མཁན་ཆེན་ཤེས་རབ་དགོངས་རྒྱལ་གྱི་རྣམ་ཐར་མདོར་བསྡུས།

༄༅།། ཡེ་ཤེས་དབྱིངས་སུ་རྒྱལ་ཀུན་རོ་གཅིག་ཅིང༌།། རབ་འབྱམས་མདོ་སྔགས་དཀྱིལ་འཁོར་ཆ་རྫོགས་པ། བདེར་གཤེགས་དགོངས་བརྡ་སྙན་བརྒྱུད་ཟབ་མོའི་བདག ། རྒྱལ་བའི་ཐུགས་རྗེས་བཤེས་གཉེན་ཚུལ་དུ་བྱོན།། རྨད་བྱུང་དགེ་མཚན་བྱེ་བས་མཛེས་པའི་སྐུ།། ལེགས་བཤད་གཞུང་བརྒྱ་ཟབ་མོ་སྟོན་པའི་གསུང༌།། ཇི་ལྟ་ཇི་སྙེད་ལྷུན་གྱིས་གྲུབ་པའི་ཐུགས།། རྒྱ་ཆེན་མཚོ་བྱུང་མ་དང་དབྱེར་མེད་བསྙེན།། ཞེས་ཚིགས་སུ་བཅད་པས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། མཁན་ཆེན་ཤེས་རབ་དགོངས་པའི་རྒྱལ་བོའམ་སྐུ་མདུན་བསོད་ནམས་བློ་གྲོས་ཞེས་ཡོངས་སུ་གྲགས་པ་གང་གི་རྣམ་ཐར་དགེ་བའི་བཤེས་གཉེན་དག་གི་གསུང་སྒྲོས་ལ་བརྟེན་ནས་གཟིགས་པ་པོ་རྣམས་ལ་མཚམས་སྦྱོར་མདོ་ཙམ་བྱེད་པ་ལ། ཐོག་མར་དམ་པ་འདི་ཉིད་སྐུའི་སྐྱེ་བ་བཞེས་པའི་ཡུལ་ནི་ཤར་ཕྱོགས་རྒྱལ་མོ་རོང་གི་གནམ་བོན་རྒྱ་གར་རྫིའུ་གདུང་ལས༼རྒྱ་གར་ནི་སྡེ་བའི་མིང་དང་རྫིའུ་ནི་རིགས་རུས་ཀྱི་མིང༽རིགས་བཟང་ཁུངས་བཙུན་གྱི་ཕ་མ་གཉིས་སུ་ངོ་མཚར་གྱི་ལྟོས་དང་བཅས་ཏེ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག༼སྤྱི་ལོ ༡༧༨༤༽ལོར་སྐུ་བལྟམས། སྐུ་ན་ཆུང་ངུའི་དུས་ནས་སྐྱེས་སྦྱངས་ཀྱི་ཡོན་ཏན་གཉིས་ལ་མངའ་བརྙེས་པའི་ཁུ་བོ་གཙུག་ཕུད་དབང་ལྡན་གྱི་མདུན་དུ་ཡི་གེ་འབྲི་ཀློག་སོགས་ཆོས་སྤྱོད་ཀྱི་ཆོ་ག་རྣམས་དང་རིག་གནས་ལ་སྦྱོང་བ་མཛད། རྗེས་སུ་སྟོད་ཀྱི་དབུས་གཙང་དུ་བྱོན། རྗེ་མཉམ་མེད་ཆེན་པོའི་གདན་ས་བཀྲ་ཤིས་སྨན་རི་ནས་བཞུགས་པས་ཁོང་གི་ཐོས་བསམ་གྱི་སྦྱང་བ་སྟོབས་ཆེ་བ། ཟབ་གསལ་གྱི་ཤེས་རབ་རྣོ་ཞིང་མྱུར་བ་སོགས་ལ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར། དེ་རུ་སྐུ་མདུན་གཡུང་དྲུང་དབང་གི་རྒྱལ་བོ་དང༌། སྐུ་མདུན་བསོད་ནམས་ཕུན་ཚོགས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ཏེ། རིག་པའི་གནས་ལྔ་དང༌། འདུལ་བ། མཛོད། ས་ལམ། དབུ་མ། ཕར་ཕྱིན་སོགས་མཚན་ཉིད་སྡེ་ལྔའི་གཞུང་རྣམས་ལ་ཐོས་བསམ་ཕུལ་ཕྱིན་མཛད། དེ་ནས་རྗེ་མཉམ་མེད་བླ་མའི་མཛད་པ་བཞིན་ཐོག་མར་ཇི་སྐད་དུ། འདུལ་བ་མདོར་བཏུས་ལས། ཚུལ་ཁྲིམས་ལྡན་དང་དེ་ཉིད་མཁས།། གཞན་དོན་མཛད་དང་ནུས་ལས་བླངས།། ཞེས་གསུངས་པ་ལྟར། རྗེ་མཉམ་མེད་ཆེན་པོའི་འདུལ་རྒྱུད་བར་མ་ཆད་པར་བྱོན་པའི་སྡོམ་རྒྱུན་ཡང་དག་པར་བརྒྱུད་པའི་ཁུངས་བཙུན་པ། སྐུ་མདུན་གཡུང་དྲུང་དབང་རྒྱལ་མཆོག་དང༌། བསོད་ནམས་ཕུན་ཚོགས་གཉིས་ཀྱི་ཞལ་སྔ་ནས་མཁན་པོ། སློབ་དཔོན། དཔང་བོ། ལོ་ཙཱ་སོགས་གནས་བརྟན་འདུལ་བ་འཛིན་པ་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་བཟུང་སྟེ་ཁ་ཟས་ཀྱི་སྡེ་བཞི་གཏན་སྤངས་མཛད་དེ། འདུལ་བའི་བསླབ་པ་ལ་ཉེས་བྱས་ཀྱི་དྲི་མ་ཕྲ་མོ་ཙམ་ཡང་མ་གོས་པར་གནས་བརྟན་འདུལ་བ་འཛིན་པ་ཡོངས་ཀྱི་ཁྱུ་མཆོག་ཆེན་པོར་གྱུར། གཞན་ཡང༌། ཁུ་སྟོན་ཆེན་པོ་རྣམ་རྒྱལ་དབང་གྲགས། དམུ་གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ། དྲང་སྲོང་ཚུལ་ཁྲིམས་རིན་ཆེན་སོགས་མཁས་ཤིང་གྲུབ་པའི་བཤེས་གཉེན་དམ་པ་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་པ་མ་ཟད། གྲུབ་པའི་རིག་འཛིན་ཆེན་པོ་ཞང་ཞུང་ཨ་ནུ་ཕྲག་ཐག་གི་སྒྲུབ་གནས་ཁྱད་པར་ཅན་གངས་ཏི་སེའི་གནས་སུ་བཞུགས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས། འཁྲུལ་སྣང་དབྱིངས་སུ་གྲོལ་ནས་ཡེ་ཤེས་ཀྱི་སྐུར་བརྙེས་ཤིང་འབྱུང་བ་བཞི་ལ་རང་དབང་བསྒྱུར། ལྕགས་ཕོ་རྟའི་ལོར་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གསེར་ཁྲིར་ཕེབས་ཏེ། འཆད་རྩོད་རྩོམ་གསུམ་གྱིས་རབ་འབྱམས་བཀའ་ཡི་འཁོར་ལོ་ཡོངས་སུ་བསྐོར་བ་སྟེ། འཆད་ཉན་ལ་བརྟེན་ནས་སྒོམ་སྒྲུབ་ཀྱི་སྲོལ་བཙུགས་པས། བསྟན་འགྲོར་ཕན་པའི་སློབ་མ་མང་དུ་བྱུང༌། བླ་མ་ཉིད་ཏི་སེའི་གནས་བསྐོར་དུ་ཕེབས་སྐབས། རྒྱ་གར་ཕྱོགས་ནས་འོངས་པའི་ཕྱི་ལུས་ཀྱི་སྤྱོད་ཚུལ་སོགས་རང་དང་མི་མཚུངས་པ་འགས་ཐོག་མར་ཁོང་ལ་རྫུ་འཕྲུལ་གྱི་རྩལ་འགྲན་ཡང་བླ་མའི་གཟི་བྱིན་གྱིས་དབང་དུ་བསྡུས་པས། ཁོང་གི་ན་བཟའ་དང་གསོལ་ཆས་རྣམས་རྟེན་སྐལ་དུ་བསླངས། སྙིང་རྗེ་ཆེན་པོས་ཕྱག་ཏུ་ཡོད་ཚད་སྦྱིན་ནས་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ། དེ་རྣམས་སྙིང་ནས་ཡིད་ཆེས་སྐྱེས་ཏེ། རང་རང་གི་ལུས་ལ་ཡོད་པའི་རྒྱན་ཆ་སོགས་བླ་མར་ཕུལ་སྐད། དེ་ནས་གཡས་རུ་མཁར་སྣ་དང་དབེན་གསར་རྣམས་ལ་ཉམས་གསོ་མཛད་དེ། མཚན་ཉིད་སྡེ་ལྔ་འཆད་ཉན་གྱི་ཕྱག་ལེན་མི་ཉམས་པར་ཇེ་རྒྱས་སུ་བཏང༌། བྱང་ཐང་ཕྱོགས་ཀྱི་དགོན་སྡེ་སོ་སོ་དང་ཁྱུང་བོ་རི་རྩེ་དྲུག ཁམས་ཕྱོགས་བཅས་སུ་བྱོན་ནས་འགྲོ་དོན་བསྒྲུབས་པས་མཚན་སྙན་རྒྱས། དེ་ནས་མདོ་སྨད་རྒྱལ་མོ་རོང་གི་དམུ་རྡོ་ལྷ་གཉན་དུ་ཕེབས་ཏེ། སྔོན་བྱོན་རིག་འཛིན་རྣམས་ཀྱི་སྒྲུབ་ཕུག་བྱིན་ཅན་དུ་བཞུགས་ནས། སླར་ཡང་ཞང་ཞུང་སྙན་བརྒྱུད་ལྟར་རྩ་རླུང་འཕྲུལ་འཁོར་ཐིག་ལེ་རྣམས་སྦྱངས་པས་གྲུབ་པ་ལ་མངའ་བསྙེས། རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་བླ་ཆེན་དྲན་པའི་སྒྲུབ་གནས་སུ་སྨྲ་སེང་རིགས་ལྔའི་སྒྲུབ་པ་མཛད། དེའི་ཚེ་རྒྱའི་མི་དྲག་མང་པོ་ཁོང་གི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་དད་པ་སྐྱེས་ནས་སྐྱབས་གནས་སུ་བཀུར། ར་ལ་རུ་ཕེབས་ནས་གཡུང་དྲུང་གླིང་ངམ་རྣམ་རྒྱལ་ཀུན་གྲགས་གླིང་གི་དགོན་སར་ཕེབས་སྐབས་སེ་འབྲས་དགེ་གསུམ་གྱི་མཚན་ཉིད་གཞུང་ལུགས་ལ་མངའ་བརྙེས་པའི་དགེ་བཤེས་འགའ་ཁོང་གི་སྐུ་མདུན་དུ་ཕེབས་ནས་ཁྱེད་ཀྱི་ལྟ་བ་གང་ལགས། སངས་རྒྱས་པ་ལ་གདམ་ངག་གང་གལ་ཆེ་ཞེས་པ་ལ་སོགས་ཞུས་པས། ཁོང་གི་ཞལ་ནས་ངའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་རྣམ་བཞི་ཡིན། སངས་རྒྱས་པ་ལ་སྨོན་འཇུག་གི་སེམས་བསྐྱེད་རྒྱུད་ལ་སྐྱེ་བ་གལ་ཆེ་ཞེས་སོགས་གསུངས། དེ་ལྟར་དྲི་བ་དྲིས་ལན་མང་དུ་བྱས་མཐར། དགེ་བཤེས་དེ་དག་ངོ་མཚར་སྐྱེས་ཏེ་བོན་དང་ཆོས་ཀྱི་གཞུང་ལུགས་ཇི་ལྟར་མང་ཡང༌། རྩ་བ་བླ་མ་ཁྱེད་ཀྱི་གསུངས་པ་དེ་རྣམས་ཡིན་གསུངས་ནས། བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། རྗེ་འདི་པའི་ལྗགས་རྩོམ་གྱི་སྐོར་ལ། བསྟན་རྩིས་རྟ་བདུན་དབང་བོ། རྩ་རླུང་འཕྲུལ་འཁོར་གྱི་སྐོར། མཁའ་འགྲོའི་ལུང་བསྟན་བཞིན་བརྩམས་པར་གྲགས་པའི་ངག་གི་ལྷ་མཆོག་སྨྲ་སེང་རིགས་ལྔའི་སྒྲུབ་གཞུང༌། སྙན་བརྒྱུད་འཕོ་བ་འཇའ་གུར་མ། མཁའ་འགྲོའི་ཞལ་ལུང་བསམ་པ་ལྷུན་གྲུབ་མ། བསྟན་སྲུང་ཤེལ་ཁྲབ་ཅན་གྱི་སྒྲུབ་གཞུང་དང༌། གྲགས་སེང་གི་སྒྲུབ་གཞུང༌། མི་བདུད་འབྱམས་པའི་ཞལ་གཟིགས་བསྟོད་པ། ཞི་བ་ཨ་གསལ་དབལ་གསས་རྩོད་བཟློག་གཉིས་ཀྱི་སྒྲུབ་པའི་ལག་ལེན་འཁྲུལ་མེད་ཟླ་ཤེལ་སྙིང་བོ་སོགས་ཆོས་ཀྱི་གཞུང་དང༌། གཞན་ཡང་བསྟན་བཅོས་དང་ རིག་གནས་ཀྱི་སྐོར་མང་དུ་མཛད། གསུང་རྩོམ་དེ་རྣམས་གལ་ཏུ་མ་ཚུད་པར་མཚམས་སྦྱོར་ཞུ་ཐབས་བྲལ་བས་གཟིགས་པ་པོ་རྣམས་ལ་སྙིང་ནས་བཟོད་གསོལ་ཞུ། གསུང་སྐྱེས་ཀྱི་སློབ་མ་མཆོག་ཏུ་གྱུར་བ་ནི། མཁས་ཆེན་ཉི་ཟླ་ལྟ་བུ་ཞེས་ཀུན་ལ་གྲགས་ཆེ་བའི་སྨྲ་དབང་མཁན་ཆེན་ཉིན་མ་བསྟན་འཛིན་དབང་གི་རྒྱལ་བོ་དང༌། སྐྱབས་མགོན་ཟླ་བ་རྒྱལ་མཚན་རྣམ་གཉིས་དང༌། སྐྱང་སྤྲུལ་ཆེན་པོ་ནམ་མཁའ་རྒྱལ་མཚན༼བླ་མ་ཉིད་ཀྱིས་དམ་པ་འདིའི་དྲུང་ནས་སྐྱང་སྤྲུལ་གསུང་འབུམ་གྱི་བཀའ་ལུང་རྣམས་ལ་གསན་པར་ཡང་བཞེད༽གྲུབ་དབང་རིན་པོ་ཆེ་རིན་ཆེན་རྒྱལ་མཚན། སྨན་རིའི་དྲང་སྲོང་བསོད་ནམས་ཚུལ་ཁྲིམས། གཤེན་སྟོན་གཡུང་དྲུང་བསྟན་པའི་རྒྱལ་མཚན། མཁས་གྲུབ་གཡུང་དྲུང་ཉི་མ་རྒྱལ་མཚན་སོགས་སྟོད་སྨད་བར་གསུམ་ཀུན་ན་ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན་ཞིང༌། ནང་བྱང་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་དུལ་བ། གསང་བ་སྔགས་ཀྱི་ལྟ་དགོངས་གདེང་དང་ལྡན་པའི་སློབ་མ་མང་དུ་བྱུང་ནས། མདོ་སྔགས་ཀྱི་བསྟན་པ་ཕྱོགས་མཚམས་ཀུན་ཏུ་དར་ཞིང་རྒྱས་པར་མཛད། རྗེ་བླ་མ་ཉིད་ནས་གཏན་གྱི་ཕ་ཡུལ་བདུད་ཀྱི་མཁར་ཞེས་གསུངས་པ་ལྟར། རང་ཡུལ་དང་གཉེན་ཉེ་རྣམས་རིང་དུ་སྤངས་ནས་དབེན་པར་བསྟེན་ཏེ། སྐུ་ཚེ་འདི་ཉིད་ལ་ཟག་མེད་ཀྱི་གྲུབ་པའི་རྟགས་དང་ལྡན་པར་གྱུར། མཛད་པ་མཐའ་མ་ལ་ཉེ་དུས་འདུས་པ་སྤྱི་ལ་ཡི་དམ་གྱི་བཀའ་དབང་ཟབ་མོ་མན་ངག་ལག་ལེན་དང་བཅས་པ་རྒྱས་པར་གནང༌། ཞལ་གདམས་མང་དུ་གསུངས་ནས་དགུང་ལོ་ང་ལྔའི་སྟེང་འཇིག་རྟེན་འདི་ཡི་འགྲོ་དོན་རྫོགས་ཏེ། དགོངས་པ་ གཞན་ལ་གཏོད་པའི་དུས་སུ་བབས་པར་གཟིགས་ནས། རྗེ་མཉམ་མེད་བླ་མའི་ནང་སྒྲུབ་ལྟར་ཚོགས་ཀྱི་འཁོར་ལོ་རྒྱས་པར་ཕུལ། དེའི་ཚེ་ནམ་མཁའ་ནས་འཇའ་ཚོན་སྣ་ལྔ་ཤར་ཏེ་ངོ་མཚར་གྱི་རྟགས་དང་བཅས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་སྙོམས་པར་བཞུགས་སོ།། སྨྲས་པ། སྐྱེས་ སྦྱངས་གཉིས་ཀྱི་ཡོན་ཏན་མཐུ་དམན་པས།། རྟོགས་བརྗོད་ཚུལ་བཞིན་བརྗོད་ལ་རྔོ་མ་ཐོགས།། བརྗོད་བྱ་དོན་དང་མི་ལྡན་ལྷག་ཆད་རྣམས།། རྗེ་བཙུན་བླ་མའི་སྤྱན་སྔར་བཟོད་པར་གསོལ།། རྒྱལ་ཀུན་འདུས་ཞལ་མཆོག་གཟིགས་བླ་མ་ཡིས།། ཕྱོགས་མཚམས་སྤྲུལ་བའི་ཟློས་གར་གང་བསྒྱུར་བ།། ཇི་ལྟར་གཞལ་བའི་ངོ་མཚར་ཟབ་དོན་ཀུན།། མདོ་སྔགས་བསྟན་པའི་རྒྱན་དུ་མཛེས་གྱུར་ཅིག། དེ་ཡི་དགེ་བས་ཚེ་རབས་ཐམས་ཅད་དུ།། ཀུན་གཟིགས་བླ་མས་མཉེས་བཞིན་རྗེས་བཟུང་ནས།། འབྲལ་མེད་སྤྱི་བོའི་རྒྱན་དུ་ལེགས་བསྟེན་ཏེ།། གསང་གསུམ་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག། །།

རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།