང་བའི་བྲག་བཅས་ལ་གཏེར་དུ་སྦས། གྲི་གུམ་ལོ་ངམ་གྱིས་བསད་དེ་སྲས་མོ་ལྷ་ལྕམ་ཁབ་ཏུ་བླངས་ནས་ལོ་བཅུ་གསུམ་ལ་རྒྱལ་སྲིད་བཟུང་བའི་རྗེས་སུ་རུ་ལས་སྐྱེས་སམ་རྒྱལ་བོ་ཁྲི་སྨོན་བཟུང་ལ་ཡར་ལྷ་ཤམ་པོས་ལུང་བསྟན་པ་བཞིན། རྒྱལ་སྲིད་སྤུ་ལྡེ་གུང་རྒྱལ་ཀོང་པོའི་ཡུལ་ནས་སྤྱན་དྲངས་ཏེ། ལོ་ངམ་འཁོར་ཚོགས་ཕམ་པར་བྱས་ཤིང༌། སྤུ་ལྡེ་གུང་རྒྱལ་རྒྱལ་སར་བཞུགས་ནས། མཁས་གྲུབ་བརྒྱ་རྩ་བརྒྱད་སླར་སྤྱན་དྲངས་པའི་དུས་སུའང་དྲན་པ་ནམ་མཁའ་གཙོ་བྱས་རིག་ འཛིན་རྣམས་ཀྱིས་གཤེན་རབ་བོན་གྱི་བསྟན་པ་སྔར་བཞིན་དར་ཞིང་རྒྱས་པར་མཛད། དེ་ལྟར་རིམ་བཞིན་བོད་རྒྱལ་ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ། རིག་པ་ཅན་གྱི་རྒྱལ་བོ་ལྔ། ཡོན་ཏན་ཅན་གྱི་རྒྱལ་བོ་ལྔ་ཡི་བར་དུ་བླ་ཆེན་དྲན་པ་ནམ་མཁའ་དང༌། སྙ་ལི་ཤུ་སྟག་རིང་གཉིས་ བཞུགས་ནས། གཞི་སྙིང་རྗེ་ཆེན་པོ་ལ་བྱས། ཐབས་ཕ་རོལ་ཕྱིན་བཅུ་ལ་སྤྱད། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རྒྱ་ཆེན་པོ་དར་ཞིང་རྒྱས་པར་མཛད། དེའི་དུས་སུ་ཞང་ཞུང་ནས་རྒྱལ་བོ་ལིག་མིན་རྒྱལ་བཞུགས་ཤིང༌། སྐུ་གཤེན་ལ་གུ་རུབ་སྣང་བཞེར་ལོད་པོ་བཞུགས། བོད་ན་ཁྲི་སྲོང་ལྡེ་བཙན་དང་སྐུ་གཤེན་དུ་བླ་ཆེན་དྲན་པ་ནམ་མཁའ་བཞུགས་པར་གསུངས། རྒྱལ་བོ་ཁྲི་སྲོང་གི་སྐུ་ཚེའི་སྨད་ལ་བོད་དུ་བོན་བསྣུབས་ཏེ། རྒྱ་གར་གྱི་ཆོས་བོད་ལ་དར་སྤེལ་བྱས་པའི་སྐབས། བན་བོན་གྱི་གྲུབ་ཐོབ་རྣམས་ཀྱིས་གྲུབ་པའི་རྩལ་འགྲན་དུས་དྲན་པ་ནམ་མཁས་ཉི་ཟླ་ཆ་ལང་བཞིན་བརྡབས་པ་སོགས་གྲུབ་རྟགས་བསྟན་པ་བོད་ཀྱི་ལོ་རྒྱུས་དག་ན་གསལ་ཞིང་གྲུབ་པའི་རིག་འཛིན་རྣམས་ཀྱིས་བོན་སྒོ་རྣམས་བསྣམས་ནས་མཐའ་བཞིར་ཕེབས་ཏེ ་བསྟན་པ་སྤེལ། དྲན་པ་ནམ་མཁའ་དང་མཐུ་ཆེན་མི་དགུ་སོགས་ཀྱིས་བོན་རྣམས་སྡེ་ཚན་སོ་སོར་ཕྱེས་ནས། གཏེར་གྱི་རྒྱལ་བོ་གཅིག བློན་པོ་བཞི། ཡང་བློན་གཅིག་དང་དྲུག ཁྱད་པར་དུ་གསང་གཏེར་ཆེ་བ་ལྔ། གཏེར་ཕྲན་སྟོང་དང་བདུན་བརྒྱ་གཏེར་དུ་སྦས། ཁོང་གི་ཞལ་ནས་བོན་ཆོས་གང་དར་ཀྱང་ཁྱད་མེད་གསུངས། གྲུབ་པའི་རྩལ་གྱིས་མདོ་སྨད་ཕྱོགས་སུ་ཕེབས། རྒྱལ་མོ་རོང་གི་དམུ་རྡོ་ལྷ་གཉན་དུ་བཞུགས་ཏེ། བསྟན་པའི་སྙིང་བོ་གསང་སྔགས་ཡིན་གསུངས་ནས། སྔགས་ཀྱི་སྒྲུབ་སྡེ་མང་དུ་དར་བར་མཛད་པ་དང༌། བཤད་པ་དང་སྒྲུབ་པའི་སྡེ་བཙུགས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མ་བྱུང༌། མཐེབ་ཅུ་དམུ་རིའི་གནས་སུ་བྱོན་ནས། ཕྱོགས་དེ་ལ་བསྟན་པའི་རྩ་ལག་བཙུགས། མདོ་སྨད་ཀྱི་ཡུལ་གྲུ་སོ་སོར་ཕེབས་ནས་མི་མ་ཡིན་སྡེ་བརྒྱད་ཀྱི་བར་ཆད་ཞི་བར་བྱས་ནས། བཀའ་བསྒོས་དམ་བཞག་མཛད། ཁྱད་པར་བྱང་ཕྱོགས་རེབ་གོང་ཡུལ་དུ་ཕེབས་ནས། ཇི་སྐད་དུ། བྱང་ཕྱོགས་གོང་མོའི་གུར་ཁང་དུ།། བོན་སྟོན་དྲན་པ་ནམ་མཁའ་གྲུབ།། ཅེས་རེབ་གོང་ཡུལ་དུ་གྲགས་ཆེ་བའི་གྲུབ་གནས་བརྒྱད་ཀྱི་ནང་ཚན་གོང་མོ་གུར་ཁང་ནས་སྒྲུབ་པ་མཛད། ཨ་བ་ངེས་བཟང་སོགས་སྒྲུབ་སྡེའི་དགོན་པ་མང་དུ་བཏབ། རྒྱུད་འཛིན་གྲུབ་ཐོབ་དགུ་བརྒྱ་དང༌། གྲུབ་ཐོབ་རྣམ་གསུམ་སོགས་མཁས་ཤིང་གྲུབ་པའི་རིག་འཛིན་མང་པོ་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་སྟོད་སྨད་བར་གསུམ་ཀུན་ཏུ་སྤེལ་བས། མཚན་སྙན་དབྱར་རྔ་བཞིན་ཀུན་ལ་གྲགས་སོ།། དེ་ལྟར་བླ་ཆེན་དྲན་པ་ནམ་མཁའ་མཆོག་གི་གསང་བ་གསུམ་གྱི་སྒྱུ་འཕྲུལ་ནི་མཐའ་ཀླས་ཤིང༌། རྣམ་ཐར་མ་ངེས་གཅིག་ཏུ་བརྗོད་དཀའ་ན་ཡང༌། མཁའ་གྲུབ་གོང་མའི་གཞུང་ལུགས་ཀུན་ལས་མདོར་བསྡུས་ཆུ་ཐིགས་ཙམ་དུ་བཏུས་པ་ལགས་སོ།། ཁོང་གི་རྣམ་ཐར་རྒྱས་པ་ནི《དྲན་པའི་བཀའ་ཐང》ན་གསལ་བས་དེར་གཟིགས་ཤིག ཞང་ཞུང་སྲས་མཆོག་འགྲོ་མགོན་ཚེ་དབང་རིག་འཛིན་ནམ་རི་ཁྲོད་ཆེན་པོ་ནམ་མཁའ་སྒྲོན་གསལ་ཞེས་བྱ་བས་ཡབ་ལས་རྒྱུད་ལུང་མན་ངག་མཐའ་དག་ལ་གསན་ཏེ། རྒྱ་གར་དང་ཞང་ཞུང༌། སྟག་གཟིག ཨོ་རྒྱན་སོགས་ཀྱི་དྲན་པའི་སྒྲུབ་གནས་བྱིན་རླབས་ཅན་རྣམས་ལ་འགྲིམས་ནས། སྒྲུབ་པ་ཉམས་ལེན་མཛད། ཁྱད་པར་དུ་རྒྱ་ནག་གླང་ཆེན་འགྱིང་རི་དང༌། ཏི་སེ་གངས་ཀྱི་རི་བོ། སྤོས་རི་ངད་ལྡན། གཡུང་དྲུང་སྲ་བརྟན་རི་བོ། གཤེན་རི་བདེ་ལྡན་རི་བོ། གངས་ཅན་ཕྱུག་མོ་དཔལ་རི། དུར་ཁྲོད་གནས་བརྒྱད་བཅས་ལ་ཕེབས་ནས། གསང་སྔགས་སྤྱི་སྤུངས་སྐོར་གསུམ་སོགས་ཉམས་སུ་བླངས། མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་ཕྱག་རྒྱའི་གྲོགས་སུ་བསྟེན་ཏེ་བསྒྲུབས་པས། འཆི་མེད་ཚེ་ལ་དབང་བའི་རིག་འཛིན་མངོན་པར་གྲུབ་ནས། བཀའ་བརྒྱུད་གདམས་པ་མ་ལུས་རང་བརྡོལ་དུ་ཤར། སྤྱན་ལྔ་སྒྲིབ་པ་མེད་པར་མངོན་པར་གསལ། འབྱུང་བ་ལྔ་ལ་རང་ དབང་བསྒྱུར། གཙོ་བོ་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བསྟན་དང་འགྲོ་ལ་ཕྱག་རྗེས་དཔག་མེད་མཛད། ནུ་བོ་གུ་རུ་པདྨ་འབྱུང་གནས་ནི། ཡབ་ཉིད་ཀྱིས་མཐུ་རྩལ་ནུས་པའི་དབང་བསྐུར་མཛད་ནས། སྲིན་པོ་འདུལ་བའི་བཀའ་བསྒོ་མཛད། ཡུམ་གྱིས་ཨོ་རྒྱན་གྱི་ཡུལ་མཚོ་དྲི་མེད་མདངས་ལྡན་ ནང་དུ་མེ་ཏོག་པད་མའི་སྡོང་བོ་ཟེའུ་འབྲུའི་ཁར་སྲས་བཅུག་ནས་འགྲོ་དོན་ལ་ཕེབས། ༼འདི་རྫུས་སྐྱེས་སུ་བཞེད་ཀྱང་ཆོག་སྟེ། བདེར་གཤེགས་སྤྲུལ་སྐུ་རྣམས་ཀྱི་མཛད་པ་ནི་བསམ་གྱིས་མི་ཁྱབ་པར་མཐའ་གཅིག་ཏུ་ངེས་པ་མེད་པས་གང་ལྟར་བཤད་ཀྱང་མི་འགལ༽རྒྱལ་བོ་ཨིནྡྲ་བོངྷི་ལ་སྲས་མེད་སྟབས། མཆོད་རྫས་ཀྱི་མེ་ཏོག་འཐུར་འོངས་ཚེ་རྙེད་པས་སྲས་སུ་མངའ་གསོལ་ནས། རྒྱལ་བོ་བློན་ཀུན་དགྱེས་ཏེ་པད་མ་རྒྱལ་བོའམ་པད་མ་འབྱུང་གནས་ཞེས་མཚན་གསོལ་ཞིང༌། ཨོ་རྒྱན། རྒྱ་གར། བོད་ཡུལ་སོགས་གནས་བརྒྱད་དུ་སྒྲུབ་པ་མཛད་པས་མཚན་བརྒྱད་བྱུང༌། རྫོགས་པ་ཆེན་པོ་ཟབ་ལམ་སྔགས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་སྤེལ་བ་དང༌། སྡེ་བརྒྱད་བྲན་དུ་བཀོལ་ཞིང་འཆི་མེད་ཚེ་ཡི་རིག་འཛིན་མཆོག་གི་སྐུར་བརྙེས་ཏེ། ལྷོ་ནུབ་སྲིན་པོའི་ཁ་ནོན་དུ་གཤེགས། དུས་གསུམ་སུ་འཕོ་འགྱུར་མེད་པར་རྟག་ཏུ་འགྲོ་དོན་མཛད་ནས་བཞུགས་སོ།།      སྨྲས་པ། རྨད་བྱུང་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལ།། ཚུར་མཐོང་བདག་འདྲས་དཔག་པར་དཀའ་ན་ཡང༌།། མཁས་གྲུབ་གོང་མའི་གཞུང་ལུགས་ཇི་བཞིན་དུ།། ལྷག་བསམ་དག་པས་མཚམས་སྦྱོར་ཆེད་དུ་སྤེལ།། དེ་ལས་བྱུང་བའི་དགེ་བའི་རྩ་བ་ནི།། ནམ་མཁས་ཁྱབ་ཚད་སེམས་ཅན་དོན་དུ་བསྔོ།། སྒྲིབ་གཉིས་བག་ཆགས་མཐའ་དག་རབ་ཞི་ནས།། སྤྲོས་བྲལ་གཉུག་མའི་བདེ་ཆེན་དོན་རྟོགས་ཤོག །

རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།