སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རང་རྣམ་བཞུགས་སོ།

སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རང་རྣམ་བཞུགས་སོ།

༄༅།  ། མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནི། ཡུལ་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་བྱང་ཨཀྟ་རོང་གི་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད། ཁྱུང་དཀར་གྲུབ་ཆེན་བསྟན་པ་དར་རྒྱས་ཀྱི་རུས་རྒྱུད། མག་སར་ཞེས་པར་ཡབ་རྡོ་རྗེ་ཐར་དང༌། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་མེ་བྱི་སྤྱི་ལོ༡༩༣༦ལོའི་ཟླ ༡ པོའི་ཚེས༡༤ཉིན་དལ་རྟེན་རྙེད། རང་ལོ་ལྔར་སོན་ནས་ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱི་སྤྲུལ་སྐུར་ངོས་འཛིན་བྱས་སྐབས། བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་དམ་པ་ཏྲེ་ཚང་སྤྲུལ་སྐུ། རྙིང་མ་བ་མདོ་མཁྱེན་བརྩེ་རིན་པོ་ཆེ།  སྟོང་ཁྱུང་ཞབས་དྲུང་གཡུང་དྲུང་དབང་རྒྱལ་སོགས་གསར་རྙིང་བོན་གསུམ་གྱི་བླ་ཆེན་རྣམ་པ་བཞིས། ཕྱོགས་སོ་སོ་ནས་ཐུགས་ཐག་བཅད་པ་གཅིག་ཏུ་བབ་པས་འཁྲུལ་མེད་དུ་ཡིད་ཆེས། རང་ལོ་དྲུག་ནས་ཀློག་སློབ་པའི་དགེ་རྒན་བསྟེན། ལོ་ཕྱེད་གསུམ་ནས་ཆོ་ག་འདོན་སྤྱོད་རྫོགས་པར་བསླབས། རང་ལོ་བརྒྱད་ཀྱི་སྟེང༌། བོན་བརྒྱ་གྲུབ་པའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས་སྔོན་འགྲོ་བསགས་སྦྱངས་རིམ་པ་ཉམས་སུ་བླངས། རང་ལོ་དགུ་ནས་སུམ་རྟགས་དག་གསུམ་བསླབས། རྩ་རྒྱུད་གསང་བ་བསེན་ཐུབ། གསང་སྔགས་དོན་རྒྱུད་ཆེན་མོ་སོགས་རྒྱུད་སྡེ། སྒྲུབ་སྐོར་མང་པོའི་ལུང་གནང༌། རང་ལོ་བཅུ་ནས་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེས་རྗེས་སུ་བཟུང་ནས། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོའི་ཁྲིད་ཞིབ་རྒྱས་སུ་གནང༌། སླར་སྔོན་འགྲོ་འབུམ་དགུ་དང༌། མཐར་འཕོ་སྦྱངས་དང་བཅས་པ་ལེགས་པར་གྲུབ་ནས་བླ་མའི་ཐུགས་ཟིན་པ་བྱུང༌། སྐུ་གོང་མའི་དངོས་སློབ་སྔགས་འཆང་འབུམ་པ་རྒྱལ་བའི་ཞབས་ཀྱིས། ཕྱག་དཔེ་གླེགས་བམ་བརྒྱ་ལྷག་གི་སྟེང་ནས་ལུང་རྒྱུན་མང་པོ་གནང༌། རང་ལོ་བཅུ་གཅིག་ནས་བཅུ་བཞིའི་བར་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་སྐུ་མདུན་དུ་མ་འབྲལ་བར། སུམ་རྟགས་དག་གསུམ་སྙན་ངག་སོགས་ཐུན་མོང་རིག་གནས་སྤྱི་དང༌། ལམ་རིམ་རྒྱས་བསྡུས། ཉམས་ལེན་ལྔ་སྐོར། དབལ་གསས་འགྲེལ་བ། གསང་སྔགས་བསྐྱེད་རྫོགས། ཟབ་མོ་གཅོད་གདམས་སོགས་ཐུན་མིན་གསང་སྔགས་སེམས་རྒྱུད་སྡེ་ཁྲིད་དང་དབང་ལུང་མང་དུ་བསྩལ། རོང་སྟོན་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་འཕྲེང་བདུན་པ་ཆེན་པོ་རྩེ་གཞུང་ཕྱོགས་སུ་བྱོན་ནས། དུས་འཁོར་དབང་ཆེན། བདེ་གསང་འཇིགས་གསུམ་གྱི་ལྗགས་ལུང་བཅས་བསྩལ་བ་དང༌། དེ་རྗེས་ནམ་ཡང་མཚན་དཔེ་ཉི་མའི་དཀྱིལ་འཁོར་མཇལ་ཐུབ་པའི་སྐལ་ལྡན་དུ་གྱུར།

རང་ལོ་བཅོ་ལྔའི་ཐོག་དཔལ་སྐྱང་སྟོན་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་ནས་དབང་ལུང་མང་དུ་གནང་མཐར། བླ་མ་དང་འབྲལ་མ་ཕོད་པར། རང་ལོ་བཅུ་དྲུག་ཐོག་ཕྱག་ཕྱིར་འབྲངས་ནས། ཟི་ཁྲོན་མཛོད་དགེ་རྫོང་གི  སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གདན་ས། མདའ་ཆེན་དཀར་མོ་རི་ཁྲོད་དུ་ལོ་གསུམ་ལ་སྒྲུབ་གྲྭར་ཞུགས། སྐྱང་སྤྲུལ་བསྟན་འཛིན་དབང་གི་རྒྱལ་བོའི་ཞབས་ཀྱིས་ཟིན་ཏེ། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་ཁྲིད་དང༌། ཀུན་རིག ཀུན་དབྱིངས། དུས་འཁོར། རྒྱལ་བ་རྒྱ་མཚོ།  སྨན་ལྷ།  བྱམས་མ། དགེ་སྤྱོད། རྣམ་འཇོམས་སོགས་ཆོ་ག་བཅུ་གཉིས་དང༌། གེ་ཁོད་མེ་རི།  ཞི་བ་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་ངོ་མཚར་རྒྱས་པ་སོགས་དབང་ལུང་མང་དུ་གནང༌། སྔོན་འགྲོ་བསགས་སྦྱང་སེམས་བསྐྱེད་མཆོད་པ་བཅས་གནང་སྐབས། སོ་བྱང་སྔགས་གསུམ་གྱི་སྡོམ་པ་བླངས། གཞན་ཕན་ཀུན་བཟང་བློ་གྲོས་རྒྱ་མཚོ་ཞེས་བྱང་སེམས་མིང་གི་ཅོད་པན་གནང༌། འཕོ་ཁྲིད་དངོས་གཞིའི་ཉམས་ལེན། བསྙེན་སྒྲུབ། རུ་ཤན། རྩ་རླུང༌། བཅུད་ལེན་སོགས། ཁྲེགས་ཆོད་སྐོར་དང༌། ཐོད་རྒལ་སྣང་བཞིའི་ཉམས་ལེན། ཉིན་སྣང་མཚན་སྣང། མུན་ཁྲིད་ཨ་གཏད་དང་བཅས་ལོ་གསུམ་གྱི་སྦྱངས་པ་མཐར་ཕྱིན། ཞར་ལ་སྒྲ། སྙན་ངག རྩིས་ཡིག་རིགས་ལྷ་རིས་དང་བཅས་པས། བླ་མའི་ཐུགས་མཉེས་ཏེ་ཞལ་ནས། ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ཞེས་སྒྲ་མཚན་གནང་ཞིང༌། མཁས་པའི་ཁྲི་ལ་མངའ་གསོལ་གཟེངས་བསྟོད་ཀྱི་བྱ་བ་བགྱིས་པ་ཡིན་ཞེས། སྙན་ཚིག་གི་ལམ་ནས་བསྔགས་བརྗོད་ཚིགས་བཅད་དུ་མ་གནང༌། (འདིའི་ཡི་གེ་ད་དུང་ཉར་ནས་ཡོད)

རང་ལོ་ཉི་ཤུའི་ཐོག་སླར་ཡང་རང་ཡུལ་དུ་འོངས་ནས་བོན་བརྒྱ་བླ་རབས་རིམ་བྱོན་གྱི་གདན་ས་བསྐྱར་བསྐྲུན་བྱས་ཏེ་སློབ་ཚོགས་བསྐྱངས། ༡༩༥༨ལོའི་བཅོས་བསྒྱུར་སྐབས། ཁྲིམས་རར་སོང་ན་ཡང༌།  སྐྱེས་བུ་དམ་པ་རྣམས་དང་ལྷན་འདུག་བྱས། ཁྱད་པར་མཚོ་སྔོན་གྱི་མཁས་བཙུན་བཟང་གསུམ་ལྡན་པའི།  ཐར་ཤུལ་ཡོངས་འཛིན་རིན་པོ་ཆེ་དང་མ་འབྲལ་བར་ཡུན་རིང་བས། དམ་པ་གང་གི་བཀའ་དྲིན་གྱིས་བསྐྱངས། ལབ་བསོད་ནམས་རྩེ་མོའི་ཞབས་ཀྱིས་ཐུགས་བརྩེ་བས་ལམ་རིམ་ཡོན་ཏན་གཞིར་གྱུར་མའི་ཁྲིད་ལུང་སོགས་མང་དུ་གནང༌། གྲུབ་དབང་སེམས་དཔའ་རིན་པོ་ཆེ་ནས་སིངྔྷིའི་ལུང་དང་ཞལ་གདམས་མང་དུ་བསྩལ། སྐྱེས་བུ་དམ་པ་དེ་དག་གི་མཛད་སྤྱོད་ལ་བཅོས་མིན་གྱི་དག་སྣང་ཐོབ་པས་རང་ཉིད་སྐལ་ལྡན་དུ་གྱུར། སྔར་རང་སྲོག་ལ་མ་འཛེམས་པར་རྒྱལ་ཁབ་ཀྱི་ལས་བྱེད་པའི་ཚེ་སྲོག་བསྐྱབས་པ་སོགས་ལ་ཡང་དག་པར་ཞིབ་དཔྱོད་བྱས་པས། སྐྱོན་མེད་ལྷོད་ཡང་གི་སྲིད་ཇུས་ཐོབ། རིག་གསར་སྐབས་གནས་ངེས་མེད་འགྲིམས་ནས་ངེས་པ་དོན་གྱི་བཤེས་གཉེན་འགའ་རེ་བསྟེན། གཞུང་པོད་ལྔ་ལ་ཐོས་བསམ་གྱི་བག་ཆགས་བཞག ཞར་ལ་རིག་གནས་དངོས་རྫས་སྲུང་སྐྱོབ་དང༌། གླེགས་བམ་མང་པོ་ཞིག་ཤིང་པར་དུ་བརྐོས་པ་དང༌། པོ་ཏི་མང་པོ་རང་གཞན་གཉིས་ཀར་བྲིས་ཏེ་བྱིན་པས་སྙིང་སྟོབས་བརྩོན་པ་དྲག་པོ་བསྐྱེད།

༡༩༨༠ལོར་བསྟན་པ་ཐམས་ཅད་ཀྱི་བདག་པོ་པཎ་ཆེན་སྣང་བ་མཐའ་ཡས་མཚོ་སྔོན་དུ་བྱོན་པར་དངོས་མཇལ་བྱུང་ནས་ས་དང་པོ་ཐོབ་པ་ལྟར་གྱུར། ཁོང་གིས་ཆོས་སྲིད་གཉིས་ཀར་གཟིགས་ཞིབ་གནང་ནས།  རང་རང་གི་བསྟན་པ་ལ་བདག་གྱིས། ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེའི་གཞི་ཟུངས་ཞེས་སྒོར་སྟོང་ཕྲག་དུ་མའི་གནང་སྦྱིན་དང༌། རྟེན་བཟང་བྱིན་ཅན་བཅས་བཀའ་མཆིད་ཡིད་བཞིན་ནོར་བུ་སྤྱི་བོའི་རྒྱན་དུ་གནང༌། གང་གི་མཚན་དཔེའི་ཞལ་བཟང་གསེར་གྱི་ཉི་མ་ལྟ་བུ་ལན་བདུན་ལ་མཇལ་བའི་སྐལ་བ་ལེགས་པར་བྱུང༌། དབང་ལུང་ཆོས་སྦྱིན་བདུད་རྩིའི་གྲུ་ཆར་ཟད་མེད་དུ་འཇོ་བ་ཡང་ཡང་ཐོབ།  རང་གིས་ཀྱང་གསུང་གི་བདུད་རྩི་དང་དུ་བླངས་ཏེ། བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་སླར་གསོ་བྱས་པར་འབྲེལ། རང་དགོན་དང༌། གཞུང་སོ་སོའི་འདུ་ཁང་བཅུ་གསུམ་གསར་བསྐྲུན་བྱེད་པར་འགན་ཁུར་ཏེ་གྲུབ། འདུལ་བ་འཛིན་པའི་འདུས་སྡེ་འདིར་ཁྲིམས་གཙང་གི་གྲྭ་བཙུན་བརྒྱ་ལྷག་བཞུགས།  གསང་སྔགས་ཀྱི་སྒྲུབ་སྡེ་སོ་སོར་རིག་འཛིན་འདུས་པ་ལྔ་བརྒྱ་ལྷག་ཡོད།

ཟི་ཁྲོན་རྔ་བ་རྫོང་གི་རྟོགས་ལྡན་བཀྲ་ཤིས་འཁྱིལ་བའི་དགེ་བའི་བཤེས་གཉེན་ཆེན་པོ། ཀུན་མཁྱེན་ཤར་རྫ་བའི་དངོས་སློབ། ཡོངས་འཛིན་བཟོད་པ་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས། རྫོགས་ཆེན་སྙིང་ཏིག་གི་ཁྲིད། སྡེ་སྣོད་མཛོད་རྩ་འགྲེལ་གྱི་ལུང༌། ཚེ་དཔག་མེད་ལྷ་དགུའི་དབང་བཅས་གནང༌།  སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཕར་ཕྱིན་དམ་བཅའ་དང་མཇལ་ནས། སྐྱབས་མགོན་རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབ་སྤྲུལ་བའི་སྐུ་མཆོག་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་དྲུང་ནས། མདོ་གཡུང་དྲུང་ཀློང་རྒྱས་སོགས་ལུང་དུ་མ། ཁྲོ་བོ་ངོ་མཚར་རྒྱས་པའི་དབང་གུ་ཡ་གཏིང་རྫོགས་བཅས་གནང༌། བྱ་འཕུར་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས།  སྟག་ལའི་དབང་བྱེའུ་འཕར་མ་སོགས་བཀའ་དྲིན་མང་དུ་བསྩལ། སྣང་དགོན་བླ་མ་གྲྭ་ཚང་གི་བཀའ་ནན་ལྡོག་མ་ནུས་པར། རང་གིས་ཀྱང་སྐུ་མདུན་ལམ་རིམ་ཁྲིད་ལུང་དང་སྡེ་སྣོད་མཛོད་རྩའི་ལུང༌། རྫོགས་ཆེན་སྐུ་གསུམ་རང་ཤར་ཁྲིད་ལུང་བཅས་བླ་སྤྲུལ་གྲྭ་བཙུན་ཡོངས་ལ་ཕུལ། སྣང་ཞིག་དགོན་ཆེན་གཞུང་དང་ནང་ཆེན་སོགས་ནས། དམངས་སྒོར་ཁྲི་ལྷག་གི་གནང་སྦྱིན་བྱས་ཐོག མཚན་ཉིད་དགེ་རྒན་དགེ་བཤེས་ལུང་རྟོགས་རྒྱ་མཚོ་རང་དགོན་དུ་བྱོན་ནས། བཤད་གྲྭ་བཙུགས་ཏེ་ཐོས་བསམ་གྱིས་རྐངབཟུང༌། རང་ཉིད་ཀྱིས་ལོ་གསུམ་སྒྲུབ་གྲྭའི་སྲོལ་བཙུགས་ནས་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་སྲ་བརྟན་དུ་བཏང༌།

རང་རྩོམ་སྐོར་ལ།  བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན། ཡང་དག་དོན་གྱི་ཉམས་ལེན་དང་འབྲེལ་བ་ཀུན་མཁྱེན་ཞལ་གྱི་བདུད་རྩི། ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང༌། ལམ་རིམ་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང༌། ལམ་རིམ་དམིགས་ཁྲིད་ཉུང་འདུས་ཐམས་ཅད་མཁྱེན་པའི་ལམ་བཟང༌། སེམས་དང་སེམས་བྱུང་གི་རྣམ་བཞག་བློ་གསལ་ཡིད་ཀྱི་མུན་སེལ།  ལས་དང་པོ་བ་ལ་ཉེར་མཁོ་མན་ངག་གཅེས་བསྡུས་བློ་སྦྱོང་ཉམས་མགུར་སྐོར། ཀ་རྩོམ་ཕྱོགས་བསྒྲིགས་དབྱངས་ཅན་བཞད་པའི་སྒྲ་དབྱངས། སྡེ་སྣོད་རིན་པོ་ཆེ་མཛོད་ཀྱི་ས་བཅད་དང་གྲངས་འདྲེན་ཕྱོགས་བསྡུས།  དྲི་བ་དང་དྲིས་ལན་སྐོར།  ཆོ་གའི་ཉེར་མཁོའི་སྐོར།  བོན་གྱི་བསྟན་འབྱུང༌། རིས་མེད་ཀྱི་བསྟན་རྩིས།  ཟིན་ཐོ།  དོགས་དཔྱོད་སོགས་གཞན་ཐོར་བུ་མང་ཡང་འདིར་མ་བྲིས།

 

ད་ལྟ་རང་དགོན་དུ་ཐུན་མོང་རིག་གནས་སྐོར་ལ་ཡང༌། བརྡ་དག་སྒྲ་སྙན་ངག སྨན་རྩིས། ལྷ་རིས།  ཡིག་རིགས། ཤིང་པར་བརྐོ་བ་སོགས་སློབ་གཉེར་བ་མང་ཙམ་བྱུང༌། ཕྱོགས་ཀྱི་བུ་སློབ་ཀྱང་སྟོད་མངའ་རིས། བར་དབུས་གཙང༌། རྫ་ཉག་རོང༌། ཁྱུང་པོ། སྡེ་དགེ། རྔ་བ་སོགས༌། ལྷ་ས།  ཟི་ཁྲོན། ཀན་སུའུ་ཞིང་ཆེན་དག་ནས་འོངས་པའི་སློབ་མ་མི་ཉུང་བ་ཙམ་ཡོད་པ་མ་ཟད། དེང་དུས་འཛམ་གླིང་ན་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ་དབྱར་གྱི་མཚོ་རླབས་ལྟར་འཕེལ་བས། ཕྱི་རྒྱལ་ནས་ཀྱང་ཞིབ་འཇུག་བྱེད་དུ་འོང་ནས། ཁྱེད་སྙན་གྲགས་དོན་ལ་གནས་ཅེས་གཟེངས་བསྟོད་བྱེད་ཅིང་མཐར་སློབ་མར་གྱུར་པ་འགའ་རེ་ཡོད།

སྲིད་ཕྱོགས་ནས། སྔར་ཐུན་རིན་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པའི་འགན་ཁུར་ཅིང༌། ད་ལྟ༌།  མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང༌། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་འགན་ཁུར། རང་ཉིད་ཏང་དང་མི་དམངས་ལ་བློ་སེམས་དཀར་ཞིང༌། གྲུབ་མཐའ་རིས་མེད་ལ་དག་སྣང་ཡོད་པས། རྒྱལ་གཅེས་ཆོས་གཅེས་ཀྱི་མི་བཟང་པོར་གྱུར། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་དགའ་བས། ཏང་དང་སྲིད་གཞུང་གིས་གཟིགས་སྐྱོང་ཚད་མེད་གནང༌།

ཕྱིའི་རྒྱལ་ཁབ་ནས། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ཡང་ཡང་གདན་ཞུ་བྱས་ཀྱང༌། རང་ལ་དེ་འདྲའི་ནུས་པ་མེད་སྙམ་ནས་བཏང་སྙོམས་སུ་བཞག སྤྱི་ལོ་ཉིས་སྟོང་གི་ལོར། གྲོགས་རྣམས་ཀྱིས་བསྐུལ་མ་ནན་ཏན་བྱས། སྲིད་གཞུང་ནས་ཀྱང་ཆོག་མཆན་ཐོབ། རང་གིས་ཀྱང་བོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་ཏེ། བོད་ཀྱི་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་ལ་མཁས་རྣམས་བཞེད་པ་མི་འདྲ་བ་མང་པོ་བྱུང་བའི་གནད་དོན་གང་ཡིན་པ་དང༌། བོད་ཀྱི་རིགས་གནས་ཀྱི་ཁུངས་ཆེས་སྔ་བའི་བདེན་དོན་གསལ་བཤད་དང༌། ཆོས་ལུགས་ཕྱོགས་ཞེན་དང༌། སྲིད་དབང་འཕྲོག་རྩོད་བྱས་པས། མི་རིགས་རང་ལ་ཉམས་གུད་དང་གནོད་པ་མང་པོ་བྱུང་ཚུལ་སོགས་གཟུ་བོའི་བློས་དཔྱད་དེ་རྩོམ་ཡིག་སྤེལ་ཞིང༌། འཛམ་གླིང་གི་མཁས་པ་མང་པོའི་མདུན་སར་སྤོབས་པ་ཆེན་པོས་ཞུས་པས་ཀུན་གྱིས་ཞལ་བཞེས་མཛད། ཕྱི་རྒྱལ་ན་བཞུགས་པའི་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་དང༌། བྲག་དཀར་དགེ་བཤེས་ཉི་མ་རྣམ་རྒྱལ་གཉིས་ནས་སྐད་བསྒྱུར་མཛད་དེ་རང་གི་དཔྱད་རྩོམ་དེ་དག་དབྱིན་ཇིའི་སྐད་ལས་ཚོགས་འདུའི་སྟེང་གསལ་བཤད་གནང༌། འཛམ་གླིང་ན་གྲགས་ཆེ་བའི་ཨ་རིའི་མཁས་པ་ཞིག་གིས་བཀའ་གཏེར་སྙན་བརྒྱུད་ཀྱི་ཁྱད་པར་ལ་ཞིབ་འཇུག་བྱས་པར་ཁོང་གི་ཐུགས་འདུན་ལྟར་རང་ལ་རོགས་བཅོལ་བ་དང་དུ་བླང་ནས་དྲི་བ་དྲི་ལན་ལ་གསལ་བཤད་བྱས་པས་ཁོང་གི་ཐུགས་བཞེད་བསྐངས། ཀུན་ཀྱི་ཐུགས་མཉེས་པ་བྱུང༌། ཁང་དཀར་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས་སོགས་མཁས་པ་མང་པོར་གཞུང་ལུགས་དང་རིག་གནས་ལོ་རྒྱུས་སོགས་ལ་བགྲོ་གླེང་མང་པོ་བྱས་པས་ཐུགས་ནང་མཐུན་པར་གྱུར། ཕན་ཚུན་མཛའ་བརྩེའི་ངང་མཁས་པའི་སྙན་གྲགས་དང་རྩོམ་ཡིག་གི་ལེགས་སྐྱེས་འབུལ་རེས་བྱས། དེ་ནས་བསམ་བློ་རི་རབ་བཞིན་བརྟན་པོའི་སྒོ་ནས་བདེ་འཇགས་ངང་རང་ཡུལ་དུ་འབྱོར་བ་ལ། རང་ཞིང་གི་རྫོང་ཁག་བརྒྱད་ན་ཡོད་པའི་སློབ་མ་དང༌། ལྷ་སྡེ་རྣམས་ཀྱི་བླ་གྲྭ་སྐྱ་སེར་སྟོང་ཕྲག་དུ་མས་དགའ་སྤྲོའི་ངང་ནས་སེར་འཕྲེང་དང་ཇ་ཐབས་ཆིབས་བསུ་སོགས་གྱ་ནོམ་པ་བྱས།

ཁྱད་པར་ཆིག་སྟོང་ལོ་དཔའ་བོ་ལྕགས་འབྲུག་གི་ཧོར་ཟླ་དགུ་བའི་ནང་རང་དགོན་བཤད་སྒྲུབ་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པ་ཡོངས་འགྲུབ་བྱུང་བས། བསྟན་པའི་སྦྱིན་བདག་སྤྱི་དང་ལྷ་སྡེ་རྣམས་ཀྱི་འདོད་མོས་ལྟར།  དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཕུན་སུམ་ཚོགས་པ་བྱས་པར། རང་ཞིང་གི་སྐུ་མགྲོན་རྣམ་པ་དང་ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་རྣམ་པ་དང༌།  རང་རེ་ཆུ་ཁོག་ཞང་གི་ལས་བྱེད་རྣམས་དུས་ལྟར་མཛའ་བརྩེའི་ངང་ནས་བྱོན། བོན་སྡེ་རྣམས་ཀྱི་ལས་བྱེད་ཉིས་བརྒྱ་ལྷག་ཙམ་ནས་དགའ་སྤྲོ་འཁོལ་བའི་ངང་གླུ་གར་རྩེད་མོ་སྣ་ཚོགས་བྱས་ཏེ་དགའ་སྟོན་གྱི་སྒོ་འཕར་ཡངས་པོར་ཕྱེས། རང་དགོན་གྱི་བསྟན་བདག་གམ་རྩ་ལག་ཏུ་གྱུར་བའི་སྒྲུབ་སྡེ་ཉི་ཤུ་རྩ་བརྒྱད་དེ། རེབ་གོང་བོན་མང་ཕུར་ཐོགས་སྟོང་གི་རྒན་མང་བཅས་འདུས་པ་བདུན་བརྒྱ་ལྷག་ཙམ་དང༌། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་འཁྲུངས་གཞིས་ནས་ཁོང་གི་སྐུ་ཚ་མཆོག་སྤྲུལ་དྲི་མེད་ཉི་མས། ཚོགས་ཆེན་ཁྲི་བའི་འགན་བཞེས་ཤིང་བོན་བརྒྱ་སྡེ་སྤྱི་བོན་སྔགས་བན་གསུམ་གྱི་འདུས་པ་མང་པོ་དང་བོན་བརྒྱ་སྡེ་བརྒྱད་ཀྱི་དུད་ཁྱིམ་བརྒྱད་བརྒྱའི་མི་སྣ། སོ་ནག་བོན་པོ་གྲུབ་ཆེན་ཐོག་འཛིན་གྱི་གདན་ས་ནས་སྤྲུལ་སྐུ་ཚུལ་ཁྲིམས་བློ་གྲོས་བཅས་བླ་སྔགས་ཡོངས་རྫོགས། སེ་བརྒྱ་བོན་མང་གི་ཨ་ཁུ་རིན་པོ་ཆེའི་ཡང་སྤྲུལ་སྐལ་བཟང་བསྟན་པའི་རྒྱལ་མཚན་བཅས་བླ་སྔགས་འདུས་པ་མང་པོ། ཁྲི་ཀ་སྟོང་ཆེ་བོན་མང་ནས་མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ་བཅས་གཞུང་ཚབ་རྣམ་པ། སྣང་རའི་ཞྭ་ཁྲ་ནས་སྡེ་སྤྱི་ཡོངས་རྫོགས། མར་ནང་བོན་སྡེ་ཁ་གསུམ་གྱི་གཞུང་ཚབ་མི་སྣ་བཅས་ཏེ་དགོན་འདིའི་བསྟན་པའི་སྦྱིན་བདག་ཡོད་ཚད་དུས་ལྟར་བྱོན་བཞུགས་མཛད། ཕྱོགས་གཞན་ནས་ཀྱང༌། ཡུལ་མདོ་སྨད་ཀྱི་བོན་གྱི་དགོན་སྡེ་ཆེན་པོ། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ནས།  སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་ཞལ་ཚབ། རྒྱ་འོབ་སྤྲུལ་བའི་སྐུ་དང༌། དགོན་གོང་མ་བྱ་འཕུར་བླ་བྲང་གི་མཆོག་སྤྲུལ་ཀུན་བཟང་རྒྱལ་མཚན། བཀའ་པོད་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་རབ་འབྱམས་པ་ནམ་མཁའ་ཚུལ་ཁྲིམས་དང་དགེ་བཤེས་བླ་ཁོ་སོགས་དགེ་བཤེས་དུ་མ། སྤྱི་བ་གཞུང་ལས་པ་དང། ཅོག་ལའི་དགོན་གྱི་གཞུང་ཚབ་བཅས་བྱོན་ཏེ་ལུགས་གཉིས་ཀྱི་སྒོ་ནས་གསུང་བཤད་དུ་མ་གནང༌། མཚོ་སྔོན་དུང་དཀར་དགོན་པའི་བླ་མ་ཚུལ་ཁྲིམས་ཉི་མ་རབ་གསལ་དང༌། དུང་དཀར་དགེ་སློང་བསྟན་འཛིན། གཞུང་ཚབ་པ་བསོད་ནམས་བསྟན་འཛིན་བཅས་ཕྱོགས་དེའི་སྐ་སར་བོན་མང༌། ཧྭ་ལུང་ཕྱོགས་ཀྱི་སྟོང་ཁྱུང་བཟོད་པ་རྒྱ་མཚོ་བཅས་དོར་ཞིའི་བོན་མང༌། ཤར་སྟེང་བོན་མང་བཅས་ཕྱོགས་སོ་སོ་ནས་མཐོང་ཆེན་མཛད་དེ་དུས་ལྟར་བྱོན། དེར་མ་ཟད་གྲུབ་མཐའ་གཞན་དག་ནས་ཀྱང༌། གདན་ས་ཆེན་པོ་རོང་བོ་དགོན་ཆེན་གྱི་ཤར་བླ་བྲང་ནས་ཕྱག་མཛོད་ཆེན་མོ་བྱང་རྩེ་སྤྲུལ་སྐུ། དགོན་ཆེན་གྱི་གཞུང་ཚབ་དགེ་བཤེས་རྣམ་པ། བདེ་ཆེན་ཆོས་གླིང་གི་ལྷོ་བྲག་རིན་པོ་ཆེའི་གཉེར་བ་དང་དགོན་པའི་གཞུང་ཚབ། སྔགས་རྙིང་མ་བའི་གདན་ས་དགོན་ལ་ཁ་ནས་གྲུབ་དབང་རིན་པོ་ཆེའི་སྐུ་ཚབ། མདོ་བ་དགོན་པའི་གཞུང་ཚབ་དང་སྡེ་སྤྱིའི་མི་སྣ་བཅས་པ། དགོན་གཞུང༌། སྤྱི་གཞུང༌། སྡེ་གཞུང་སོགས་ཁག་མང་པོ་ཕྱོགས་གཅིག་འཛོམས་པས། ཆོས་ལུགས་ཁག་རྣམས་དང་ཆོས་དད་མང་ཚོགས་སོ་སོའི་བར་མཛའ་མཐུན་ལེགས་པའི་རྣམ་པ་མངོན་གསལ་སྒོས་མཐུན་སྒྲིལ་སྲ་བརྟན་གྱི་རྐང་ཚུགས་པ་རེད་ཅེས་དོན་བཟང་ལྡན་པའི་གཏམ་སྙན་ཕྱོགས་སུ་ཁྱབ། དེ་ཡང་ཉིན་བཅུ་ལྷག་ཙམ་དུ་ཉེ་འཁོར་ན་ཡོད་པའི་ཡར་ནང་བོན་སྡེ་ཁ་གསུམ་གྱི(བོན་བརྒྱ། མག་སར། གདུང་ངེས་གསུམ)མི་སྣ་དང་མི་གྲངས་དུ་ཡོད་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་རང་དགོན་གྱི་མགོ་འཛིན་དང་ལས་གྲྭ་བ་རྣམས་ཀྱི་ཞབས་འདེགས་ཁོ་ནར་འབད་བརྩོན་ལྷོད་མེད་བགྱིས་པས་རང་གཞན་ཀུན་གྱི་ཐུགས་ཟིན་ཅིང་དགའ་སྟོན་གྱི་བྱ་བ་འདི་དག་ལྷ་མི་དགྱེས་པའི་མཆོད་པ་བླ་ན་མེད་པར་གྱུར་ཏོ། །

དགོན་སྡེ་འདི་སླར་གསོ་བྱས་པ་ནས་བཟུང་ནམ་ཡང་བླ་མ་གྲྭ་ཚང་ལ་ཐབས་གང་ལེགས་ཀྱིས་ཞུ་བ་ཕུལ་ཏེ། དགོན་སྡེ་ནི་ཕྱིའི་གནས་གཞིའི་འཛུགས་བསྐྲུན་བཟང་བས་མི་ཆོག་གི། གཙོ་བོ་ནང་གི་འདུས་སྡེ་ཐུགས་མཐུན་ཁྲིམས་གཙང་སྒོས་སྤུས་ཀ་ལེགས་རྒྱུ་གལ་ཆེ་ཞེས་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པ་དང་དུ་ལེན་དགོས་ཤིང༌། དེ་ལ་སློབ་གཉེར་མ་བྱས་ན་རང་ཉིད་མི་བཟང་བོ་ཞིག་ཏུ་འགྱུར་མི་ཐུབ་ཅེས་བསྐུལ་མ་ནན་ཆེར་བྱས་པ་ལྟར། མཚན་ཉིད་གྲྭ་ཚང་དང༌། སྒྲུབ་པ་གྲྭ་ཚང་གཉིས་བཙུགས། འོན་ཀྱང་དེར་མ་ཚུད་པར་རིག་གནས་ལ་བློ་ཁ་ཕྱོགས་པ་མང་བས་གནས་ཚུལ་དང་བསྟུན་ཏེ། རིག་གནས་གྲྭ་ཚང་ཞིག་ཆེད་དུ་བཙུགས་ན་སྔར་གྱི་རྨང་གཞི་ཡོད་པས་སུམ་རྟགས་དག་གསུམ་དང༌། སྒྲ་སྙན་ངག རྩིས་དཀར་ནག ཡིག་རིགས་དང་ལྷ་རིས་སོགས་བཟོ་རིག སྨན་དཔྱད་སོགས་གསོ་བ་རིག་པ་བཅས་དང༌། དེ་སྟེང་དེང་དུས་ཉེ་བར་མཁོ་བའི་གློག་ཀླད་འཕྲུལ་ཆས། ཕྱི་གླིང་བའི་སྐད་དང་ཡི་གེ ལོ་རྒྱུས་སྤྱི་དང་ཁྱད་པར་བོད་ཀྱི་ལོ་རྒྱུས་སོགས་ལ་སློབ་གཉེར་དགོས་པའི་རྒྱུ་མཚན་དང་བཅས་ཡང་ཡང་བསྐུལ་བ་ལྟར་དང་དུ་བླངས། ཉེ་བའི་ལོ་གསུམ་གྱི་རིང་སྟེ་ས་སྟག་ལོ་ནས་ལྕགས་འབྲུག་ལོའི་བར། ཞིང་ཆེན་དང་ཁུལ། རྫོང་རིམ་པས་དགོན་སྡེ་ཁག་དུ་མར་རྒྱུགས་བླངས་ཏེ་ཞིབ་དཔྱོད་བྱས་པས། རང་དགོན་འདི་ཨང་དང་པོར་

འདེམས་ཐུབ་པ་བྱུང༌། ད་ལྟ་སྒྲུབ་གྲྭ་བཤད་གྲྭ་རིག་གནས་གྲྭ་ཚང་གསུམ་གྱིས་གདན་ས་འདི་ལེགས་པར་བསྐྱངས་པས། ཆོས་མཛད་རྣམས་ཀྱི་ཐུགས་དགྱེསཤིང་ཆོས་དད་མང་ཚོགས་ཀྱི་རེ་བ་སྐོང་ཐུབ་པ་ཙམ་དུ་འཕེལ་རྒྱས་བྱུང་བཞིན་པའོ། །

དེ་ལྟར་རང་གི་དགོན་སྡེ་དང་མ་ལག་གི་སྒྲུབ་སྡེ་སོ་སོ་ལ་རང་གི་ནུས་ཚད་ཀྱིས་དབང་ལུང་ཁྲིད་གསུམ་དང་ཕྱག་ལེན༌། བཅའ་ཡིག་འགྲིག་ལམ་སོགས་གང་ཐད་ནས་དམ་པ་གོང་མ་རྣམས་ཀྱི་གསུངས་རྒྱུན་ལྟར་བྱས་ཏེ་བསྐྱངས་པས། རྗེས་འཇུག་གམ་བརྒྱུད་འཛིན་སློབ་མའི་ཚོགས་བྱུང་བ་ནི།  སྤྲུལ་སྐུ་ནམ་མཁའ་བསྟན་འཛིན་དང༌། མཁན་པོ་ཚུལ་ཁྲིམས་འབྲུག་གྲགས་སོགས་ལོ་གསུམ་སྒྲུབ་གྲྭའི་ཉམས་ལེན་མཐར་ཕྱིན་ཅིང་བླ་མ་ཡི་དམ་གྱི་བསྙེན་ཆེན་གསུམ་རེ་གདན་ཐོག་གཅིག་ཏུ་བཞུགས་ཐུབ་པ་བྱུང་བའི་བླ་གྲྭ་བཅོ་བརྒྱད་བྱོན། གཞན་སྒྲུབ་སྡེ་རྣམས་སུའང་རེབ་གོང་བོན་མང་དང་བོན་བརྒྱ། སེ་བརྒྱ། སོ་ནག་གི་སྒྲུབ་པ་ཉམས་ལེན་བྱེད་མཁན་ལ། སྔོན་འགྲོ་དངོས་གཞི་ཉམས་ལེན་གཅོད་ཀྱི་གདམས་པ་བཅས་སྦྱངས་ནས་བླ་མ་ཡི་དམ་གྱི་བསྙེན་སྒྲུབ་གཙོ་བོར་བྱེད་ཅིང༌། ཚེ་དབང་སྙན་བརྒྱུད་ལྟར་གཉན་ཁྲོད་རུ་འགྲིམས་བརྒྱ་རྩ་སོང་བའི་གཅོད་པ་བ་བརྒྱ་དང་བཅུ་ལྷག་ཡོད།

ཕྱོགས་གཞན་དུ་ཆབ་མདོ་ནས་ཡེ་ཤེས་དགོན་པའི་བླ་མ་རིན་པོ་ཆེ་ཨ་གཡུང་ངམ་གཡུང་དྲུང་བསྟན་པ་མཐར་རྒྱས་མཆོག་གི་ཐུགས་བཀོད་ལྟར་བཙུན་པ་འཇིགས་མེད་དབང་ཕྱུག་ཁོང་ཉིད་རང་དགོན་འདིར་ཡུན་རིང་བཞུགས་མཐར། ཤར་རྫ་རི་ཁྲོད་ཀྱི་མཁན་པོ་བྱེད་ཐུབ་པ་བྱུང༌། ཀོ་བོ་ཡེ་ཤེས་རྒྱལ་མཚན་གྱི་གདན་ས་ནས། བཙུན་པ་དགེ་ལེགས་ཚུལ་ཁྲིམས་དང་ངག་དབང་རྣམ་རྒྱལ་སོགས་སློབ་གཉེར་བ་དུ་མ་ཞིག་དབང་ལུང་ཁྲིད་གསུམ་གྱིས་བསྐྱངས་པས། ད་ལྟ་ཀོ་རྒྱལ་དགོན་པའི་མཁན་པོར་བཞུགས་ཐུབ་པ་བྱུང༌། སྡེ་དགེ་ནས་སྤྲུལ་སྐུ་གཡུང་དྲུང་བསམ་གཏན་ཉིད་འདིར་ཡུན་རིང་ཐོས་བསམ་སྒོམ་སྒྲུབ་མཛད། ད་ལྟ་སྡེ་དགེ་ཁྲོ་ཚང་དགོན་པའི་མཁན་པོར་བཞུགས། གཞན་ཡང་ཐུན་མོང་རིག་གནས་སོགས་གཞན་ལ་འཆད་སྤེལ་བྱེད་ཐུབ་པའང་འགའ་རེ་བྱུང་ངོ༌། །

གཞན་བྱ་བ་ལས་ཀྱི་འཁོར་ལོའི་དོད་ཙམ་ཞིག་བྲི་ན། མདོ་སྨད་ཀྱི་བོན་གྱི་འདུས་སྡེ་ཆེན་པོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་འབྱུང་ལྡན་ཞེས་པ་ཤིང་བྱི་ལོར(སྤྱི་ལོ༡༩༨༤)སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་གང་གི་མཚན་དཔེ་གསེར་གྱི་ཉི་མ་གསར་དུ་ཤར་བ་དང་དུས་མཚུངས་སུ་རང་ཉིད་དགོན་ཆེན་དེར་དངོས་མཇལ་དང་པོར་བྱུང་བའི་ཚེ། ཁོང་གི་ཡབ་ནམ་མཁའ་བློ་ལྡན་མཆོག་གི་ཐུགས་བཀོད་ལྟར། སྣང་ཞིག་མ་དགོན་གྱི་བླ་བྲང་དུ་མཁན་ཟུར་དགེ་བཤེས་རྣམ་པ་བཞི་དང་ངེད་དཔོན་གཡོག་གིས་ཚེ་དབང་ཚེ་སྒྲུབ་ཕུལ་ཏེ་ཞབས་བརྟན་རིམ་གྲོ་བསྒྲུབས། དེ་ནས་བཟུང་སྐྱབས་མགོན་རིན་པོ་ཆེའི་སྐུ་བསྲུང་ཞབས་བརྟན་སྒྲུབ་པ་ལ། བོན་མང་ཕུར་ཐོགས་སྟོང་གིས་ཀྱང་དང་དུ་བླངས་ཡོད། འབྱུང་ལྡན་ལོ་འདི་སྟོན་པ་གཤེན་རབ་ཀྱི་འཁྲུངས་ལོ་ཡིན་ཕྱིར། རང་དགོན་གྱི་འདུ་ཁང་སྔ་མར་སྒོར་ཁྲི་ཕྲག་ཉི་ཤུ་ལྷག་གི་རྒྱུ་སྦྱར་ཏེ་གྲུབ་པའི་ནང་དུ། སྟོན་པ་སྟོང་སྐུ་བཞེངས། སྟོན་པ་རྣམ་པར་རྒྱལ་བ་དང༌།  ཤེས་རབ་སྨྲ་བའི་སེང་གེ རྒྱལ་བ་མཉམ་མེད་ཆེན་པོ། རྒྱལ་ཡུམ་བྱམས་ཆེན་ལྷ་མོ། སྟོན་པ་གཤེན་ལྷ་འོད་དཀར་རྣམསསྐུ་གཟུགས་ཁྲུ་ཚད་བརྒྱད་པ་རེ་བཞེངས།

རེབ་གོང་སྨད་པ་ནས་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་གི་འདུ་ཁང་གཞི་ནས་གནས་སྤོས་ཏེ་གསར་བཞེངས་བྱེད་དགོས་པ་བྱུང་བས། དེ་ལ་ཐོག་མར་ས་འདུལ་དང༌། མཇུག་གྲུབ་རྗེས། ཡི་དམ་ཀུན་འདུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས།  བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་སོགས་ཀྱི་དབང་རྗེས་གནང་དང་བཅས་པ་རྒྱས་པར་བཏོན། ནང་དུ་སྟོན་པ་རྣམ་པར་རྒྱལ་བ་དང༌།  རྒྱལ་བ་མཉམ་མེད།  ཤེས་རབ་བྱམས་མ།  ཡི་དམ་དབལ་གསས་རྔམ་པ་དང་དབང་ཆེན་འབུམ་པའི་སྐུ་བརྙན་ཁྲུ་ཚད་བདུན་པ་རེ་དང༌། རྒྱལ་བ་མཉམ་མེད་ཆེན་པོ།  སྟོང་སྐུ་བཅས་བཞེངས་པ་དང༌། བཀའ་འགྱུར་རིན་པོ་ཆེ་གདན་དྲངས་པ་སོགས་ལ་གཟུངས་གཞུག་དང་རབ་གནས་ཚད་ལྡན་བྱས། དེ་དག་གི་ཞལ་འདེབས་སུ་རང་ངོས་ནས་སྒོར་སྟོང་ཕྲག་གསུམ་ཕུལ། རེབ་གོང་སྔགས་རྙིང་མ་བའི་ཞི་ཁྲོའི་ཆོས་ཐོག་ལ་སྒོར་སྟོང་ཕྲག་གཅིག་གི་མཆོད་ཆ་ཕུལ། (སྡེ་དགེ་རྒྱ་གླིང་)དེའི་ཕྱི་ལོ་ཤིང་གླིང་སྟེ་སྤྱི་ལོ༡༩༨༥ལ་མག་སར་གཡུང་དྲུང་བསྟན་དར་གླིང་གི་འདུ་ཁང་བསྐྱར་བཞེངས་བྱས། དེའི་ཐོག་མཐའ་བར་གསུམ་དུ་རང་གིས་འགན་ཁུར་ཏེ་ལེགས་པར་གྲུབ། ནང་དུ་སྟོན་པ་རྣམ་པར་རྒྱལ་བ།  རྒྱལ་ཡུམ་བྱམས་མ། རྗེ་མཉམ་མེད།  ཀུན་བཟང་ཞལ་ལྔ་ཕྱག་བཅུ། ཡི་དམ་དབལ་གསས་རྔམ་པ་སོགས་ཁྲུ་ཚད་བདུན་པ་རེ་དང༌། སྟོན་པ་སྟོང་སྐུ་བཅས་བཞེངས་པར་གཟུངས་གཞུག་རྒྱས་པའི་ལུགས་སུ་རབ་གནས་སོགས་ཚད་ལྡན་གྲུབ། རང་ངོས་ནས་སྒོར་སྟོང་ཕྲག་དྲུག་ལྷག་གི་འབྲེལ་བཞག  དེ་སྔོན་སྡེ་འདི་དབུལ་འཕོང་གི་གནས་སུ་གུད་ན་ཡང༌།  འདི་ནས་བཟུང་སྡེ་བ་སྤྱི་དང་ཁྱིམ་རེ་རེའི་གནོད་པ་སེལ་ཐབས་དང༌། སའི་དགྲ་དང་ཕྱོགས་ཀྱི་སྒྲོན་སོགས་ཡོ་བཅོས་བྱས་ཏེ་རྣམ་རྒྱལ་གཏེར་སྒྲུབ་སོགས་གནད་དུ་འགྲོ་ངེས་བྱས་པས་ལོ་རེ་བཞིན་འཕེལ་རྒྱས་མྱུར་དུ་བྱུང་ངོ༌། །

དེའི་ཕྱི་ལོ་མེ་སྟག་གི་ལོ(སྤྱི་ལོ་༡༩༨༦)རྩེ་ཁོག་རྫོང་གི་ཁོངས་སུ་ཡོད་པའི་རང་གི་ལྷ་སྡེ་སོ་ནག་བོན་པོ་ཚང་ཞེས་པར། གྲུབ་ཆེན་ཐོག་འཛིན་སྤྱི་འདུལ་གར་གྱི་དབང་ཕྱུག་གི་གདན་ས་སྤྱི་བའི་འདུ་ཁང་བཞེངས་པར། ཐོག་མར་ས་འདུལ་ལ་སྣང་སྲིད་ཞི་བ་ཆེན་མོའི་ཐིག་རྡུལ་ཚོན། ཡི་དམ་དབལ་གསས་དང་སྤྱི་འདུལ་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྙེན་པའི་གཞི་མ་སྒོ་དགུ  སྒྲུབ་པ་བཅོ་བརྒྱད། ལས་མཐའ་སྡེ་དགུ་བཅས་ཀྱི་དགོངས་དོན་ལྟར་གཞི་བཟུང་སྟེ་འདུ་ཁང་གྲུབ།  སྟོན་པ་རྣམ་པར་རྒྱལ་བ་དང༌།  ཤེས་རབ་བྱམས་མ། ཤེས་རབ་སྨྲ་སེང༌། རྗེ་མཉམ་མེད། སོ་ནག་བོན་པོའི་འདྲ་སྐུ་བཅས་ཁྲུ་ཚད་ལྔ་བ་རེ་དང༌།  བཀའ་འགྱུར་ཆེན་མོ་དང་གསུང་འབུམ་སོགས་གླེགས་བམ་དུ་མ། རྩ་གསུམ་སྲུང་མའི་ཞལ་ཐང་མང་པོ་བཅས་བཞེངས། རང་གིས་འབྲི་གཡག་བཅུ་ལྷག་ཙམ་དང༌། ཞལ་ཐང༌། མཆོད་རྫས། མཆོད་ཆ་སོགས་འབྲེལ་བཞག

རྔ་ཡུལ་རྟོགས་ལྡན་དགོན་གྱི་བོན་སློབ་བླ་མ་ནམ་མཁའ་བསྟན་འཛིན་རེབ་གོང་རོང་འབྲོག་ཕྱོགས་སུ་བྱོན་པ་ལ། རང་གིས་ཞབས་འདེགས་ཅི་ནུས་བསྒྲུབས་པས་ཁོང་གི་ཐུགས་ཟིན་པ་བྱུང༌།

རབ་བྱུང་བཅུ་བདུན་པའི་མེ་ཡོས་ཤར་ཚེ(སྤྱི་ལོ༡༩༨༧)སྤྱི་རྟིང་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་གདན་ས་གཉིས་པ་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་གི་སྒྲུབ་སྡེ་གཞི་བཟུང་བར། རང་སློབ་མཚམས་པ་ཚེ་བརྟན་རྡོ་རྗེ་སོགས་ཀྱིས་ཁྱིམ་གཞི་བློས་བཏང་སྟེ་སྒྲུབ་པའི་རྒྱལ་མཚན་བཙུགས།  ཆོས་རྗེ་རིན་པོ་ཆེའི་མཚམས་ཁང་སླར་གསོ་བྱས་ནས་སྒྲུབ་གཤེན་རྣམས་ཀྱིས་མཚམས་བསྙེན་བསྒྲུབ་གཙོ་བོར་བྱེད་ཅིང༌། གཞན་དག་བཟློས་བརྗོད་དང་འབྲེལ་བར་མཆོད་པ་ཕྱག་བསྐོར་རྒྱུན་མ་ཆད་པར་བྱེད་བཞིན་པའོ། དེའང་གནས་གཞི་རྒྱས་སྤྲོས་བྱས་པ་མ་ལགས་ཀྱང༌། ཐོག་མར་བླ་མ་མཆོད་པའི་ཆོ་ག་ཚེ་དབང་བོད་ཡུལ་མ་ལ་བརྟེན་ནས་དབང་བཀའ་རབ་འབྱམས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་གིས་སྨིན་གྲོལ་གྱི་སྒོར་བཙུད། ཟབ་མོ་གཅོད་ཀྱི་གདམས་པ་ལ་བརྟེན་ནས་རུ་འགྲིམས་བརྒྱ་རྩ་མཐར་ཕྱིན་པ་མང་དུ་བྱུང་བས། ཁ་སྐོང་དུ་ཞི་བ་ཆེན་མོའི་ཐིག་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྲེག་བླུགས་དང་འབྲེལ་ཚོགས་གསོག་སྟོབས་ཆེན་བྱས་པ་སོགས་ཚུལ་འཆོས་དང་རྙེད་བཀུར་གྱི་དྲི་མས་མ་གོས་པར་ཕྱི་མ་དང་དུ་ལེན་པ་ཁོ་ནའོ། །

ས་འབྲུག་གི་ལོར(༡༩༨༨)སྤྱི་རྟིང་གསང་སྔགས་རིན་པོ་ཆེ་དར་རྒྱས་གླིང(གད་པ་སྐྱ་བོ)གི་གསས་ཁང་བསྐྱར་བཞེངས་བྱས།  ནང་དུ་རྒྱལ་བ་མཉམ་མེད་ཆེན་པོ་སོགས་སྐུ་གཟུགས་ཁྲུ་ཚད་ལྔ་ཅན་ལྔ་དང༌།  སྟོང་སྐུ།  བཀའ་འགྱུར་ཆེན་མོ་སོགས་བཞེངས་པ་ལ་གཟུང་གཞུག་རབ་གནས་སོགས་ལེགས་པར་གྲུབ། སྒོར་སྟོང་ཕྲག་གཉིས་ལྷག་གི་འབྲེལ་བཞག ལོ་དེར། པཎཆེན་རིན་པོ་ཆེ་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་བསྐྱར་བཞེངས་གྲུབ་པ་བཀྲ་ཤིས་རྣམ་རྒྱལ་གྱི་གཙུག་ལག་ཁང་དུ་བཞུགས་སར་ཚོགས་ཆེན་གྱི་མཛད་སྒོ་རྒྱ་ཆེ་བ་ཞིག་གནང་བ་ལ་རིན་པོ་ཆེ་ཉིད་ཀྱི་བཀའ་མཆིད་དང་པཎ་ཆེན་བྱ་སྒྲུབ་ཁང་གི་མགྲོན་བརྡ་འབྱོར་བས་རང་དགོན་གྱི་བླ་གྲྭ་བཅོ་ལྔ་ཙམ་དང༌། གཞན་དད་ལྡན་སུམ་ཅུ་ལྷག་སོང༌། དེ་ལ་འབུལ་བ་མཎྜལ་མཚོན་བྱེད་ཙམ་དུ་སྐུ་གསུང་ཐུགས་རྟེན་གྱིས་ཐོག་དྲངས། ལྷ་རྫས་གོས་བཟང་སུམ་ཅུ། སྒོར་ཁྲི་ཕྲག་གཅིག་དང་སུམ་སྟོང༌། མར་རྒྱ་མ་ཆིག་སྟོང༌།  འབྲུ་རིགས་རྒྱ་མ་ཆིག་སྟོང་བཅས་ཕུལ། ཁོང་གིས་ཐུགས་བརྩེ་བས་དགྱེས་བཞེས་ངང༌། རྟེན་སྐལ་ཚེ་དཔག་མེད་ཀྱི་སྐུ། མཚན་རིས་མཛེས་པའི་མྱུ་གུ་དང་ཆུ་ཚོད་འཁོར་ལོ། བརྙན་པར་དང་སྲུང་མདུད་བརྒྱ། མཛོད་བཏགས་རྟགས་བརྒྱད་རེ་ཁས་མཛེས་པ་སོགས་གནང༌། ལམ་ཁར་གྲྭ་ས་ཆེན་པོ་གཡུང་དྲུང་གླིང་དུ་མཇལ། སྒོར་སྟོང་ཕྲག་གསུམ་དང་མར་རྒྱ་མ་སུམ་བརྒྱ། འབྲུ་རིགས་རྒྱ་མ་ཆིག་སྟོང། བཟང་གོས་སུམ་ཅུ་སོ་གཅིག་སོགས་ཀྱི་སྐྱབས་རྟེན་ཕུལ།

ལྷ་སར་ཇོ་བོ་རིན་པོ་ཆེ་ལ་སྔ་ཕྱི་ཀུན་ཏུ་ཐེངས་བཅུ་གཅིག་ལ་མཇལ་ཐུབ་པའི་སྐལ་བ་བཟང་པོ་བྱུང༌། དེ་ཡང་ཇོ་ཁང་གི་དཀར་ཆག་རྙིང་བའི་ལོ་རྒྱུས་ལྟར་ན༌། ཇོ་བོའི་སྐུ་བརྙན་ནི་ཐུབ་པ་རྒྱ་གར་དུ་མ་བྱོན་གོང་དུ་ཡོད་ཅེས་པའི་ཡི་གེ་ཤར་རྫ་རིན་པོ་ཆེས་ཀྱང་མཐོང་མྱོང་བ་རྣམ་ཐར་དུ་ཡོད་པས། ཞང་ཞུང་ཡུལ་ནས་གདན་དྲངས་པའི་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་སྙམ་པའི་ངང་ནས་ལན་དུ་མར་མཇལ། ཡང་དུས་ཕྱིས་ཀྱི་བཤད་ལུགས་ལྟར་རྒྱ་གར་ནས་བཞེངས་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཡིན་སྙམ་པས་ལན་དུ་མར་མཇལ།  ཡང་མི་མང་པོའི་ནང་ནས་འཚང་ཀ་མ་བྱས་པར། སངས་རྒྱས་རྣམས་ནི་ཐུགས་རོ་གཅིག་པས་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་སྙམ་ནས། ཐུགས་ཀའི་དཀྱིལ་དུ་མིག་དབང་གཏད་དེ་སེམས་གཞན་དུ་མ་ཡེང་བར་ཐིག་ལེ་ཉག་གཅིག་གི་ངང་དུ་བཞག་ནས་གནས་ཅི་ཐུབ་རེ་བྱས་པས་བྱིན་རླབས་ཡང་དག་པར་ཞུས།

ཟི་ཁྲོན་དུ་སྔགས་རྙིང་མ་བ་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་དང༌། ཡེ་ཤེས་དགོན་པའི་བླ་མ་ཨ་གཡུང་རིན་པོ་ཆེ་ལ་དངོས་མཇལ་བྱུང་པས་བོན་གྱི་བཀའ་འགྱུར་ཆེན་མོ་ཚར་བཅུ་གདན་འདྲེན་ཞུ་ཐུབ་པར་གྱུར། གླིང་ཆེན་འགྱིང་རིའི་ཀུན་ཏུ་བཟང་པོའི་སྐུ་དང་ཚེ་དབང་གི་སྒྲུབ་གནས་ཁྱད་པར་ཅན་དུ་མཇལ་ཚེ་བླ་མ་ཚེ་དབང་གི་ཆོ་ག་བཏོན། འཁོར་གསུམ་དམིགས་མེད་ཀྱིས་བསྔོ་བ་སྨོན་ལམ་རྒྱ་ཆེར་བཏབས་ནས་འབྲེལ་ཚད་དོན་ལྡན་དུ་བྱས།

སྐྱབས་རྗེ་རྒྱ་འོབ་རིན་པོ་ཆེ་ནས་སྣང་ཞིག་དགོན་ཆེན་ན་མཁའ་ཀློང་གསང་བ་རབ་འབྱམས་ཀྱི་མདོས་ཆེན་དང༌། ཁྲོ་བོ་ངོ་མཚར་རྒྱས་པའི་དབང་གསུང་པ་ཐོས་འཕྲལ་ཐུང་མྱུར་དུ་སོང་ནས་རེ་བ་ཡིད་བཞིན་དུ་གྲུབ། རྒྱ་འོབ་རིན་པོ་ཆེ་རེབ་གོང་དུ་བྱོན་ནས་བོན་སྡེ་སོ་སོར་ཞབས་ཀྱིས་བཅགས་ཏེ་གཞུང་སོ་སོའི་འདུ་ཁང་རྣམས་སུ་རབ་གནས་མཛད་པ་ལ་ཞབས་ཕྱི་ལེགས་པར་བསྒྲུབས།

ཧྭ་ལུང་རྫོང་གི་མངའ་ཁོངས་སུ་མཆོག་སྤྲུལ་པདྨ་རིན་ཆེན་བློ་གྲོས་དང༌། བླ་མ་བསྟན་འཛིན་དབང་རྒྱལ་རྣམ་གཉིས་ལ་དངོས་མཇལ་བྱུང་ཞིང་བཀའ་བགྲོས་ཏེ་ཐུགས་རྗེས་གཟིགས་ནས། རྩེ་ཞིག་ཆོས་རྗེའི་མཆོག་སྤྲུལ་ཚུལ་ཁྲིམས་དྲི་མེད་ཟླ་བ་བླ་སར་བཞུགས་པའི་དོན་དུ་རང་གིས་ནུས་ཚད་ཀྱིས་བྱ་བ་བསྒྲུབས།

རང་དགོན་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུ་ཁང་ཀ་རིང་བཅུ་གཉིས་ཅན་རྟེན་དང་བརྟེན་པ་ལེགས་འགྲུབ་བྱུང་བར་སྒོར་ཁྲི་ཕྲག་བརྒྱད་ཅུ་ཙམ་གྱིས་མཐུན་རྐྱེན་སྦྱར། སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་ལུང་རྟོགས་རྒྱ་མཚོ་གདན་དྲངས་ནས་མཚན་ཉིད་བཤད་གྲྭ་བཙུགས་པར་ཞབས་ཕྱི་གང་ལེགས་བསྒྲུབས།

སྟོང་ཁྱུང་སྟོན་པ་ངང་ལག་གི་སྤྲུལ་སྐུ་གཉའ་ཚུལ་ཁྲིམས་བློ་གྲོས་རབ་གསལ་ཉི་མ་མཆོག་གིས། ཆབ་ཆ་ཨེར་ཏིས་དུང་དཀར་དགོན་པའི་འདུ་ཁང་གསར་བཞེངས་མཛད་ཅིང༌། སྐྱང་སྤྲུལ་རྒྱལ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེའི་སྐུ་གདུང་བཞེངས་པ་ལ་སྒོར་སྟོང་ཕྲག་གཉིས་ཕུལ།

སྤྱི་ལོ༡༩༩༣ཆུ་བྱ་ལོར། སྤྱི་ཚང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་གི་གསས་ཁང་བསྐྱར་བཞེངས་བྱེད་དགོས་བྱུང་པར། སྡེ་བའི(གདོང་མགོ་ཚང་གི)བྱང་ཕྱོགས་སུ་གནས་སྤོས་ཏེ་འདུ་ཁང་ཀ་རིང་བཅུ་གཉིས་ཅན་བཞེངས། དེ་ལ་ཐོག་མའི་ས་འདུལ་དུ་སྣང་སྲིད་ཞི་བའི་ཐིག་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་སྲེག་བླུགས་ཚོགས་གསོག་གི་རིམ་པ་རྒྱས་པར་བྱས། མཇུག་གྲུབ་རྗེས། ཡི་དམ་སྤྱི་འདུལ་གྱི་དབང་དང༌། བསྙེན་པ་སྒོ་དགུ་དང༌། སྒྲུབ་པ་བཅོ་བརྒྱད། ལས་མཐའ་སྡེ་དགུ་བཅས་རྒྱུད་ཀྱི་དགོངས་དོན་ལྟར། སྤྱི་སྤུངས་དབལ་གསས་ཀྱི་བསྙེན་བསྒྲུབ་ལས་མཐའ་གསུམ་ཚད་ལྡན་བྱས། ནང་དུ་རྗེ་མཉམ་མེད་དང་རེབ་གོང་གྲུབ་ཐོབ་རྣམ་གསུམ་སོགས་བླ་མའི་འདྲ་སྐུ། ཤེས་རབ་སྨྲ་སེང༌། རྣམ་པར་རྒྱལ་བ། ཡི་དམ་སོགས་ཀྱི་སྐུ་ཁྲུ་ཚད་ལྔ་བ་རེ་བཞེངས། བཀའ་དང་བཀའ་བརྟེན་གྱི་གླེགས་བམ་ལྔ་བརྒྱ་ཙམ་དང༌། གཟུངས་གཞུག་རབ་གནས་ཀྱི་བྱ་བ་ཐམས་ཅད་རང་དགོན་གྱི་གྲྭ་བ་དགེ་སློང་ཁྲིམས་གཙང་དུ་མས་ལག་ལེན་བྱས། རང་གིས་སྒོར་སྟོང་ཕྲག་གཉིས་བཅས་ཕུལ།

དེ་ནས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་འཁྲུངས་ལོ་ཤིང་ཁྱི་ཤར་བའི་དུས་ཚེས་བཟང་བོར་(སྤྱི་ལོ༡༩༩༤)རང་དགོན་མཆོག་སྤྲུལ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་གྱིས་སྒོར་ཁྲི་ཕྲག་བཅུ་ལྷག་གི་མཐུན་རྐྱེན་གནང་ནས་འགན་བཞེས་ཏེ་རྩེ་སྒྲུབ་གྲྭའི་ལྷ་ཁང་དོན་གཉིས་ལྷུན་གྲུབ་གསར་བཞེངས་བྱས་པ་རང་གི་རེ་བ་ལྟར་གྲུབ། རང་གིས་ཀྱང་སྒོར་སྟོང་ཕྲག་ཁ་ཤས་ཀྱིས་ཞལ་འདེབས་བྱས། ནང་དུ་ཡུམ་སྲས་གཤེན་གསུམ་ཁྲུ་ཚད་བདུན་པ་རེ་དང༌། སྲས་ཆེན་བརྒྱད། བླ་མ་ཆེ་དྲུག  གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། དྲན་པ་ཡབ་སྲས་སོགས་བཞེངས་བཞིན་པའོ།།

གླིང་བརྒྱ་བོན་ཚང་མའམ་ས་སོ་མ་ནས་གསས་ཁང་ཤར་ཕྱོགས་སུ་གནས་སྤོར་བས། ས་འདུལ་གྱི་རིམ་པ་སྔ་མ་བཞིན་བྱས། མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་གི་འདུ་ཁང་ཀ་རིང་བཅུ་གཉིས་པ་གྱན་དྲུག་ཅུ་རེ་གསུམ་ཅན་བཞེངས། མཇུག་གྲུབ་རྗེས། རང་དགོན་གྱི་བླ་གྲྭ་བརྒྱད་ཅུ་དང༌། ཕྱོགས་ཀྱི་བུ་སློབ་དུ་མ། རེབ་གོང་བོན་མང་དང་ལྷན་གཅིག་ཏུ་འཚོགས་ནས། སྟག་ལའི་དབང་དང་ཞི་ཁྲོའི་དབང་བཅས་རྒྱས་པར་བཏོན། གཙུག་ལག་ཁང་ནང་དུ་སྟོན་པ་རྣམ་པར་རྒྱལ་བ། རྗེ་མཉམ་མེད། ཤེས་རབ་སྨྲ་བའི་སེང་གེ  ཡི་དམ་དབལ་གསས། དབང་ཆེན་འབུམ་པ་སོགས་ཀྱི་སྐུ་ཁྲུ་ཚད་བདུན་པ་རེ་དང༌། རྒྱལ་བའི་བཀའ་འགྱུར་ཆེན་མོ་གླེགས་བམ་བརྒྱ་དང་ལྔ་བཅུ་བཞེངས། དེ་ལ་སྒོར་སྟོང་ཕྲག་གསུམ་གྱིས་འབྲེལ་བཞག

ཡར་ནང་མདོ་བ་སྡེ་བས་མཆོད་རྟེན་ཆེན་མོ་ཞིག་བཞེངས་པ་ལ་སྒོར་སྟོང་གཅིག་དང་བརྒྱ་ཐམ་པ་དཀར་ཐིག་ལ་ཕུལ།

ཤིང་ཕག་ལོར་(སྤྱི་ལོ༡༩༩༥)སྤྱི་ཨརྒ་སྟེང་དུ། ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་གི་གསས་ཁང་བསྐྱར་བཞེངས་ཐེངས་གཉིས་པ་བྱས། དབང་ཆེན་འབུམ་པའི་རྣལ་འབྱོར་བ་གྲུབ་ཆེན་འཁོར་ལོས་བསྒྱུར་བའི་གདན་ས་ཡིན་པས་གྲུབ་རྗེས་འབུམ་པ་སྐུ་ལྔའི་དབང་རྒྱས་པར་བཏོན། ནང་དུ་རྣམ་མཁྱེན། རྗེ་སྐུ སྨྲ་སེང༌། ཀུན་བཟང་ཞལ་ལྔ་ཕྱག་བཅུ། འབུམ་པ་རྣམས་ཁྲུ་ཚད་ལྔ་བ་རེ་བཞེངས། དེ་ལ་སྒོར་སྟོང་ཕྲག་གཅིག་དང་མར་རྒྱ་མ་བདུན་ཅུ་ཙམ་གྱི་འབྲེལ་བཞག དེ་རྗེས་སྟོང་སྐུ་བཀའ་བསྟན་འགྱུར་བཅས་གྲུབ།

མེ་བྱི་ལོར། བོན་བརྒྱ་དབྱིངས་ཀློང་རིན་ཆེན་གྱི་གདན་ས་དངོས། གསང་སྔགས་རིན་ཆེན་དར་རྒྱས་གླིང་གི་གསས་ཁང་བསྐྱར་བཞེངས་བྱས། རང་གིས་འགན་ཁུར་ཏེ་ཐོག་མཐའ་བར་གསུམ་གྱི་འགྲོ་ལུགས་སྔར་ལྟར་བྱས། ནང་དུ་རྣམ་མཁྱེན། སྨྲ་སེང། རྗེ་སྐུ། ཀུན་བཟང་ཞལ་ལྔ་ཕྱག་བཅུ། དབལ་གསས་སོགས་ཁྲུ་ཚད་ལྔ་བ་ཅན་གྱི་སྐུ་གཟུགས་བྱོན་ལེགས་རེ་བཞེངས། སྨྲ་སེང་སྟོང་སྐུ། གཞན་སྐུ་བརྙན་ཆེ་ཆུང་དུ་མ།  ཞལ་ཐང་དགུ  བཀའ་འགྱུར་ཆེན་མོ་བཅས་ལེགས་པར་གྲུབ། རང་གིས་སྒོར་སྟོང་ཕྲག་དྲུག་གི་མཐུན་རྐྱེན་སྦྱར། ཀློང་རྒྱས་སྟོང་མཆོད། ཞི་བ་ཆེན་མོ། དབལ་གསས་བསྙེན་སྒྲུབ་བཅས་ཚད་ལྡན་བྱས།

བོན་བརྒྱ་འབྲོག་ཕྱོགས་ནས་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ཞུས་ནས་ཐུགས་རྗེ་ཆེན་པོའི་དབང་གནང་བའི་སྐབས། རང་དགོན་གྱི་གྲྭ་བ་ལྔ་བཅུ་ལྷག་གིས་ཞབས་ཕྱི་གང་ལེགས་བསྒྲུབས་སོ། །

རྒྱལ་བོ་ངོ་མོ་ནས།  རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་གི་གསས་ཁང་ཉམས་གསོ་བྱས། ནང་དུ་རྒྱལ་བ་མཉམ་མེད་ཆེན་པོ་སོགས་ལྷ་སྐུ་བྱོན་ལེགས་དུ་མ། སྟོན་པ་སྟོང་སྐུ། བཀའ་འགྱུར་རིན་པོ་ཆེ་ཆ་ཚང་བཅས་བཞུགས། ནོའུ་རོང་བོན་པོ་རྣམས་ཀྱིས་གསས་ཁང་བཀྲ་ཤིས་རབ་བརྟན(གཡུང་དྲུང་གསང་སྔགས་གླིང)བཞེངས། ནང་དུ་རྣམ་མཁྱེན༌། རྗེ་སྐུ། བྱམས་མ་སོགས་སྐུ་ཚད་ཁྲུ་ལྔ་བ་རེ་དང༌། ཞལ་ཐང་དུ་མ།  སྒྲུབ་ཁང༌། གཟིམས་ཁང་བཅས་ལེགས་པར་བསྐྲུན། རང་གིས་སྒོར་སྟོང་ཕྲག་གསུམ་གྱིས་མཐུན་རྐྱེན་སྦྱར།

ཧྭ་ལུང་རྩ་བ་ནས། སྟོན་ཁྱུང་དགོན་པའི་འདུ་ཁང༌། གཤེན་གྱི་དགེ་སྦྱོང་བཟོད་པ་མཐར་ཕྱིན་ནས་སྒོར་ཁྲི་ཕྲག་དུ་མས་མཐུན་རྐྱེན་སྦྱར་ཏེ་བཞེངས་པ་ལ་དཀར་ཐིག་ཞལ་འདེབས་སུ་སྒོར་སྟོང་ཕྲག་གཅིག་ཕུལ།

མེ་གླང་ལོར(སྤྱི་ལོ༡༩༩༧)ཁྲི་ཀའི་སེ་བརྒྱ་བོན་དགོན་བདུད་འདུལ་མེ་རི་འཁྱིལ་བའི་གླིང་གི་བོན་མང་འདུས་པ་སྤྱི་ནས་སྔ་ཕྱི་ཀུན་ཏུ་གཞུང་འདིའི་བཅའ་ཡིག་འགྲིགས་ཁྲིམས་དང་དབང་ལུང་ཁྲིད་གསུམ་གྱི་བདག་པོ་ཁྱོད་ཡིན་པས། ད་བཅའ་ཡིག་འབྲི་དགོས་ཞེས་ཡང་ཡང་བསྐུལ་བས། དང་དུ་བླངས་ཏེ་བཅའ་ཡིག་ཚང་བའི་ཐིག་ཤིང་སེང་གེ་ང་རོའི་སྒྲ་ལྡན་ཞེས་པ་བརྩམས་ནས་འགྲིག་ལམ་དང་ཕྱག་ལེན་གཙང་ཞིབ་བྱས། དབང་ལུང་ཁྲིད་གསུམ་གྱིས་ཅི་འདོད་དུ་རེ་བ་ཚིམ་པར་བྱས། སྒྲུབ་གཤེན་རྒན་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། གདུལ་བྱ་སྙན་གྲགས་ཆེ་བས། འདུ་ཁང་ཆེན་མོའི་རྟེན་དང་བརྟེན་པ་ལེགས་འགྲུབ་བྱུང༌། དེ་ཡང་རྗེ་མཉམ་མེད་ཆེན་པོ་ཡབ་སྲས། སྟོན་པ་སྨྲ་སེང༌། ཀུན་བཟང་ཞལ་ལྔ་ཕྱག་བཅུ། ཁྲོ་བོ་གཙོ་མཆོག་མཁའ་འགྱིང་སོགས་སྐུ་ཚད་ཁྲུ་བདུན་པ་རེ། རྩ་གསུམ་སྲུང་མའི་ཞལ་ཐང་མང་པོ། ལི་མ་བརྒྱ་ཕྲག་དུ་མ། མཆོད་རྫས། བརྒྱན་རྫས་སོགས་གྱ་ནོམ་པ། ཁྱད་པར་སྒྲུབ་ཁང་རྙིང་བའི་་ནང་དུ།  བྲག་བཙན་དང་སྒྲ་བླ་མོའི་རྟེན་འཁོར་རྟེན་རྫས། སྒྲུབ་རྫས། བསྐང་རྫས་སོགས་དགོས་རྒུ་ཕུན་སུམ་ཚོགས་པ་བཞུགས། རང་གིས་འབྲེལ་ཅུང་ཙམ་རེ་བཞག་ནའང༌། རྒན་པ་དང་སྤྱི་གཉེར་ཆེན་མོ་རྣམས་ཀྱིས་རང་དགོན་དུ་བསྙེན་བཀུར་བྱས་པ་དེ་བས་ཀྱང་ཤིན་ཏུ་མང་ངོ༌། །

ས་སྟག་ལོ་ལ། གྱང་རུ་ནས(འགྱིང་རི)རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་གི་གསས་ཁང་བསྐྱར་བཞེངས་བྱས་ནས་གྲུབ། དེ་ལ་རང་གིས་སྒོར་སྟོང་ཕྲག་གཅིག་ཕུལ། དེ་དང་དུས་མཚུངས་སུ། སྙན་བཟང་ནས། ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་གི་གསས་ཁང་ལོ་སྟོང་ཕྲག་ལོན་པའི་བྱིན་རླབས་ཅན་དེ་ཤིན་ཏུ་རྙིང་ཆེ་བས་ཞིག་གསོའི་དུས་ལ་བབ་ནས་གསར་དུ་སྤུས་ལེགས་ཅན་ཞིག་བཞེངས། ནང་དུ་སྟོན་པ་རྣམ་པར་རྒྱལ་བ་སོགས་སྐུ་ཚད་ཁྲུ་ལྔ་ཅན་ལྔ་དང༌། སྟོན་པ་སྟོང་སྐུ། ཞལ་ཐང་ཆེན་པོ་བཅུ་གཉིས། བཀའ་དང་བཀའ་བརྟེན་པོ་ཏི་ལྔ་བརྒྱ། སྟེང་བཙན་ཁང་ཁོར་ཡུག་ཏུ་དམ་ཅན་རྒྱ་མཚོའི་ཞལ་ཐང་ཆེ་བ་དགུ་དང༌། སྒྲ་བླ་མོའི་རྟེན་འཁོར་བཅས་རང་གིས་བྲིས་ཏེ་བཞག རབ་གནས་སྤྱན་འདྲེན་གྱི་ཆོ་ག་ཡང་ཡང་བྱས། རང་གིས་ཞལ་འདེབས་སུ་སྒོར་སྟོང་ཕྲག་གསུམ་ཕུལ།

ས་ཡོས་ལོར(སྤྱི་ལོ༡༩༩༩)སྒྲུབ་གྲྭ་བ་ཐེངས་བཞི་བའི་ལོ་གསུམ་གྱི་དང་པོ་ཡིན་པས། སྔོན་འགྲོ་ཨ་ཁྲིད་ལྟར་བསགས་སྦྱང་རྗེས་སུ། སེམས་བསྐྱེད་མཆོད་པ་བཟུང། ལྕགས་འབྲུག་ལོར(༢༠༠༠ ལོ)ཞི་བ་ཀུན་བཟང་གི་དབང་ཐུགས་རྗེའི་སྤྲིན་དཔུང༌། སྤྱི་འདུལ་རྟ་དབུ་མའི་དབང༌། མ་ཏྲིའི་ཚེ་དབང༌། སྲུང་མའི་རྗེས་གནང་བཅས་འདུས་པ་བདུན་བརྒྱ་ལྷག་ལ་དངོས་སྟ་ཉིན་གཉིས་རེ་བྱས་ནས་བསྐུར།

སོ་ནག་བོན་པོའི་སྔར་གྱི་འདུ་ཁང་རྙིང་བ་དེ་ཞིག་གསོའི་དུས་ལ་བབ་ནས་བསྐྱར་བཞེངས་བྱས།  རང་དགོན་ནས་དམངས་སྒོར་ཁྲི་ཕྲག་གཅིག་དང་རང་གིས་ཁྲི་གཅིག་བཅས་ཏེ་མཐུན་རྐྱེན་སྦྱར།

བོན་བརྒྱ་འབྲོག་ཕྱོགས་ནས། བན་དེ་སྤྱི་བ་ཞེས་དགེ་ལུགས་པའི་འདུ་ཁང་ཞིག་བཞེངས་རྒྱུའི་སྟ་གོན་དུ་སྒོར་ཁྲི་ཕྲག་གཅིག་ལྷག་ཕུལ། ཀོས་ནན་འབྲོག་རུ་སྟོང་སྐོར་དུ་འདུ་ཁང་བཞེངས་པའི་མཐུན་རྐྱེན་དུ་སྒོར་སྟོང་ཕྲག་གསུམ་ཕུལ། ཡང་གསར་རྙིང་བོན་གསུམ་གྱི་གྲུབ་མཐའ་རིས་མེད་དུ་དག་སྣང་གིས་འབྲེལ་ཆེ་ཐོགས་ཆུང་བཞག་མང་ཡང༌། ཚང་མ་ཡི་གེར་བྲིར་མ་ནུས་སོ། སྒྲུབ་སྡེ་སོ་སོར་ཞབས་འདེགས་བྱས་པའི་རིམ་པའོ།།

གཞན་སྲིད་ཕྱོགས་ནས་ཀྱང་རང་དགོན་གྱི་ཉེ་འཁོར་ན་ཡོད་པའི་བོན་བརྒྱ་དང་སྐྱ་གྱ་སྡེ་བ་གཉིས་ལ་འགལ་རྐྱེན་བྱུང་ཚེ། མཐུན་ལམ་འབྱུང་བའི་ཆེད་དུ་སྒོར་སྟོང་ཕྲག་གཅིག་བྱིན། སོ་ནག་སྐྱ་བོན་མག་སར་བཅས་ཀྱི་སློབ་གྲྭ་ལ་སྒོར་སྟོང་གཅིག་དང་སུམ་བརྒྱ་ཕུལ། ཀོས་ནན་བོན་བརྒྱ་སྡེ་དྲུག་གི་གསེར་ལྡན་སློབ་གྲྭ་ལ་འབྲི་ལྔ། གཡག་ལྔ། འབྲོག་པ་དབུལ་བོའི་བྱིས་པ་ལ་སྒོར་བརྒྱ་ཕྲག་ཁ་ཤས་རེ་བྱིན། བོན་བརྒྱ་ཉི་མ་ལུང་དང་གསེར་གཞོང་གི་སློབ་གྲྭ་ལ་སྒོར་སྟོང་ཕྲག་གཅིག་ཕུལ། གཅན་ཚ་རྫོང་གི་བོད་སྨན་ཁང་ལ་སྒོར་སྟོང་གཅིག་ཕུལ། གཞན་བརྒྱ་ཕྲག་ཁ་ཤས་དང༌། ཉམས་ཆུང་ལ་སྦྱིན་པ་རེ་བཏང་བའི་གྲངས་ནི་བྲིར་མ་བཏུབ་བོ། སྡེ་ཕན་ཚུན་དང་མི་སོ་སོའི་བར་ལ་མཐུན་སྒྲིལ་དང་བདེ་འཇགས་ཡོང་བའི་བྱ་བ་བསྒྲུབས་པ་དང༌། གཞུང་སྒེར་གང་ཅིའི་ཐད་ལ་བསྲུང་བ་རིམ་གྲོ་དང་གང་ལ་གང་ཕན་བགྱིས་པ།  མདོར་ན་ཕན་གནོད་སྤངས་བླང་གི་གནས་ལ་གཟབ་ཅི་ཐུབ་བྱས་ཏེ། ཁྱད་པར་སྲོག་གཅོད་ཀྱི་སྡིག་པ་ལ་ཕྲ་ཞིང་ཕྲ་བ་ནས་འཛེམས་པ་ཁོ་ནར་བྱས་པ་ལེགས་སོ།།  །།

﹙གློག་ཀླད་ཡིག་བཏགས་པ་ཁྱུང་དཀར་ཟླ་བ་དང་བསོད་ནམས་གཡུང་དྲུང༌། ﹚

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།