བོན་མང་སྔགས་འཆང་ཅིག་གི་རིང་བསྲེལ་བཞུགས།

བོན་མང་སྔགས་འཆང་ཅིག་གི་རིང་བསྲེལ་བཞུགས།
ཁྱུང་དཀར་ཟླ་བ།1

 ༄༅། །གསང་སྔགས་ཀྱི་དབང་སྐབས་སུ་སྣང་གསལ་ལྷུན་འགྲུབ་རྩལ་ལམ་ཡོངས་གྲགས་སུ་མཁའ་འབུམ་ཞེས་འབོད་པའི་སྔགས་འཆང་ཆེན་མོ་ཁོང་ནི་སྤྱི་ལོ༡༩༣༩ལོར་གྲུབ་ཆེན་ཁྱུང་དཀར་ཚངས་པའི་གདན་ས་ཁྱུང་བོ་སྨད་པ་ནས་འཁྲུངས་ཤིང་། ནར་སོན་དུས་གླིང་བརྒྱའི་བོན་ཚང་མའམ་ས་སོ་མ་རུ་གནས་སྤོར་བྱས་ཏེ་རིས་མེད་ཀྱི་དགེ་རྒན་མང་དུ་བསྟེན། རྒྱུའི་བོན་བཞི་ལ་སྦྱངས་པ་ཕུལ་ཕྱིན་མཛད། ཁྱད་པར་དུ་རྩ་བའི་བླ་མ་གྲུབ་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དང་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ། སྔོན་འགྲོ་བསགས་སྦྱང་གི་རིམ་པ་འབུམ་དགུ་དང་། འཕོ་སྦྱང་། བླ་མ་ཚེ་དབང་རིག་འཛིན་གྱི་དབང་ཀ་རབ་འབྱམས་སྤྱི་བླུགས་སོགས་དབང་ལུང་དང་རྫོགས་ཆེན་གྱི་ངོ་སྤྲོད་རྣམས་ཞུས་ཏེ་ལོ་རེར་ཚེ་དབང་དང་ཞི་བ་ཨ་གསལ། སྤྱི་འདུལ་ཡི་དམ་རྒྱ་མཚོ་རྣམས་ལ་བསྙེན་སྒྲུབ་བྱས་ཏེ་རྟགས་མཚན་མངོན་དུ་གསལ། རྒྱུན་དུ་འདོན་དབྱངས་རྟ་དང་བཅའ་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ། སྔོན་འགྲོ་དང་ལམ་རིམ་སོགས་ཀྱི་འཆད་ཁྲིད་ཀྱིས་སློབ་མ་མང་དུ་བསྐྱངས། བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཞི་ཁྲོའི་བྱིངས་འདྲེན་དང་གཡུང་དྲུང་སློབ་དཔོན་གྱི་འགན་བཞེས་ནས་བསྟན་དང་འགྲོ་ལ་ལག་རྗེས་མི་དམན་པ་བཞག ཉིས་སྟོང་བཅུ་གཅིག་གི་ཟླ་བདུན་པའི་ཚེས་བདུན་ཉིན་ཉེ་འབྲེལ་དང་སློབ་མ་རྣམས་ལ་དགེ་སྡིག་སྤང་བླང་གི་བསླབ་བྱ་ལེགས་པར་གནང་སྟེ་ན་བའི་སྡུག་བསྔལ་སོགས་ཅི་ཡང་མེད་པར་ལུས་ཆ་ལུགས་ལྔ་ལྡན་གྱི་སྒོ་ནས་བཀའ་དྲིན་ཅན་གྱི་བླ་མ་ཞེས་ལན་གསུམ་བརྗོད་པ་དང་མཉམ་དུ་དགོངས་པ་བོན་དབྱིངས་སུ་གཤེགས། གདུང་ལ་སྦྱིན་བསྲེགས་ཀྱི་སྐབས་སུ་ངོ་མཚར་གྱི་རྟགས་མང་དུ་བྱུང་། ལྷག་པར་རིང་བསྲེལ་མང་དུ་འཕེལ་ནས་གདུལ་བྱའི་དད་པའི་གསོས་སུ་གྱུར་པའོ།།3 4 5

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།