འཇའ་ལུས་པ་ཟླ་བ་གྲགས་པའི་རྣམ་ཐར་མདོར་བསྡུས།

༄༅།། ཀུན་བཟང་དབྱེར་མེད་དུས་གསུམ་རྒྱལ་བ་ཀུན།། ནམ་མཁའི་དབྱིངས་བཞིན་ཐམས་ཅད་རོ་གཅིག་ཀྱང༌།། གྲུབ་མཐའི་སྙིང་བོ་གསང་གསུམ་ཐེག་དགུའི་གཞུང༌།། སྟོན་མཛད་སྤྲུལ་བའི་ཟློས་གར་ཡང་ཡང་བསྒྱུར།། ཅེས་མཆོད་པར་བརྗོད་དེ། གང་གླེང་བར་བྱ་བ་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་དཔྲ་སྲས་དམ་པ༌། ཀུན་བཟང་ནམ་མཁའི་སྙིང་བོ་རྩལ་ལམ་ཡོངས་གྲགས་སུ་འཇའ་ལུས་པ་ཟླ་བ་གྲགས་པ་ཞེས་འབོད་པ་འདི་ཉིད་སྤུ་རྒྱལ་བོད་ཀྱི་ཤར་ཕྱོགས། མདོ་སྟོད་བརྡ་སྒང་རིང་མོའི་རི་བརྒྱུད། སངས་རྒྱས་གཉིས་པ་དཔལ་ཤར་རྫ་བ་ཆེན་པོའི་གདན་ས། ཁམས་ཀྱི་གནས་ཆེན་གཡུང་དྲུང་ལྷུན་པོ་ཞེས་ཡོངས་སུ་གྲགས་པའི་གནས་དེར། ཡུལ་ལྕང་མགོན་བྱ་བར། གྲུབ་པའི་གདུང་རྒྱུད་ཆེན་པོ་དཔྲ་ལྕང་སྨོན་གསུམ་དུ་གྲགས་པའི་ནང་གསེས། གྲུབ་པའི་འཁོར་བསྒྱུར་དཔྲ་སྤྲུལ་བསྟན་འཛིན་དབང་རྒྱལ་ཞེས་འཆི་མེད་རྒྱལ་བ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་ཤིང་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་གྲུབ་ཐོབ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དང༌། ཡུམ་ཨ་ཆེན་ཧོར་གྱི་རུས་ལས་བྱུང་བའི་བདེ་སྐྱིད་ལྕམ་ཞེས་བུད་མེད་ཀྱི་སྐྱོན་དང་བྲལ་བ་དེ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་རྟའི་གནམ་ལོ་གསར་ཚེས་སྐབས་སུ། ངོ་མཚར་གྱི་རྟགས་དང་བཅས་སྐུ་བལྟམས་ཏེ། བྱིས་པའི་དུས་ནས་རིགས་སད་པའི་རྟགས་མངོན་སུམ་དུ་སྣང་བ་དང༌། དགུང་ལོ་གསུམ་བཞི་ལོན་པའི་སྐབས་ནས་བྱིས་པ་གཞན་དང་མི་མཚུངས་པར་ཡི་གེ་འབྲི་བ་དང༌། སྒོམ་སྒྲུབ་བྱེད་ཚུལ་དང༌། གནས་དབེན་པ་རི་ཁྲོད་སོགས་ལ་འགྲོ་དགོས་ཞེས་གསུངས་པ་སོགས་གཤིས་ལ་གྲུབ་པའི་བག་ཆགས་འགྱུར་བ་མེད་པར་མངོན་པས་ཀུན་གྱིས་ངོ་མཚར་དུ་གླེང༌། དགུང་ལོ་བདུན་གྱི་སྟེང་ནས། བླ་མ་དམ་པ་དཔྲ་སྤྲུལ་རིན་པོ་ཆེ་བསྟན་འཛིན་དབང་རྒྱལ་གྱི་ཞལ་སྔ་རུ་ཐོག་མར་གཙུག་ཕུད་ཕུལ་བས། སྐྱབས་འགྲོའི་སྡོམ་པ་གནང་ཞིང༌། མཚན་ལ་ཟླ་བ་གྲགས་པ་ཞེས་མིང་གི་ཅོད་པན་གནང་བ་ནས་ད་ལྟའི་བར་དུ་སྙན་གྲགས་ཀྱི་རྔ་གསང་ཡལ་མ་མྱོང༌། ལོ་ངོ་དེ་ནས་བདེ་དགའ་ཞེས་འབོད་པའི་མཁས་བཙུན་བཟང་གསུམ་གྱི་ཐུགས་ཡོན་བཞེས་པ་ཞིག་དགེ་རྒན་དུ་བསྟེན་ཏེ། ཡོན་ཏན་གྱི་གཞི་མ་ཡི་གེ་འབྲི་ཀློག་བསླབས་པས། ཡུན་ཐུང་ངུའི་ནང་ལེགས་པར་ཐུགས་ལ་མཁྱེན། རིམ་བཞིན་ནག་རྩིས་སོགས་རིག་གནས་ཕལ་ཆེར་ཅུང་ཟད་སྦྱངས་པས་མཁྱེན་རབ་ཀྱི་རྩལ་གཞན་ལས་ཆེ་བར་གྲགས། ལྷ་ཁོ་ཞེས་པ་སློབ་དཔོན་དུ་བསྟེན་ནས། གསས་མཁར་མཆོག་ལྔ་སོགས་དཀྱིལ་འཁོར་སོ་སོའི་ཕྲིན་ལས་ཀྱི་ཕྱག་བཞེས་དང༌། གར་ཐིག་དབྱངས་རོལ་དཀྲོལ་ཚུལ་སོགས་ལ་མཁས་པར་སྦྱངས། གྲྭ་ས་གོང་མ་ནས་བྱོན་པའི་བླ་མ་བསམ་གཏན་ཡེ་ཤེས་པའི་མདུན་དུ། བྲུ་ལུགས་ཀྱི་དཀྱིལ་འཁོར་ཕྱག་བཞེས་ཁུངས་བཙུན་དང༌། གཞན་ནས་གཤེན་ལུགས་ཀྱི་ཆོ་གའི་ འགྲིག་རིམ་དང་ཕྱག་རྒྱ་གར་འཆམ་སོགས་ལ་སྦྱངས་བརྩོན་མཛད། དེ་དག་གི་ཞོར་ནས་རྫོགས་ཆེན་གྱི་རྒྱུད་དང་ཁྲིད་ཡིག་སོགས་ལའང་གཟིགས། སྐབས་དེར་ཡབ་རྗེ་དམ་པ་དཔྲ་སྤྲུལ་གྲུབ་ཆེན་རིན་པོ་ཆེ་དང་ལྷན་ཅིག་ཏུ་དབུས་གཙང་དུ་གནས་སྐོར་ལ་ཕེབས་པས། རྐོང་བོ་བོན་རིར་སླེབས་ནས། གནས་རི་ལ་བརྐྱངས་ཕྱག་གིས་བསྐོར་བ་སོགས་དཀའ་ཚེགས་སུ་མི་གཟིགས་པར་སྒྲིབ་སྦྱང་ལ་བརྩོན་འགྲུས་ཀྱི་ཡ་ལད་ཆེན་པོ་བགོས། དེ་ནས་ཚོགས་མཆོད་ཆེན་པོ་ཕུལ་ཏེ། ཡབ་རྗེ་དམ་པའི་མདུན་ནས་ཐོག་མར་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ། འདུལ་བ་སོ་ཐར་གྱི་གཞི་བརྟན་པར་མཛད། རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གདན་ས་གཙང་སྨན་རིར་ཕེབས། སྐུ་མདུན་རིན་པོ་ཆེ་གསེར་ཁྲི་འཛིན་པ་གཤེན་བསྟན་ཚུལ་ཁྲིམས་དབང་རྒྱལ་མདུན་ནས། རབ་བྱུང་གཙང་གཙུག་གི་སྡོམ་པ་ཚུལ་བཞིན་བཞེས་པས་མཚན་ལ་སླར་ཡང་ཟླ་བ་གྲགས་པ་ཞེས་གནང་བྱུང་བས་རྟེན་འབྲེལ་ལེགས་པར་འགྲིག གཞན་ཡང་སྡེ་སྣོད་འཛིན་པའི་བཤེས་གཉེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་མང་དུ་གསན། ཕྱིར་རང་ཡུལ་དུ་ཕེབས་ཏེ། མདོ་ཁམས་བསྟན་པའི་བདག་པོ་ཤར་རྫ་བ་ཆེན་པོའི་ཞལ་སྔ་ནས། རྨེའུ་སྟོན་ལྷ་རི་གཉེན་པོའི་ཕྱག་ལེན་ཐེག་ཆེན་ལྷའི་མེ་ལོང་ལྟར། བྱང་སེམས་ཀྱི་སྡོམ་པ་བཞེས་པས་མཚན་དུ་གཞན་ཕན་སྙིང་བོ་ཞེས་གསོལ། དེར་བྱམས་མ་དང༌། རྣམ་རྒྱལ་བྱུང་བའི་ལུགས་ཀྱི་བྱང་སྡོམ་གྱི་རྒྱུན་ཡང་གསན། དཔྲ་བ་རིན་པོ་ཆེའི་མདུན་ནས། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་དབང་མོ་ཆེ་སྒྲུབ་དབང་གི་ལུགས་སུ་རྒྱས་པར་གནང་བ་གསན་པས། གསང་མཚན་དུ་ནམ་མཁའི་སྙིང་བོ་ཞེས་གསོལ་ཞིང༌། དེ་ནས་བཟུང་སྟེ་སྡོམ་པ་དང་དམ་ཚིག་སྤྱི་ལ་གཅེས་སྤྲས་གནང་ཞིང༌། ཁྱད་པར་དུ་གསང་སྔགས་ལམ་གྱི་འཁྱེར་སོ་གསུམ་དང་མ་བྲལ་བར་ཉམས་ལེན་གྱི་རྒྱུན་བསྲིངས་པས། ཉམས་ལེན་པ་ཡོངས་ཀྱི་མིག་དཔེ་རུ་གྱུར། དགུང་ལོ་བཅུ་བདུན་བཞེས་པའི་ས་ཁྱི་ལོར་གནས་ཆེན་གཡུང་དྲུང་ལྷུན་པོའི་དབེན་གནས་བདེ་ཆེན་རི་ཁྲོད་དུ། སྙིགས་དུས་ཀྱི་བསྟན་པའི་བདག་ཉིད་རྒྱལ་བ་གཉིས་པ་དཔལ་ཤར་རྫ་བ་ཆེན་པོའི་མདུན་དུ་བྱོན་ནས། རྒྱལ་བ་བྲུ་ཡི་རིང་ལུགས་ཨ་ཁྲིད་ཆེན་མོའི་གཞི་བཟུང་སྟེ། དབང་མཆོག་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་བ་ཞི་ཁྲོའི་དབང་མཆོག་དང་སྙན་བརྒྱུད་ཡེ་དབང་ཆེན་མོ། ཞང་ཞུང་མེ་རིའི་དབང་བཞི་ཡན་ལག་དང་བཅས་པ། སྔོན་འགྲོའི་བཀའ་ལུང་རྒྱ་མཚོ། ཁྱད་པར་དམ་པ་གསུམ་གྱི་ཞལ་ཁྲིད་དང༌། ཞི་གནས། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཁྲིད་དང་བཅས་ལོ་གཅིག་གི་ནང་དུ་སྨིན་ཁྲིད་གནང་བ་གསན། གཞན་ཡང༌། ཚེ་དབང་བོད་ཡུལ་མའི་རྩ་རླུང་ཞག་བརྒྱའི་ཁྲིད་སྨར་བ་དང༌། ཤོག་དྲིལ་སྐོར་ལས་བྱུང་བ་ལྟར་རྫོགས་རིམ་གྱི་ཁྲིད་ཕྲན་ཡོངས་རྫོགས། ཡང་རྩེ་ཀློང་ཆེན་ལྟར་སྔོན་འགྲོ་དངོས་གཞི་རྗེས་བྱ་གསུམ་གྱི་ཟབ་ཁྲིད་དང༌། རིགས་དྲུག་རང་སྦྱོང་སོགས་གཞུང་ཡན་ལག་བཅས་པ་མུན་ཁྲིད་བཀའ་རྒྱ་མ། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར། དབྱིངས་རིག་མཛོད། ཁྲིད་ཡིག་ཀུན་ཏུ་བཟང་བོའི་སྙིང་ཐིག་སོགས་ལ་གསན་སྦྱངས་དང་མཉམ་བཞེས་སྦྲགས་མར་མཛད་པས་དེ་དག་ཐམས་ཅད་ཐུགས་སུ་ཆུད་ཅིང༌། གདམས་ངག་གི་སྤྲོས་པ་ཐམས་ཅད་ཆོད་པར་གསུངས་སོ།། དེ་ནས་བཟུང་རྗེ་བླ་མ་ཤར་རྫ་ཉིད་གཅིག་ཆོག་གི་བླ་མར་བསྟེན་ནས། ཅི་གསུངས་ཐམས་ཅད་དང་བླང་གིས་ཉམས་ལེན་མཛད་པས། ཉམས་རྟོགས་ཀྱི་ཡོན་ཏན་ལ་དབང་འབྱོར་ཞིང༌། སློབ་མའི་ནང་ནས་ཡོན་ཏན་མཆོག་ཏུ་ཆེ་བར་གཟིགས་ཏེ། ཐུགས་ཀྱི་སློབ་མ་གཅིག་པུར་ཐུགས་གཙུགས་ཆེ་བར་མཛད་དོ།། དེ་ལྟ་ནའང་དོན་གཉིས་གང་ལ་གཞོལ་ཀྱང་ཐོས་བསམ་གྱི་རྨང་མེད་ན་འགྲུབ་དཀའ་བར་གཟིགས་ཏེ་ཇི་ལྟར་ཆུ་གཏེར་གྱི་ཀླུང་ཆེན་པོས་གཞུང་བརྒྱ་སྡུད་ཀྱང་ངོམ་པ་མེད་པའི་ངང་ཚུལ་བཞིན་ཐུགས་ཁེངས་སྐྱུང་གིས་དཔྲ་བ་གྲུབ་ཆེན་རིན་པོ་ཆེ་དང་ཀུན་གྲོལ་ལྔ་བ་ཆེན་པོ་གཏེར་སྟོན་བདུད་འདུལ་གླིང་བ། རྣལ་འབྱོར་བ་ཚུལ་ཁྲིམས་དབང་ཕྱུག རྣལ་འབྱོར་ལྷུན་གྲུབ་ཐོགས་མེད། མཆོག་སྤྲུལ་ཉི་མ་འོད་ཟེར། རྟོགས་ལྡན་གཡུང་དྲུང་བསྟན་པ། གྲུབ་པའི་དབང་བོ་ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ། གཏེར་སྟོན་གསང་སྔགས་གླིང་བ། དྲང་སྲོང་ཚུལ་ཁྲིམས་རྣམ་དག་སོགས་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་གཞུང་ལུགས་ཀྱི་དབང་ལུང་མང་དུ་གསན་ཀྱང་ཡི་གེ་མང་བར་དོགས་ནས་འདིར་རེ་རེ་བཞིན་མ་བྲིས། དགུང་ལོ་བཅུ་བདུན་ནས་ཉེར་གཅིག་བར་ཤར་རྫའི་དབེན་གནས་སུ་སྒྲུབ་པ་མཛད་དེ། སྔོན་བྱོན་དམ་པའི་རྣམ་ཐར་བཞིན། སྲིད་པའི་འབྱོར་བ་ཐམས་ཅད་དུག་གི་ལོ་མ་ལྟར་ཤེས་ནས། ཆེན་པོའི་གོ་ས་དང༌། ཟང་ཟིང་གི་ལོངས་སྤྱོད། འཁོར་དང་གཡོག་པོ། དགྲ་གཉེན་གྱི་ཆགས་སྡང༌། ཆོས་བརྒྱད་ཀྱི་བྱ་བ་རྣམས་དོར་ཞིང་རྩེ་གཅིག་གིས་སྒྲུབ་པའི་སྙིང་བོ་མཛད་མུར། རྩ་རླུང་གི་སྐོར་ཡོད་ཚད་ལའང་སྦྱང་བ་ཕུལ་ཕྱིན་མཛད་པ་དང༌། བདུན་ཐུར་དང་རྒྱབ་ཐུར་གཉིས་ལ་འབད་བརྩོན་ཆེན་པོ་གནང་བས། དངོས་སུ་རྟགས་མཐོན་པར་མཛད་ཅིང༌། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་དྲངས་པའི་འོད་གསལ་དང༌། དེའི་རྩལ་ལས་སློབ་པའི་ཟུང་འཇུག་སྒྱུ་ལུས་ལྡང་ཚུལ་ལ་མྱོང་བ་ཚུལ་བཞིན་དུ་འབྱོར། ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་ནས། མཉམ་བཞག་གི་རྒྱུན་བསྐྱངས་པར་བྱས་ཏེ། ཁྲེགས་ཆོད་ཀྱི་རིག་པ་རྐྱང་དེད་ལ་ཉམས་ལེན་གཙོ་བོར་གནང༌། ཐོད་རྒལ་སྣང་བཞིའི་ཟབ་ཁྲིད་ལྟར་སྒྲོན་མ་ བཞིའི་ཉམས་ལེན་ལ་རྩལ་ཡང་ཡང་སྦྱངས་ཤིང༌། དེའི་བོགས་འདོན་མུན་པའི་རྣལ་འབྱོར་ལ་ལན་གྲངས་དུ་མར་བཞུགས། སྤྱིར་རང་ཉིད་འཕགས་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་གཞན་ལ་འཆད་ཉན་བྱས་ཀྱང་ཕན་ཐོགས་ཆུང་ཞིང༌། རང་གི་ཉམས་ལེན་ཀྱི་བར་ཆད་དུ་འགྲོ་བ་ཡིན་གསུངས་ནས། ཕལ་ཆེར་བུག་སྒོ་འདག་སྦྱར་མཛད་དེ་བཞུགས་པར་གནང༌། སྐྱེ་བོ་མཆོག་དམན་ཨང་གསར་ཀྱིས་མོས་གུས་ཆེན་པོས་ཞབས་རྡུལ་སྤྱི་བོས་ལེན་པ་དང༌། ཕྱོགས་གཞན་ནས་གདན་འདྲེན་པ་མང་དུ་བྱུང་ཡང༌། ནོར་ལོངས་སྤྱོད་བདུད་ཀྱི་གཡབ་མོ་ཡིན་གསུངས་ཏེ། འཇིག་རྟེན་གྱི་བྱ་བཞག  འཁོར་མངའ་རིས། ནོར་ལོངས་སྤྱོད་སོགས་ལ་ཞེན་ཆགས་གཏན་ནས་མི་མཛད་ཅིང༌། ཡོ་བྱད་ཀྱི་རིགས་འབྱོར་ཚད་རྟེན་བཞེངས་དང༌། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དུ་ཕུལ་ཏེ། རྒྱུན་དུ་བསྙེན་སྒྲུབ་ལ་འབད། དགུང་གྲངས་ཞེ་བརྒྱད་པ་ས་སྦྲུལ་ལོ་ཕན་ཆད་དུ་རྟོགས་པའི་ཀློང་བརྡོལ་བའི་མཐུས། བྱེད་རྩོལ་ལས་འདས་པའི་དགོངས་པ་མངོན་དུ་མཛད་ནས་སྤྲོས་བཅས་ཀྱི་རྣལ་འབྱོར་སོགས་མཛད། དོན་དམ་པའི་དགེ་སྦྱོར་གྱི་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས། དབེན་པའི་གནས་ཁོ་ནར་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་ཕྱག་ལེན་མཐར་ཕྱིན་མཛད་པས། རྩ་རླུང་གི་རྟོགས་པ་མངོན་དུ་བརྙེས་ནས། ཐབས་ལམ་རྒྱབ་ཐུར་གྱི་གདམས་པས་སྟེང་འོག་གི་རླུང་འདྲེས་ནས། འོག་སྒོ་ནས་སྤོས་དུད་རྔུབ་པས་སྣ་སྒོར་བྲོ་བ་དང༌། ནོར་བུས་དངོས་སུ་འོ་མ་འཐུང་བའི་རྟགས་ཐོན་ཏེ། རྩ་རླུང་ལ་བརྟེན་ནས་གཞན་ལུས་བརྟེན་ན། བོགས་འདོན་འོང་བའི་སྐབས་སུ་བབས་ངེས་པར་སྣང་ན་ཡང༌། རྗེ་ཤར་རྫ་བའི་ཕྱག་ལེན་བསྟན་པ་སྤྱིའི་མིག་ལྟོས་ལ་གནོད་ཀྱིས་དོགས་ནས། མངོན་མཚར་ཅན་དེ་རིགས་དངོས་སུ་མ་གནང་བར་གསུངས། མཉམ་བཞག་ཏུ་རིག་པ་རྗེན་པར་འཆར་བ་དང༌། སྣང་བཞི་ཉམས་ལེན་གྱིས་རྩལ་སྦྱོང་མཛད་པས། རིག་པ་ཚད་ཕེབས་ཀྱི་ཡོན་ཏན་ཤར་ནས། ཐིག་ལེ་ལྔ་ཚོམ་ཕྱི་ནང་དུ་སྐུ་རྐྱང་སོགས་འཆར་བའི་ངོ་མཚར་གྲུབ་རྟགས་མང་དུ་བྱུང༌། ཉེ་གནས་དག་གིས་བལྟས་ཚེ། སྐུ་ལུས་ལ་གྲིབ་མ་མེད་པ། ཁང་པའི་རྩིག་པས་སྒྲིབ་པ་མེད་པར་ཕྱི་ནང་ལ་ཐོགས་མེད་དུ་ཕེབས་པ་དངོས་སུ་མཐོང་སྐད། གཉུག་ལུས་སྦྱངས་ནས་དྭངས་མའི་འོད་སྐུར་གྱུར་པའི་རྟགས་སུ་སྐབས་འགར་སློབ་བུ་རྣམས་ཀྱིས་བལྟས་ཚེ་མིག་གིས་མི་མཐོང་གར་སོང་ཆ་མེད་དུ་གྱུར། སྐབས་འགར་བར་སྣང་དུ་བཞུགས་པ་སོགས་ངོ་མཚར་གྱི་རྟགས་མཚན་མང་དུ་བྱུང༌། སྐབས་འགར་རིགས་དྲུག་གི་མཐོང་སྣང་སྣ་ཚོགས་འཆར་བ་དང༌། བར་དོ་སེམས་ཅན་མང་བོ་གཟིགས་སྣང་དུ་བྱུང་བས། སྙིང་རྗེ་ཆེན་པོ་ཤས་མི་བཟོད་པ་སྐྱེས་ནས་བཤུམ་པ་སོགས་ཉེ་གནས་རྣམས་ཀྱིས་ཡང་ཡང་བཤད། དེ་ནས་ཧོར་སྨད་ཤེལ་ཁོག་རྒྱ་རོང་དགོན་དུ་ཕེབས་ཏེ་སེར་སྐྱ་རྣམས་ལ་སྔོན་འགྲོའི་ཚིག་བཤད་ཟླ་ཁྲིད་གཅིག་གནང་བ་དང༌། དགེ་འདུན་གྱི་སྡེ་ཡོངས་ལ་བཤད་སྒྲུབ་ཀྱི་སྲོལ་བཙུགས། བླ་མ་ཉིད་ཀྱིས་གང་ཞིག་འཆད་ཁྲིད་བྱས་ཀྱང་ཚིག་བཤད་ཙམ་གྱིས་ཆོག་པར་མི་འཛིན་པར་གཙོ་བོ་དཔེ་ཐོག་ནས་དོན་གྱི་སྙིང་བོ་ཧྲིལ་གྱིས་བླངས་ཏེ། སློབ་མའི་རྒྱུད་ཐོག་ཏུ་གནས་པར་བྱེད་པ་ལ་གཙིགས་སུ་འཛིན་པ་ཡིན། དེ་ཡང་གདུལ་བྱའི་ཁམས་དང་བསྟུན་ནས་ཡོངས་ཁྱབ་ལ་འཆད་པ་གཙོ་ཆེ་བའི་སྐོར་ནི། ལམ་རིམ་སུམ་བརྒྱ་བའི་རྩ་འགྲེལ་སྔོན་འགྲོ་ཨ་ཁྲིད་གཞུང་དང་རྒྱབ་སྐྱོར་གཉིས། སྡེ་སྣོད་རིན་པོ་ཆེའི་རྩ་འགྲེལ་གཉིས། བསྐྱེད་རྫོགས་ལྷ་གཉན་ཤེལ་སྒོང་སོགས་དང༌། དངོས་གཞིའི་ཉམས་ལེན་སྐོར་ལ། ཨ་རྫོགས་དབུ་གསུམ་སྤྱི་དང༌། སྐུ་གསུམ་རང་ཤར་ལྟར་དམར་ཁྲིད། རྩ་རླུང་གི་སྐོར། ཀུན་ཏུ་བཟང་བོའི་སྙིང་ཐིག་སོགས་ཡིན།
མདོར་ན་ཁོང་གིས་སྐུ་ཚེ་གང་བོར་བྱ་བཏང་གི་ཚུལ་དུ་དབེན་པའི་རི་ཁྲོད་བརྟེན་ནས་བསྟན་པ་ཐམས་ཅད་འགལ་མེད་རང་རྒྱུད་དུ་ཉམས་སུ་བླངས་པ་མ་ཟད། ཉམས་རྟོགས་ཚད་ཐོན་པར་མཛད་པས་གྲུབ་པ་ལ་མངའ་བརྙེས་ཤིང༌། དེ་ནས་ཀྱང་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསྐུལ་ཏེ་ཕྱོགས་ཕྱོགས་སུ་འཆད་ཉན་གྱི་སྲོལ་བཙུགས་པ་དང་རི་ཁྲོད་སྒྲུབ་སྡེ་སོགས་མང་དུ་བཏབ་སྟེ། བཤད་སྒྲུབ་ཡ་མ་བྲལ་བར་སློབ་མ་བསྐྱངས་པས་ས་ལམ་གྱི་ཡོན་ཏན་བརྙེས་པ་མི་ཉུང་བ་བྱུང་ལ། གཞན་ཁྱིམ་པ་བ་སེར་སྐྱ་ཕོ་མོ་རྣམས་ལའང་རྟོགས་པ་ཀློང་དུ་བརྡོལ་བ་ལས་བྱུང་བའི་དབྱངས་སྙན་པ་དང་ཚིག་དོན་གོ་སླ་བའི་ཉམས་མགུར་གསུང་བ་ལ་བརྟེན་ནས་དེ་དག་གི་རྒྱུད་འདུལ་མཁས་པའི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་བསྟན་དང་འགྲོ་དོན་རྒྱ་ཆེན་པོ་གྲུབ། དགུང་ལོ་ང་བཞི་བ་ཤིང་མོ་ཕག་གི་ལོར་རང་སློབ་དམ་པ་རྣལ་འབྱོར་ཚུལ་ཁྲིམས་འོད་ཟེར་བྱ་བ་སྐུ་མདུན་དུ་བོས་ནས། ཤར་རྫའི་གསུང་འབུམ་དང་རྟེན་སྣ་བྱིན་ཅན་ཡོད་ཚད་གནང་སྟེ། གདན་སའི་བདག་པོར་དབང་བསྐུར་མཛད། གཡུང་དྲུང་གི་གསུང་མགུར་མང་པོ་བླངས་ནས། ཁོ་གཤེགས་ཚེ་དགུང་ཞག་བཅུ་བཞིར་གསང་རྒྱ་བགྱིད་པ་གལ་ཆེ་ཞེས་གསུངས་པ་དང༌། ཀ་དག་ལྷུན་གྲུབ་གཞི་ཡི་གནས་ལུགས་དོན།། ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས།། མཐར་ཐུག་འབྲས་སུ་གཞོན་ནུ་བུམ་སྐུའི་ཀློང༌།། མངོན་པར་བྱང་ཆུབ་འཁོར་བ་དོངས་སྤྲུགས་ཤོག ། ཅེས་ཀྱང་གསུངས། ལོ་དེའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ཐུགས་སྲས་དམ་པ་རྣམས་འདུས། ཕྱི་ཐུན་ཐོ་རེངས་ཀྱི་དུས་སུ་ཆ་ལུགས་ལྔ་ལྡན་གྱི་ངང་ནས་སྐུ་ལུས་ཀྱི་རང་མདངས་རིམ་གྱིས་འགྱུར་ཞིང༌། འོད་མདངས་གསལ་ལ་འཚེར་བ་ཞིག་ཏུ་སོང༌། དེ་ནས་གཟིམ་སྒོ་སྡོམས་གསུངས་པ་བཞིན་གསང་རྒྱ་བྱས། སློབ་མ་རྣམས་ཀྱིས་ཡིག་བརྒྱ་དང་གསོལ་འདེབས་སོགས་ལ་བརྩོན། འཇའ་ཚོན་སྣ་ལྔ་ཤར་བ་སོགས་རྟགས་མཚན་ཁྱད་པར་ཅན་མང་དུ་བྱུང༌། བདུན་གཉིས་ལོན་པའི་མཚམས་སུ་རྗེ་ཉིད་ཀྱི་སྐུ་ལུས་ནི་འཇའ་འོད་དུ་ཡལ་ནས། བཞུགས་གདན་གྱི་སྟེང་དང་ན་བཟའི་གསེབ་ན་དབུ་སྐྲ་དང་ཕྱག་ཞབས་ཀྱི་སེན་མོ་མ་གཏོགས་མི་སྣང་བར་གྱུར་ཏེ། དགོངས་པ་ཀ་དག་གདོད་མའི་དབྱིངས་སུ་སྙོམས་པར་བཞུགས་སོ།། རྒྱལ་དབང་ཤར་རྫ་ཆེན་པོའི་རྗེས་འབྲངས་ནས།། ཐེག་དགུའི་སྙིང་བོ་རྫོགས་ཆེན་གཞུང་ལུགས་ལ།། ཉམས་ལེན་གཅིག་ཏུ་གཞོལ་བའི་འབྲས་བུ་མཆོག། སྣང་ལུས་ཟག་མེད་དབྱིངས་སུ་གྲུབ་པའི་སྐུ།། ཀ་དག་དབྱིངས་སུ་སྙོམས་པར་བཞུགས་མོད་ཀྱི།། བདག་ཅག་མགོན་མེད་དྭ་ཕྲུག་མས་བོར་བཞིན།། དྲན་པའི་གདུངས་པའི་ཐར་འདོད་ཡིད་ཅན་རྣམས།། བྱང་ཆུབ་སྙིང་བོའི་བར་དུ་ཁྱོད་ཀྱིས་སྐྱོངས།།

རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།