དབང་ལྡན་ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་རྣམ་ཐར།

58d1567431cc57a9ff3ec7fabff305a0

རྩོམ་པ་པོ། སྟོང་སྐོར་ཉི་གཞོན། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

སྔོན་གླེང་།

ལྷག་བསམ་དང་འབོད་སྒྲ་ནི་མིའི་རིགས་ལ་ཆེས་གལ་འགངས་ཆེ་བའི་བསམ་བློ་ཞིག་ཡིན་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་མི་རིགས་ལ་ཞབས་འདེགས་རེ་སྒྲུབ་ཐུབ་པ་ནི་རང་རིགས་ཀྱི་གཟི་བརྗིད་ཅིག་ཏུ་རློམ་བཞིན་ཡོད། དེར་བརྟེན་མི་རིགས་འདིའི་ཆབ་དཔལ་རིག་གསུམ་ལ་འབད་འབུངས་དང་དེས་མཚོན་པའི་རིག་གཞུང་དག་ཁྱབ་སྤེལ་ཅི་ནུས་འདོན་སྤྲོད་བྱེད་པར་རེ་བ་དང་ཡིད་ཆེས་ཀྱིས་འགེང་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར་ན་ངེད་དབང་ལྡན་ཞུ་ཚང་རིག་གཞུང་འཚོལ་སྡུད་ཚོགས་པ་ཡང་མི་རིགས་འདི་ལ་ཧ་ཅང་དུངས་དྲགས་པ་དང་ཡང་ན་རྒྱལ་བའི་རྣམ་སྤྲུལ་དག་གི་དགོངས་རྟོགས་དང་མཛད་རྗེས་རྣམས་ལ་དགའ་དྲགས་པས། མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར་རང་མི་རིགས་ལ་ལྷག་བསམ་གྱིས་མཚོན་པའི་འབོད་བསྐུལ་ཆུང་ཆུང་ཞིག་གི་ཚུལ་དུ་སྒྲོག་པའི་བརྒྱུད་རིམ་ཁྲོད། ད་ལན«དབང་ལྡན་ཞུ་ཡས་ལེགས་པོའི་སྐྱེས་རབས་རྣམ་ཐར»དང་«ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར»བཅས་ལོ་རྒྱུས་ཀྱི་དཔེ་རྙིང་འདི་གཉིས་ཕྱོགས་བསྒྲིགས་སུ་བགྱིས་པ་ནི། བོད་ཀྱི་བླ་མའི་མཛད་རྣམ་ལ་སྤྲོ་བའི་དཔྱོད་ལྡན་པ་ཡོངས་དང་ལྷག་པར་དུ་སློབ་གྲོགས་མང་པོའི་རེ་བའི་མིག་ཆུ་ལས་བསགས་པ་ཞིག་ཡིན་པས་ཁོང་ཚོའི་རེ་འདོད་ཇི་བཞིན་བསྐང་ཐུབ་པའི་ཡིད་ཆེས་ཡོད།
དེར་བརྟེན་དཔེ་དེབ་འདི་བཞེངས་པའི་དོན་གྱི་གསལ་བཤད་ཅིག་ནི། འདི་ནི་བོན་གྱི་གདུང་རབས་གྲས་ནས་དབང་ལྡན་ཞུ་ཚང་གི་སྐོར་གྱི་དཔྱད་མཁན་དག་ལ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་དང་ལྷག་པར་དུ་གདུལ་བྱ་སྨིན་གྲོལ་གྱི་ལམ་དུ་འདྲོང་ཕྱིར་དགོས་གལ་ཆེ་བས་པར་དུ་བཏབ་པ་ལགས་སོ།། མ་ཡིག་རྙིང་པ་ཡིན་ཕྱིར་དག་ནོར་དང་སྐོང་ཡིག་འཁྲོལ་མི་ཤེས་པ་སོགས་ཡོད་པ་དང་དཔེ་སྒྲིག་གི་ཐད་ནས་ཤེས་ཚོད་ཀྱི་དག་ནོར་རྣམས་བཅོས་སུ་བཞག་ཡོད་ལ་མ་ཡིག་ལྟར་དོགས་ཡོད་དང་ཆད་ཡིག་རྣམས་གུག་རྟགས[ ]འདིའི་ནང་དུ་བཅོས་ཡོད་པའི་ལུགས་དང་། ད་དུང་རྣམ་ཐར་ཕྱི་མ«ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར»དེ་ལ་ལེའུ་བརྒྱད་ཅུ་གྱ་ལྔ་འདུག་ལ་དེའི་ནང་གི་དམིགས་གསལ་གྱི་ལེའུ་མ་གཏོགས་རེ་རེ་བཞིན་དཀར་ཆག་ཏུ་བཀོད་མེད་པས་དེ་ལུགས་སུ་དགོངས་པར་མཁྱེན།
དབང་ལྡན་བསྟན་པའི་སྲོལ་འཛིན་མཆོག་སྤྲུལ༧ཞུ་བླ་སྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་མཆོག་གིས་སངས་རྒྱས་བསྟན་པའི་ལས་དོན་ལ་དགོངས་ནས་དཔེ་དེབ་འདིའི་མགོ་མཇུག་བར་གསུམ་གྱི་འགྲོ་སོང་ཆ་ཚང་གནང་བར་བཀའ་དྲིན་ལན་བརྒྱར་ཞུ་བར་མ་ཟད་གཞུང་འདིར་དངོས་ཤུགས་གང་རུང་དང་རྒྱུ་ཚེགས་ཡོད་དགུ་བཏོན་པའི་བདག་གི་གྲོགས་མཆོག་དམ་པ་རྣམས་ལ་ཆེད་དུ་བཀའ་དྲིན་ཆེ་ཞུ་བ་དང་། ལྷག་དོན་དུ་གྲོགས་མཆོག་ས་ཁའི་བློ་ལྡན་དང་ཁྲི་བསོད་བསྟན་གཉིས་ནས་བསྟན་པའི་ལ་རྒྱའི་ཁོག་དཔུང་བསམ་སྟེ་རོགས་རམ་ཚད་མེད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་ཆོས་ལུགས་དང་ཆོལ་ཁ་མི་མཐུན་ནའང་མི་རིགས་ཀྱི་ཟུངས་ཁྲག་དམར་པོ་གཅིག་པའི་ མི་རིགས་འདིའི་ཆེད་དུ་སྲོག་དབུགས་ཁྲ་མོ་དམུ་ཐག་དང་སྦྲེལ་ནས་སོ་སོའི་རིག་གཞུང་ལ་བྱས་རྗེས་ཤིག་འཇོག་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད།

སྟོང་སྐོར་ཉི་གཞོན་གྱིས་གནའ་མཁར་ཟི་ལིང་དུ་སྤྱི་ལོ2016ལོའི་ཟླ1ཚེས5ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།