《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》པར་དུ་བསྐྲུན་པ།

རྩོམ་པ་པོ། ཁྱུང་བཟང་།     རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

དེབ་དང་པོ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་དང་པོ་དེ་རེད། འདི་རུ་ཁོ་རང་གི་ཕོ་ལོ་བཅོ་བརྒྱད་ནས་ཉེར་བཞིའི་བར་གྱི་རྩོམ་ཡིག་སྟེ་གཙོ་བོ་རྨ་ལྷོ་དགེ་ཐོན་སློབ་གྲྭའི་སློབ་མ་ཡིན་དུས་ཀྱི་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་ཡོད་པ་དང་། རྩོམ་ཡིག་གི་བརྒྱ་ཆའི་བརྒྱད་ཅུ་ལྷག་ན་ཆུང་ཚགས་པར་དང་ཁྲིམས་ལུགས་ཚགས་པར་སོགས་སུ་བཀོད་ཟིན་པ་རྐྱང་ཡིན། འདིར་རྩོམ་སྟངས་ཀྱི་ཐད་ནས་ལྷུག་རྩོམ་དང་སྲོལ་རྒྱུན་སྙན་ངག རང་མོས་སྙན་གསུམ་ག་འདུ་ལ་ཤོག་གྲངས༣༠༠ཙམ་ཡོད།

དེབ་འདིའི་ཁ་བྱང་ནི་ཁོའི་སློབ་མའི་དུས་སྐབས་ཀྱི་འགྲན་སྡུར་རྩོམ་ཡིག་ཅིག་གི་ཁ་བྱང་རེད། དེ་ཡང༡༩༩༢ལོར་གངས་རྒྱན་ན་ཆུང་ཚགས་པར་ཁང་གིས་བོད་ཁུལ་གྱི་ལོ་ཆུང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཐེངས་དང་པོ་དེ་སྤེལ་བ་དང་། རྩོམ་སྒྲིག་པ་དང་དཔྱད་འདེམ་པའི་གདམ་གསེས་ཀྱི་གོ་རིམ་མང་བོ་ཞིག་བརྒྱུད་མཐར་ཁོའི་རྩོམ་ཡིག་འདི་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ཚུལ་དེས་ཕོ་ལོ༡༨ལ་སོན་མ་ཐག་པའི་སློབ་མ་ཁོ་རྩོམ་འབྲིའི་ལམ་དུ་བསྐྱོད་པར་སྒུལ་ཤུགས་ཆེན་པོ་ཞིག་ཐེབས་པས། ད་ཐེངས་ཆེད་དུ་རྩོམ་དེའི་ཁ་ཡིག་དེབ་ཀྱི་ཁ་བྱང་དུ་བཀོད་འདུག་ལ། འདི་ནི་ཁོ་ལ་མཚོན་ན་མཛེས་སྡུག་གི་ཕྱིར་དྲན་ཞིག་ཡིན་ཟེར།

དེབ་གཉིས་པ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་གཉིས་པ་དེ་རེད། དེབ་འདིའི་ནང་དུ༡༩༩༥ལོའི་ཚུན་ཏེ་ཁོ་རང་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་དགེ་རྒན་གྱི་བྱ་བར་ཞུགས་པ་དང་། དེ་ནས་ལོ་གསུམ་གྱི་རྗེས་སུ་སླར་ཡང་སློབ་ཆེན་འགྲིམ་པ། དེ་རྗེས་ཕྱིར་བྱ་བར་ཞུགས་པའི་བར་གྱི་ལྷུག་རྩོམ་གང་བྲིས་རྣམས་ཕྱོགས་གཅིག་ཏུ་བསྡུས་འདུག་པས། འདི་ནི་དུས་ཚོད་ངེས་གཏན་མེད་པར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་བཀོད་ཟིན་པའི་ལྷུག་རྩོམ་རྐྱང་བ་ཕྱོགས་གཅིག་ཏུ་བསྡུས་པའི་ལྷུག་རྩོམ་ཉིང་བསྡུས་དེབ་ཅིག་ཡིན་འདུག་ལ། འདི་ཉིད་ཕལ་ཆེར་ལྷུག་རྩོམ་བརྒྱད་ཅུ་ལྷག་གིས་གྲུབ་ཅིང་ཤོག་གྲངས༣༥༠ལ་ཉེ་ཙམ་ཡོད།

འདིའི་ཁ་བྱང་ཡང་གོང་དང་འདྲ་བར་ཁོའི་ལྷུག་རྩོམ་ཞིག་གི་ཁ་བྱང་ཡིན་འདུག  ལྷུག་རྩོམ་དེ༡༩༩༥ལོའི་ཟླ་བདུན་པའི་ནང་བྲིས་ཤིང་། ༡༩༩༧ལོར་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་ཐོབ་པས། འདིར་གཅིག་ནས་ཕྱིར་དྲན་གྱི་དོན་སྙིང་ལ་དམིགས་པ་དང་། གཉིས་སུ་ཁོ་རང་གི་འཐུས་ཚབ་བརྩམས་ཆོས་ལྟ་བུར་གྱུར་འདུག་པས་ཆེད་དུ་དེབ་འདིའི་ཁ་བྱང་དུ་གཏན་འཁེལ་བྱས་པ་ཡིན་ཟེར།

དེབ་གསུམ་པ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་གསུམ་པ་དེ་རེད། འདི་ཉིད་མུ་འབྲེལ་ལྷུག་རྩོམ་གྱི་དེབ་ཅིག་སྟེ་སྐབས་རེར་འབོལ་རྩོམ་དེབ་ཅིག་གམ་གླེང་བརྗོད་དེབ་ཅིག་དང་ཡང་འདྲ་བོ་འདུག

སྤྱིར་ཡང་བརྩེ་དུང་ནི་སྒྱུ་རྩལ་གྱི་རྟག་བརྟན་བརྗོད་བྱ་ཡིན་ཟེར་བ་ནང་བཞིན། འདིར་ཡང་ཁོ་རང་གིས་དངོས་སུ་ལས་བཞིན་པ་དང་ཁོ་རང་གིས་རྒྱུན་དུ་བརྗོད་འདོད་པའི་སློབ་གསོའི་དོན་དག་མང་བོ་ཞིག་བརྩེ་དུང་གི་རྒྱུན་ཐག་གཅིག་ལ་བརྒྱུས་ཏེ་ཕྲེང་དུ་བསྟར་ཡོད་པས། ཁྱོད་ཀྱིས་འདི་ནི་སློབ་གསོ་དང་ཡོངས་སུ་འབྲེལ་བའི་ལྷུག་རྩོམ་དེབ་ཅིག་རེད་ཅེས་བཤད་ཆོག་ལ། བརྩེ་དུང་གི་གཏམ་རྒྱུད་གསོན་པོ་ཞིག་རེད་ཅེས་ཀྱང་བསམ་ཆོག་པ་འདྲ།

ངོ་མ་དེབ་འདིའི་ནང་དུ་མགོ་ཚིག་རྐང་དང་པོ་ནས་བཟུང་སྟེ་བརྩེ་དུང་གི་བྱུང་རིམ་ཞིག་གིས་དབུ་བསླངས་ཤིང་། དེབ་ཀྱི་མགོ་མཇུག་བར་གསུམ་ཚང་མ་བརྩེ་དུང་གིས་ཁྱབ་ཅིང་བརྩེ་དུང་དང་ཉེ་བར་འབྲེལ་ཡོད་ལ། དེ་ཡང་བརྗོད་བྱ་གཙོ་བོ་སློབ་གསོའི་གནད་དོན་བརྗོད་པ་དང་། གནད་དོན་བསྡུར་བ། གནད་དོན་ལ་བསམ་ཚུལ་བརྗེ་རེས་བྱེད་པའི་དམིགས་པ་དང་གཏན་ནས་ཁ་གྱེས་མེད་པས། དོན་ལ་བརྩེ་དུང་གི་བྱུང་བ་དག་ནི་བརྗོད་བྱ་གསལ་བར་བྱེད་པ་དང་ཀློག་མཁན་སོ་སོའི་བལྟ་འདོད་ཀྱི་ཡི་ག་འབྱེད་པའི་རེ་སྨོན་ལ་གཅིག་ཏུ་འཁྱུད་པར་བྱས་ཡོད་སྐད།

དེབ་བཞི་བ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་བཞི་བ་དེ་རེད། འདིའི་ནང་དུ་གླུ་ཚིག་དང་བཤད་པ། མདོ་འཛིན་མ་ཡིག་བཅས་རིགས་སྣ་མི་འདྲ་བའི་རྩོམ་ཡིག་སྐོར་ཅིག་མཉམ་དུ་བསྡུས་ཡོད་པ་དང་། དེ་ལས་མང་ཆེ་བ་གླུ་ཚིག་གིས་བཟུང་འདུག་པས། འདི་ནི་སྣ་འདུས་དེབ་ཅིག་ཡིན་ཞེས་བརྗོད་ཆོག་ལ། དེབ་ཧྲིལ་བོར་ཤོག་ངོས༣༦༠ལྷག་འདུག

སྤྱིར་རྩོམ་རིག་ནི་མ་གཞི་ནས་ངག་གི་སྒྱུ་རྩལ་དུ་གཏོགས་ནའང་འདིར་བཀོད་ཚང་མ་དབྱངས་རྟ་ངེས་ཅན་དུ་སྦྱར་ནས་ཁྲོམ་དང་མི་ཚོགས་ཀྱི་གསེབ་སོགས་ནས་ལེན་པའམ་གྱེར་བའི་ཚུལ་གྱིས་བཤད་རྒྱུ་རྐྱང་ཡིན་པས། འདིར་བསམ་བཞིན་མཉམ་གཅིག་ཏུ་བསྒྲིགས་པ་དང་། འདིའི་ནང་གི་གླུ་ཚིག་མང་ཆེ་བ་དེ་རི་སྤྱང་རོལ་ཚོགས་ཀྱི་རེ་སྐུལ་འོག་བྲིས་པ་རྐྱང་ཡིན་འདུག་ལ། དེ་ཡང་གླུ་ཚིག་འབྲི་བའི་ལས་ཐོག་མ་དེའང་ཁོའི་སློབ་མའི་ཐུ་བོའམ་གྲོགས་པོ་དམ་པ། བོད་ཀྱི་གཞས་གདངས་རྩོམ་པ་པོ་དཀའ་ཐུབ་རྒྱལ་སོགས་ཀྱིས་སློབ་ཆེན་སློབ་མའི་དུས་ཏེ། སྤྱི་ལོ༢༠༠༦ལོར་ཨ་མདོའི་ཟི་ལིང་མཁར་ནས《རི་སྤྱང་རོལ་ཚོགས》ཞེས་པའི་དེང་གཞས་ཀྱི་ཚོགས་པ་གསར་བ་ཞིག་བཙུགས་པ་དེ་ནས་མགོ་བརྩམས་པས། ཁོའི་གླུ་ཚིག་ནི་རི་སྤྱང་རོལ་ཚོགས་ཀྱི་འཚར་ལོངས་དང་མཉམ་དུ་ནར་སོན་ཞིང་། ཁོའི་སློབ་བུ་དང་སློབ་བུའི་སློབ་བུ་དག་གི་འཚར་ལོངས་དང་གཅིག་ཏུ་འགྲོགས་ནས་ཐོན་པ་ཞིག་ཡིན་ཟེར།

དེབ་ལྔ་བ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་ལྔ་བ་དེ་རེད། དེབ་འདིར༡༩༩༨ལོའི་ཚུན་གྱི་རྩོམ་ཡིག་གང་བྲིས་པ་རྣམས་ལས་སྲོལ་རྒྱུན་སྙན་ངག་གམ་ཚིགས་བཅད་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡུས་འདུག འདི་ལས་མང་ཆེ་བ་ནི་དུས་དེབ་སོགས་སུ་བཀོད་ཟིན་ལ་མ་བཀོད་པའང་སྐོར་ཅིག་ཡོད་འདུག ཕལ་ཆེར་ཤོག་ངོས ༣༣༠ ཙམ་ཡོད་པ་དང་། ཤོ་ལོ་ཀ་མང་ཉུང་དང་ཚེག་བར་རིང་ཐུང་སོགས་ཀྱི་རྣམ་པ་ནི་སྣ་ཚོགས་ཤིང་། ནང་དོན་གྱི་ཆ་ནས་ཀྱང་བསྟོད་སྨད་བར་མ་ཅི་རིགས་ཤིག་འདུས་པ་རེད། གཅིག་ཏུ་ན་ཀློག་མཁན་དག་གིས་འདིའི་ནང་གི་བསྟོད་རྩོམ་འགའ་རེ་མཐོང་ཚེ་ཐུགས་ལ་སུན་སྣང་གི་སྤྲིན་པ་ཞིག་འཁོར་ཡང་སྲིད་ལ། དེ་དང་མཉམ་དུ་སྐུ་ཞབས་རང་གྲོལ་གྱི་བསྟོད་པ་བཀླགས་པའི་འཆར་སྣང་ཞེས་པའི་རྩོམ་ཡིག་ཁྲོད་ཀྱི་སེང་གེའི་ལྷག་མ་ཟ་བའི་ཝ་སྐྱེས་དེ་ཡང་དྲན་སྲིད་མོད། འོན་ཀྱང་ཁོས་ནི་དུས་རབས་དང་ལོ་ཟླའི་ཁྱད་གང་ཡང་མེད་པར་ནམ་ཡང་བསྔགས་པར་འོས་པ་གང་ཡིན་པ་དེ་ལ་བསྔགས་དགོས་པར་འདོད་ཅིང་། དེ་ནི་དགེ་མཚན་ཉམས་སུ་མྱོང་བའི་ཤེས་རབ་ཀྱི་མིག་འབྱེད་སྟངས་ཤིག་ཏུའང་བསམས་འདུག

དེ་ཡིན་རུང་བར་སྐབས་ཤིག་ལ་ང་ཚོ་སྨད་པ་དང་དགག་རྒྱག་གི་ལམ་དུ་ཆས་ཤིང་། རིམ་པར་སྐྱོན་ལས་ཡོན་ཏན་མི་མཐོང་བའི་ལོང་བ་ཁྱུ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། དོན་ལ་འདི་ཡང་མི་རིགས་ཀྱི་ཉེན་ཁ་ཞིག་ཡིན་པར་སྣང་སྟེ། ལྷག་པར་དུའང་རང་གི་དགེ་མཚན་ལ་ཅི་མི་སྙམ་པར་མིག་འོད་ཡོད་ཚད་གཞན་ལ་ཕྱོགས་པའི་སྣང་བ་འདི་ནི་ཉེན་ཁ་ཞིག་གོ་ཟེར།

དེབ་དྲུག་པ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་དྲུག་པ་དེ་རེད། དེབ་འདི་རུ་གཙོ་བོ༡༩༩༨ལོའི་ཚུན་ལ་བྲིས་པའི་ཁོའི་རྩོམ་ཡིག་དག་ལས་རང་མོས་སྙན་ངག་རྣམས་ཕྱོགས་གཅིག་ཏུ་བསྡུས་འདུག་པས་དོན་ལ་འདི་ནི་རང་མོས་སྙན་ངག་གི་དེབ་ཅིག་རེད། འདིའི་ནང་གི་རྩོམ་ཡིག་མང་ཆེ་བ་ནི་སྔོན་ཆད་གངས་རྒྱན་མེ་ཏོག་དང་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་སོགས་སུ་བཀོད་ཟིན་ལ་དེབ་ཧྲིལ་བོར་ཤོག་གྲངས༣༢༠ལྷག་འདུག

འདིར་ང་ཚོས་ཤེས་དགོས་པ་ནི་ཁོ་རང་རྩོམ་འབྲི་ལ་ཞུགས་པའི་དུས་ནི་ལོ་རབས་དགུ་བཅུ་བའི་ནང་ཡིན་ལ། ལོ་རབས་དགུ་བཅུ་བ་ནི་རང་རེར་མཚོན་ན་རིག་གནས་བསྐྱར་འཛུགས་དང་རྩོམ་རིག་གསར་རྩོམ་གྱི་ཚ་རླབས་འཕྱུར་བའི་སྐབས་རེད། ལྷག་པར་དུ་སྐུ་ཞབས་རང་གྲོལ་གྱི་ལང་ཚོའི་རྦབ་ཆུས་སྣེ་དྲངས་ཏེ་རང་མོས་སྙན་ངག་གི་ཆུ་མིག་གང་སར་བརྡོལ་ཅིང་། གངས་རྒྱན་མེ་ཏོག་གིས་མཚོན་པའི་རང་མོས་སྙན་ངག་གི་མྱུ་གུ་སྐྱོང་བའི་ཞིང་ས་ཡང་ཆེད་དུ་བྱུང་བས། བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་ལ་མེ་ཏོག་གསར་བ་ཞིག་གི་བཀྲག་མདངས་རྒྱས་མགོ་ཚུགས། སྐབས་དེའི་ཁོ་དང་ཁོ་ལྟ་བུའི་ལོ་ཆུང་དག་ཀྱང་སྙན་ངག་གི་རིག་པ་གསར་བ་དེས་དྲངས་ཏེ། རང་འགུལ་གྱིས་དེ་ལ་སྦྱོང་བ་བྱས་ཤིང་རིམ་པར་རྩོམ་ཡིག་དག་ཚགས་པར་དང་དུས་དེབ་ཁག་ཏུ་བཀོད་པ་རེད།

ཡིན་ཡང་སྐབས་ཐོག་ལྟར་སྲོལ་རྒྱུན་གྱི་མཁས་པ་མང་བོས་སྙན་ངག་རྐང་ཆག་མ་ཞེས་མ་རང་བའི་རྣམ་འགྱུར་མང་དུ་བསྟན་མྱོང་ལ། གང་ལྟར་མཐའ་མར་དེ་ནི་གཙང་བོ་རགས་ལས་ཤོར་བ་བཞིན་སུས་ཀྱང་མ་ཁོགས་པར་བོད་ཀྱི་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་སོང་། ཁོའི་རྩོམ་ཡིག་འདི་དག་ཀྱང་གོ་རིམ་དེའི་ཁྲོད་ནས་བྱུང་ཞིང་། རྡོ་བ་ལྟ་བུའི་རང་ཉིད་ཀྱི་ཁ་ནས་རང་མོས་སྙན་ངག་གི་ཚིག་སྦྱོར་མང་དུ་བྱུང་བ་འདི་ལ་དོན་སྙིང་དེ་ཙམ་ཡོད་ངེས་ཀྱི་གདེང་ཚོད་གང་ཡང་མེད་པས། འདིར་དེབ་ཀྱི་ཡང་ལྕིའི་མཐའ་སྡོམ་འགོད་པའི་དབང་ཆ་དེ་ཁྱེད་ཀློག་མཁན་རྣམས་ལ་ཡོངས་སུ་ཕུལ་བ་ཡིན་ཟེར།

དེབ་བདུན་པ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་བདུན་པ་དེ་རེད། འདི་ཉིད་བཅད་ལྷུག་གང་རུང་གི་སྒྲུང་གཏམ་མམ་གཏམ་རྒྱུད་འགའ་མཉམ་དུ་བསྡུས་པའི་སྟེང་ལ། དཔྱད་བརྗོད་རྩོམ་ཡིག་འགའ་བསྣན་ནས་གྲུབ་པ་ཞིག་རེད། འདི་ལ་ཕལ་ཆེར་ཤོག་གྲངས༣༥༠ཙམ་འདུག

དེ་ཡང་འདིའི་ནང་གི་སྒྲུང་གཏམ་དག་ནི་ལུས་ཀྱི་ཆ་ནས་བཅད་ལྷུག་གཉིས་ཀ་ཡོད་པ་གང་ཞིག་རེ་གཉིས་ནི་དམངས་ཁྲོད་རྩོམ་རིག་གི་འབྲི་ཐབས་སྤྱད་ནས་བྲིས་འདུག་ལ། ནང་དོན་ཕལ་ཆེ་བ་བརྩེ་དུང་དང་འདུ་འབྲལ་གྱི་དགའ་སྐྱོའི་གཏམ་རྒྱུད་དང་ཉེ་བར་འབྲེལ་བ་ཞིག་རེད། དེ་ནས་དཔྱད་བརྗོད་རྩོམ་ཡིག་དག་ནི་གཙོ་བོ་སློབ་གསོའི་ནང་དོན་དང་འབྲེལ་ཡོད་ཅིང་། ལོ་རྒྱུས་དང་ཁྲིམས་ལུགས་སོགས་ལའང་ཅུང་ཟད་འབྲེལ་འདུག ཡིན་ནའང་དཔྱད་བརྗོད་རྩོམ་ཡིག་ལ་མིང་བཏགས་པ་དེ་དག་ལ་རྒྱབ་རྟེན་གྱི་ལུང་དང་གཏན་ཚིགས་ཀྱི་རིག་པ་གང་ཡང་མེད་པར་སྒེར་གྱི་ཚོར་བ་ཙམ་པོས་འོལ་ཚོད་དུ་སྨྲས་པ་ཤས་ཆེ་བས། གལ་སྲིད་ཁྱེད་རང་རྩོམ་པ་པོའམ་རྩོམ་འབྲིའི་ཉམས་མྱོང་ཡོད་མཁན་ཞིག་ཡིན་ན་མཐའ་གཅིག་ཏུ་དེབ་འདི་ཉིད་མ་བཀླག་ན་འགྲིག་སྟེ། དེ་ལྟར་ན་མ་མཐའ་ཡང་ཁྱེད་རང་གི་གསེར་ལས་ལྷག་པའི་དུས་ཚོད་དེ་དོན་མེད་ཟད་གྲོན་དུ་མི་འགྲོ་བས་སོ་ཟེར།

དེབ་བརྒྱད་པ།

འདི་ནི《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》ལས་དེབ་བརྒྱད་པ་དེ་རེད། འདི་ཉིད་ཐོལ་རྩོམ་རེ་འགའ་དང་འབོལ་རྩོམ་ཁག་ཅིག་ཕྱོགས་བསྡུས་བྱས་ནས་གྲུབ་པའི་འབོལ་རྩོམ་དེབ་ཅིག་ཡིན་འདུག འདི་ལ་ཤོག་གྲངས༣༡༢ཡོད་ཅིང་། རྩོམ་ཡིག་མང་ཆེ་བའི་བརྗོད་བྱ་ནི་རྩོམ་རིག་དང་སྤྱི་ཚོགས་སྣང་ཚུལ་གྱི་སྐོར་རེད།

འདིའི་ནང་དུ་རྩོམ་ཡིག་ཐུང་ངུ་ཡོད་ལ་ཅུང་ཟད་རིང་བོའང་འདུག གཙོ་བོ་ནི་ཁོས་ཅི་ཞིག་བརྗོད་འདོད་པའམ་གང་ཞིག་ངེས་པར་བརྗོད་འོས་སུ་མཐོང་བ་རྣམས་ཐད་ཀ་ཐད་སོ་ནས་ལྷུག་པོར་བརྗོད་འདུག་ལ། ཁོས་བཤད་ན་སྔོན་མར་བྲིས་པའི་རྩོམ་རེ་འགའ་ནི་ཚིག་རིས་རྩུབ་ཅིང་། ཤར་རྒྱག་ཆེ་ལ། བཤད་མཁས་གཏམ་མཁས་བྱས་མེད་པར་མ་ཟད། ལྷག་པར་དུ་ལོ་ན་ཆུང་དུས་ཀྱི་རྩོམ་འགའ་ཞིག་ལས་ཀྱེ་མ་ཚིག་འདི་འདྲ་ནི་རྩུབ་དྲགས་སོ།། སྐད་ཆ་འདི་ལྟར་བཤད་པ་ལ་གནོད་པ་ལས་བཟང་མེད་དོ།། གནད་དོན་འདི་རིགས་ལ་ཟུར་གཅིག་ཁོ་ན་ནས་བལྟས་པ་ནི་ཨ་རེ་བླུན། ཚིག་དུམ་འདི་དེ་ལྟར་བཅའ་འོས་སོ།། ཐ་སྙད་དེ་གཏན་དུ་འདོར་རིགས་སོ་སྙམ་པའི་གནད་དོན་མང་བོ་རྙེད་པས། ཕན་ལས་གནོད་ཆེ་བའི་རིགས་སྤོང་སྒྱུར་དཀྲུག་གསུམ་བྱས་ཡོད་པ་དང་། ཕན་མེད་གནོད་མེད་ཀྱི་རིགས་ནི་སོར་བཞག།  ཕན་ངེས་ཅན་གྱི་ཚིག་དོན་རེ་འགའ་ཁ་སྣོན་བཅས་ཀྱང་བྱས་ཡོད་མོད།

ད་རུང་འདིའི་ནང་གི་རྩོམ་ཡིག་འགའ་ཞིག་གིས་རྩོད་པ་དང་བཤད་ཡམས་ཀྱི་རྡུལ་འཚུབ་མི་སློང་བའི་ངེས་པ་ཡང་མེད་པས། འདིར་ཀློག་མཁན་དག་གིས་བདེན་པའི་ཚིག་གང་སྨྲས་ལ་རྗེས་སུ་ཡི་རང་དང་ཁས་ལེན་ཁག་འཁུར་ཞུ་རྒྱུ་དང་། ཉེས་འདོགས་བརྙས་དམོད་ཀྱི་རིགས་རྣམས་བཟོད་པའི་དབྱིངས་སུ་བཟླུམ་རྒྱུའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

མཇུག་གི་གཏམ།

ཕྲན་གྱི་དཔེ་ཆ་དཔར་སྐྲུན་གྱི་ལས་ཀ་ཕལ་ཆེར་འགྲུབ་སོང་། ད་ནི་དེབ་ཚོམ་འདིས་ཁྱེད་ཀློག་མཁན་ལྷན་རྒྱས་ལ་སུན་པོ་འདྲ་མ་བཟོས་ན་དེ་ནི་ངའི་འཆར་གཞིའི་ཁྲོད་ཀྱི་གནས་ཚུལ་ཆེས་ལེགས་ཤོས་དེ་རེད།

ཡིན་ཡང་མཚམས་འདིར་སླེབས་དུས་ང་ལ་དོན་ཆེན་ཞིག་འགྲུབ་སོང་བའམ་རྒྱལ་ཁ་ཆེན་པོ་ཞིག་ལོན་སོང་བ་ལྟ་བུའི་སེམས་ཚོར་ཞིག་འདུག  སེམས་ཚོར་འདིའི་སྐུད་སྣེར་འཇུས་ཏེ་ཡར་སོང་ན། སྐྲ་འདབས་ཁ་བས་ཟོས་ཤིང་ཞལ་རས་གཉེར་མས་གཡོགས་པའི་ཕ་མ་གཉིས་ལ་ཐུག་ཅིང་། གལ་སྲིད་ངའི་ཕ་མ་གཉིས་མེད་ཚེ་ང་རང་ཡོད་པར་མི་འགྱུར་ལ། ང་མེད་ཚེ་ངའི་གྲུབ་འབྲས་འདི་དག་འབྱུང་བའི་གཞི་མེད་པས། ངའི་གྲུབ་འབྲས་འདི་ཚང་མ་མཐར་གཏུགས་ན་ངའི་ཕ་མ་གཉིས་ལ་དབང་ཞིང་། ཁོང་གཉིས་ཀྱི་ལྷག་བསམ་དང་དཀའ་སྡུག་གི་གཅེས་སྐྱོང་ལ་ཡོངས་སུ་འཐམ་ཡོད། དེ་ནས་ཕར་སོང་ཚེ་ཞལ་དང་སྐུ་གཟུགས། གསུང་འགྲོས་སོགས་ཡེ་ནས་མི་འདྲ་བའི་དགེ་རྒན་སྐོར་ཅིག་ལ་ཐུག་ཅིང་། ཁོང་ཚོའི་སྡུག་རུས་དང་ཤ་ཞེན་མེད་ཚེ་ངའི་ཁོག་གི་ཡོན་ཏན་འདི་དག་ཡོད་པར་མི་འགྱུར་ལ། དེ་མེད་ཚེ་རྩོམ་ཡིག་འདི་རྣམས་འབྱུང་བའི་ཁུངས་མེད་པས། ངའི་ཡིག་ཚོགས་འདི་རྣམས་ང་ལ་ཡིག་རིགས་དང་ཨང་རྩིས་སོགས་རིག་པའི་གནས་གང་ཞིག་ཁྲིད་སྟོན་བྱས་མྱོང་མཁན་གྱི་དགེ་རྒན་བཀའ་དྲིན་ཅན་དག་ལ་དབང་བ་ཡིན།

དེའི་ཕྱིར་ན་ཕ་མ་དང་དགེ་རྒན་ནི་རང་ལ་ཕྱི་དལ་འབྱོར་གྱི་ནོར་བུ་སྩོལ་མཁན་དང་ནང་ཡོན་ཏན་གྱི་དངོས་གྲུབ་འཇོ་མཁན་ཡིན་པས་འཇིག་རྟེན་ན་འདི་བས་དྲིན་ཆེན་མེད་ལ། མི་ཞིག་གི་མི་ཚེའི་རིན་ཐང་ཐམས་ཅད་འབྱུང་བའི་ཁུངས་ཀྱང་འདི་གཉིས་ལས་གཞན་མེད་པས་ན། འདིར་བཀའ་དྲིན་ཀུན་གྱི་མཐར་ཐུག་ནི་རང་གི་དྲིན་ཆེན་ཕ་མ་གཉིས་དང་ཁ་དྲིན་སྐུ་དྲིན་ཅན་གྱི་དགེ་རྒན་མཆིས་སོ་ཅོག་ལ་ཞུས་པར་མ་ཟད། རྣམ་པ་ཀུན་ཏུ་ཁོང་ཅག་གི་སྐུ་ཚེ་རྒྱལ་མཚན་ཡུན་རིང་དུ་བརྟན་པའི་སྨོན་ལམ་འདེབས་སོ།།

དེ་ནས་འབྲས་བུ་གང་ཞིག་ལྷང་ལ་བུད་པའི་ཚེ། དེ་སྨིན་པ་ལ་མངོན་དང་མི་མངོན་གྱི་རྒྱུ་རྐྱེན་རྟེན་འབྲེལ་མང་བོ་ཞིག་འཛོམས་ཡོད་པ་བཞིན། གྲུབ་འབྲས་འདིའི་ཕག་ནའང་རང་གིས་ཡི་གེ་མི་ཤེས་ཀྱང་ཡི་གེའི་ལས་ལ་གཅིག་ཏུ་དུངས་ཤིང་། དཀའ་བའི་ལས་ཅི་ཡོད་རང་གིས་བསྒྲུབས་ཏེ་དུས་ཀྱི་གོ་སྐབས་གང་ཡོད་ཕྲན་དང་བུ་ཕྲུག་ལ་སྩོལ་མཁན་ཆུང་མ་མཁའ་འགྲོ་མཚོ་ཡིས་མཚོན་པའི་ནང་མི་སྤུན་མཆེད་ཡོངས་དང་། དོན་འདིིའི་མགོ་རྔ་བར་གསུམ་ལ་སེམས་གསོ་དང་རྟིང་སྐུལ་རྒྱབ་སྐྱོར་མཚམས་མེད་དུ་གནང་བའི་གྲོགས་མཆོག་འཕྲིན་ལས་དང་གྲོགས་མཆོག་རྟམ་གོ་སོགས་ཀྱིས་མཚོན་པའི་མཆེད་གྲོགས་རྣམས་ལའང་བཀའ་དྲིན་ཡང་ཡང་ཞུས་པ་ལགས།

དེ་བཞིན་དུ་ཆུང་ངུ་ནས་ཐུགས་གཅེས་པས་སྙོར་མཁན་ཡུལ་དབུས་ལྷ་ས་དང་ལྷོ་ཁ། ཨ་མདོའི་ཟི་ལིང་དང་ཀན་ལྷོ། མཚོ་ནུབ་སོགས་སུ་ཡོད་པའི་བོད་ཀྱི་དུས་དེབ་དང་ཚགས་པར་རྩོམ་སྒྲིག་ཁང་རྣམས་དང་། མ་ཡིག་ཕབ་བཤུ་དང་ཉར་ཚགས་ལ་དཀའ་ལས་ཀྱི་རྔུལ་ཆུ་མང་དུ་བཏོན་མྱོང་བ་གཅེས་པའི་སྲུང་ཆུང་མཁའ་མོ་རྒྱལ་དང་གྲོགས་མཆོག་བསོད་ནམས་ཚེ་རིང་།  སྤུན་གྲོགས་གནམ་ལྷ་ཚེ་རིང་། ཡི་གེ་གཏག་སྒྲིག་གི་ངལ་བ་ཁྱད་དུ་བསད་དེ་ཕྱར་བ་གྲུ་འདེགས་ཀྱི་ལྷག་བསམ་འོད་དུ་བསྒྲོན་པའི་གྲོགས་མཆོག་ཁྱུང་དཀར་ཟླ་བ་དང་། མི་འགྱུར་མཛའ་བའི་ལྕགས་ཀྱུ་སྙིང་ལ་ཐེབས་པའི་གྲོགས་ཀྱི་དྭངས་མ་ཆུ་སྒྲོལ། དཔྲལ་བའི་མིག་དང་ཁོང་གི་སྙིང་བཞིན་གཅེས་པའི་བུ་མོ་རིན་ཆེན་མཚོ་དང་ལྕགས་མོ་རྒྱལ། བུ་ཆུང་གཡང་བྱམས་རྒྱལ་བཅས་དང་། མ་སྐུལ་དང་བླང་གི་ཆོད་སེམས་བརྟན་པོས་དེབ་ཕྲེང་འདིའི་རྩོམ་སྒྲིག་གི་ཁུར་ཆེན་ཕྲག་ཏུ་བཞེས་མཁན་གནའ་དེང་རིག་གནས་ཀུན་ལ་འཇུག་པ་ཡངས་པའི་གྲོགས་པོ་མཁྱེན་དཔྱོད་ཅན་ཁྲི་བསོད་བསྟན་མཆོག དེབ་ཀྱི་ཕྱི་ཤོག་ཇུས་འགོད་ལ་རམ་འདེགས་གནང་མཁན་བོད་ཀྱི་གཞས་གདངས་རྩོམ་མཁན་རི་རྩའི་དཀའ་ཐུབ་རྒྱལ་དང་གླུ་བ་སྐད་གྲགས་ཅན་རི་སྤྱང་ཤ་བོ་ཚེ་རིང་། མཛེས་རིས་འབྲི་བཞེངས་ཀྱི་བཀའ་དྲིན་སྐྱོང་མཁན་ཡུལ་རེབ་གོང་གི་རི་མོ་སྒྱུ་རྩལ་པ་རྒྱལ་བུ་ནོར་བྷེ། ཕྱི་ཤོག་མཛེས་བཟོ་བ་རིག་པའི་ནོར་བུ་དར་གྲོང་སྤྱི་འདུལ་རྒྱལ། དེ་ནས་རྩོམ་ཡིག་ཡོད་ཚད་ལ་ཞུ་དག་གནང་མཁན་བོད་ཀྱི་བུད་མེད་རྩོམ་པ་པོ་རྒན་འཆི་མེད་ལགས་དང་། མི་རིགས་རིག་གནས་ལ་བློ་སེམས་གཅིག་ཏུ་དཀར་ཞིང་རྣམ་དཔྱོད་མཆོག་ཏུ་དགེ་བའི་གྲོགས་ཀྱི་ཐུ་བོ་པ་ཐུར་སངས་རྒྱས་རྒྱ་མཚོ་སོགས་འབྲེལ་ཐོགས་སྐྱེ་བོ་ཀུན་ལ་ཚིག་གཅིག་དབྱངས་གཅིག་གིས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། འདིར་འབད་དགེ་བའི་འབྲས་བུ་གང་ཡོད་བོད་རང་གི་སྐད་ཡིག་འདི་ཉིད་མི་ཉམས་གོང་དུ་འཕེལ་བའི་མཐུན་རྐྱེན་དང་། གསར་སྐྱེས་ལོ་ཆུང་རྣམས་རང་གི་སྐད་ཡིག་དང་རྩོམ་འབྲིའི་ལས་ལ་དགའ་བ་བསྐྱེད་པའི་གཡབ་མོར་འགྱུར་བའི་སྨོན་ལམ་ལན་བརྒྱར་འདེབས་པ་ལགས་སོ།།

                           སྨྲས་པ།

འདི་ནི་མཁས་པས་མ་ལགས་ཏེ།།

འདི་ཉིད་བཙུན་པ་ཡིས་ཀྱང་མིན།།

གང་ཞིག་རང་ཉིད་སོང་བའི་ཤུལ།།

ཀུན་ལ་རི་མོར་བཀྲམ་པ་ལགས།།

 

འཛུམ་པའི་མདངས་ཀྱིས་བསྟད་ཀྱང་ཆོག།

ཁྲོ་བའི་མིག་གིས་གཤེ་ཡང་རུང་།།

གང་ཞིག་ཡིད་ཀྱི་རི་མོ་དག།

ཡག་ཀྱང་ཉེས་ཀྱང་འདི་ཀོ་ཉིད།།

 

ཕ་སྐད་གསེར་གྱི་ཀ་བ་ལ།།

འཇག་མའི་ལྷན་པ་ཙམ་ཡོང་ན།།

ཆུང་ནས་འདྲིས་པའི་རེ་བ་དག།

སེམས་ཀྱི་ཕུགས་ནས་རྫོགས་པ་ཡིན།།

 

བྱིས་པའི་བཞིན་ལ་འཛུམ་དཀར་གྱི།།

གཉེར་རིས་ཤར་ཤུར་འགོད་པ་འམ།།

སུན་པའི་གཡའ་ཙམ་སེལ་ནུས་ན།།

རེ་བའི་རྨི་ལམ་གྲུབ་པ་འོ།།

 

ཉེས་པའི་ཆ་རྣམས་དབྱིངས་སུ་འཆགས།།

མཐུན་པའི་འོད་རྣམས་རྒྱན་དུ་བསྔོ།།

འདི་ནས་སྐྱེ་བ་ཕྲེང་བརྒྱུད་དུ།།

ཀ་ཁའི་དཔལ་དང་འགྲོགས་པར་ཤོག།

ཅེས་རྩོམ་པ་པོས། ཕྱི་ལོ༢༠༡༩ལོའི་ཟླ༡པར་རེབ་གོང་ནས།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

ཁྱུང་བཟང་། དངོས་མིང་ལ་ཀུན་བཟང་ཚེ་རིང་ཟེར།  1974ལོའི་ཟླ3པར་ཡུལ་རེབ་གོང་གི་ནང་ཚན་སྨད་པ་ཁྱུང་བོ་རུ་སྐྱེས།  1995ལོའི་ཟླ7པར་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་ཁྱུང་བོ་སོགས་སུ་དགེ་རྒན་བྱས།  2001ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སློབ་མཐར་ཕྱིན།  ད་ལྟ་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པ་རུ་དགེ་རྒན་གྱི་བྱ་བ་སྒྲུབ་ཀྱིན་ཡོད།  རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

ཆུང་དུས་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ཏེ་ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་ཚགས་དྲ་དེབ་གསུམ་དུ་ལྷུག་རྩོམ་དང་སྙན་ངག  འབོལ་རྩོམ་སོགས་ཀྱིས་གཙོས་པའི་བརྩམས་ཆོས་མང་དུ་བཀོད་པར་མ་ཟད།  སྦྲང་ཆར་སྨྱུག་གསར་བྱ་དགའ་དང་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགས་མཚོན་པའི་ཞིང་ཆེན་རིམ་པའི་བྱ་དགའ་ཡང་ཐེངས་ཁ་ཤས་ཐོབ་མྱོང་།  སློབ་གསོའི་ཐད་ནས་ཀྱང2006ལོ་དང2014ལོ།  2017ལོར་རེབ་གོང་རྫོང་གི་ཕུལ་བྱུང་དགེ་རྒན་དང་།  2008ལོར་རྨ་ལྷོ་ཁུལ“SOHO ཀྲུང་གོ”ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པར་མ་ཟད།  དཔྱད་རྩོམ་འགའ་ཞིག་ལ་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མྱོང་།

2000ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་བཀོད་སྒྲིག་ཆོག་མཆན་འོག་བསྒྲིགས་པའི་ཕ་ཡུལ་སློབ་དེབ《རེབ་གོང་སྒྱུ་རྩལ་ཞེས་བྱ་བའི་ཕ་ཕོག་རིན་ཆེན་བང་མཛོད》ཅེས་པ་ལས།  ལེའུ་བཞི་བ་ཡུལ་རེབ་གོང་གི་ཟློས་གར་དང་།  ལེའུ་ལྔ་བ་ཡུལ་རེབ་གོང་གི་རོལ་དབྱངས།  ལེའུ་དྲུག་པ་ཡུལ་རེབ་གོང་གི་ཞབས་བྲོ་བཅས་ལེའུ་གསུམ་སྟེ་ས་བཅད་བཅུ་གསུམ་གྱི་གཞུང་དོན་ཡན་ལག་དང་བཅས་པ་རྩོམ་སྒྲིག་བྱས་པ་དང་།  2005ལོར་ཨ་རི་འཚོ་བྱེད་ཐེབས་རྩ་ཚོགས་པའི་སློབ་གསོའི་ལས་གཞིའི་རྣམ་གྲངས《རེབ་གོང་ལོ་ཆུང་སློབ་མའི་ཀློག་དེབ》རྩོམ་སྒྲིག་གི་བྱ་བའི་ཁྲོད།  བོད་ཁམས་སྤྱིའི་སྐོར་ལས་ལེའུ་ལྔ་བ་དམངས་ཁྲོད་རྩོམ་རིག་དང་།  བྱེ་བྲག་རེབ་གོང་གི་སྐོར་ལས་དམངས་ཁྲོད་རིག་རྩལ་གྱི་སྐོར་རྩོམ་འབྲི་བྱས།  དེ་རྗེས2008ལོར་རེབ་གོང་རྫོང་སློབ་གསོ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག་བསྒྲིགས་པའི་སློབ་མའི་ཀློག་དེབ《རེབ་གོང་ལོ་ཆུང་སློབ་མའི་གཅེས་ནོར》ཞེས་པ་ལས་སྡེ་ཚན་དང་པོ་སྒྱུ་རྩལ་གྱི་སྐོར་ཏེ།  དང་པོ་ངག་ཐོག་རྩོམ་རིག་སྒྱུ་རྩལ་དང་།  གཉིས་པ་མཛེས་རིས་སྒྱུ་རྩལ།  གསུམ་པ་ཨར་ལས་སྒྱུ་རྩལ།  བཞི་བ་འཐག་ལས་སྒྱུ་རྩལ།  ལྔ་བ་གྱོན་ཆས་སྒྱུ་རྩལ།  དྲུག་པ་གཡོས་སྦྱོར་སྒྱུ་རྩལ་བཅས་ཀྱི་ནང་དོན་རྩོམ་སྒྲིག་བགྱིས་པར་མ་ཟད།  ད་ལྟ་ཡང་དཔེ་ཁྲིད་མི་སྐྱོང་གི་བྱ་བའི་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་རྒྱུན་མུ་མཐུད་དུ་སྐྱོང་བཞིན་ཡོད་དོ།།

དགེ་བའི་བཤེས་གཉེན་དང་། རྩོམ་གྲོགས། དགེ་གྲོགས། ནང་མི་དག་གི་ཤིས་ཚིག

ལྷན་སྐྱེས་རྣམ་དཔྱོད་ཉི་འོད་འབར་བའི་གཟིས།།

སྦྱང་སྟོབས་སྟེང་འཐུང་འདབ་མ་ཡོངས་སུ་བཞད།།

གུས་རྟག་བརྩོན་པའི་བསུང་ཞིམ་ཀུན་ཏུ་འཐུལ།།

ཤེས་ལྡན་བོང་བ་དགྱེས་པའི་གསོས་སུ་སྨིན།།

སྡེབ་ལེགས་སྙན་ངག་ཚིག་གི་མཛའ་ན་མོ།།

དོན་ལྡན་གཏམ་གྱི་གཞོན་ནུར་བག་མར་བྱིན།།

སྲོལ་རྒྱུན་ཁ་བ་རི་བོ་འཁོར་ཡུག་ན།།

རང་མོས་ཁྱེའུ་བུ་མོས་རྩེད་འཇོ་རོལ།།

མ་རིག་མུན་པ་སེལ་ལ་ཉི་མའི་འོད།།

གཏི་མུག་གཉིད་ལས་སློང་བར་སྐྱེ་ལྔའི་དབྱངས།།

ཐབས་ཤེས་ཟད་མེད་ནོར་བུའི་བང་མཛོད་ཆེ།།

ལུགས་གཉིས་བླང་དོར་གསལ་བའི་མེ་ལོང་ཡིན།།

ལྷག་བསམ་དོན་ཡོད་འཕྲུལ་གྱི་ཞགས་པ་ཡིས།།

ལྔ་རིག་དྲི་ཟའི་བུ་མོ་ཡིད་འཕྲོག་མ།།

གྲོགས་སུ་ཐོབ་པའི་མི་དབང་ནོར་བཟང་རྗེ།།

ཟླ་བོར་འོས་ཀྱི་གཞན་ལ་དམིགས་སུ་མེད།།

བཀྲ་ཤིས་གྲངས་ཀྱིས་མཚོན་པའི་པུ་ཏི་ཀ།

མི་ཤེས་རྨོངས་པའི་དགྲ་ལ་མཚོན་ཆའི་ཁ།།

ཉོན་མོངས་ནད་ཀྱི་གཉེན་པོ་བྱི་ཏང་ག།

ཡིན་ཞེས་སྨྲ་བ་གངས་ཅན་བོད་པ་ང་།།

བཀྲ་ཤིས་མཛད་བཟང་སྣང་བའི་ས་སྟེང་ཁྱབ།།

བཀྲ་ཤིས་བདེ་ལེགས་དཔལ་གྱིས་མངོན་པར་མཛེས།།

བཀྲ་ཤིས་ཕུན་ཚོགས་སྡེ་བཞི་གཡང་དུ་འཁྱིལ།།

བཀྲ་ཤིས་དཔལ་ལ་རོལ་བའི་རྟེན་འབྲེལ་ཞུ།།

ཞེས་སྨྲ་མཁས་དཔྱོད་ལྡན་བློ་གྲོས་ནོར་གྱིས་ཕྱུག་པའི་གྲོགས་པོ་དམ་པ་ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་གྲངས་བརྒྱད་ཡོངས་སུ་འགྲུབ་པར་བཀྲ་ཤིས་སྨོན་འདུན་དུ་བོན་བརྒྱ་བསྟན་པའི་ཉི་མ་ནས།

 

  ནམ་མཁའ་ལྡིང་གི་རིགས་ལས་ཁྱུ༵ང་དཀར་གྱི། །

ཚངས་པ་དཀར་པོའི་རྒྱུད་འཛིན་རིག་པའི་མཆོག །

བཟ༵ང་དགུའི་ཡོན་ཏན་ལྷུན་ཆགས་གང་དེ་ཡི། །

རྩོམ་རིག་མེ་ཏོག་གསར་བས་ཀུན་ཡིད་འཕྲོག །

 

མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ། །

སྦྱངས་པ་སྔོན་བཏང་མཛད་རྗེས་རྨད་བྱུང་བ། །

མཁས་རྒུའི་སྙན་པ་འཕྲོག་པའི་རིག་བྱེད་དེབ། །

རྟགས་བརྒྱད་རྩེར་ཆིབས་དོན་བཟང་བཅུད་དུ་སྨིན། །

 

འདི་ལྟའི་མཛད་ཕྲིན་གླིང་བཞིར་གསལ་བྱེད་ཀྱི། །

འཕྲུལ་ཡིག་བཞི་བཅུའི་རང་སྒྲ་སྙན་ཚིག་ཕྲེང་། །

བསྐལ་པའི་མཐར་ཡང་མི་ཉམས་གོང་འཕེལ་ཏེ། །

ས་མཐོའི་ཨུཏྤལ་བཞད་པའི་རྒྱན་དུ་ཤོག །

    ཅེས་པ་འདི་ཡང་རྩོམ་པ་པོ་ཁྱུང་བཟང་ལགས་ཀྱི་སྙན་རྩོམ་དེབ་བརྒྱད་པར་བསྐྲུན་ལེགས་འགྲུབ་བྱུང་བའི་བཀྲ་ཤིས་རི་མོའི་དོད་ཙམ་དུ། གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་ཕུལ་བའོ།། 

ཤིས་ཚིག་ལྷག་བསམ་རབ་དཀར།

–གྲོགས་པོ་ཁྱུང་བཟང་གི་གསར་རྩོམ་དཔེ་ཚོགས་པར་སྐྲུན་བྱས་པར་ཕུལ།

མི་གཤིས་རང་བཞིན་ལྷད་མེད་གསེར་ལ་བྱས།།

གཞན་ཕན་མཛད་འཕྲིན་དྲི་བསུང་ཕྱོགས་སུ་འཐུལ།།

སློབ་ཚོགས་རྒྱུ་སྐར་དབུས་ན་དུང་ཟླ་ལྟར།།

གསལ་ཞིང་འཚེར་བའི་གྲོགས་ཁྱོད་ལྷ་ཡིས་སྲུངས།།

 

གང་ཁྱོད་བློ་གྲོས་ཕ་མཐའ་ཡས་པའི་གཞིར།།

རྩོམ་རིག་པད་ཚལ་འདབ་སྟོང་གྲོལ་བ་ལ།།

འདི་ན་རྟགས་བརྒྱད་རེ་ཁ་མ་རྙིང་བའི།།

བཀྲ་ཤིས་ལྷ་དར་དགུང་སྔོན་དབྱིངས་ནས་འབུལ།།

 

སླད་ཀྱང་རབ་དཀར་ཤོག་བུའི་ཐང་ཆེན་དུ།།

བརྩོན་འགྲུས་སྨྱུ་གུའི་རྟ་ཕོ་རབ་བསྐུལ་ཏེ།།

གསར་རྩོམ་བང་རྩལ་ལྷོད་པ་མེད་པའི་ངང་།།

ཡངས་པོའི་ས་ཆེན་གཅོད་པའི་རྟེན་འབྲེལ་ཞུ།།

ཀླུ་ཚང་སྨྱུག་རྩེན་ནས།  ༢༠༡༩ ལོའི་ཟླ ༡ པའི་ཚེས ༧ ཉིན། 

རྒྱང་ནས་ཕུལ་བའི་ཤིས་ཚིག

གཙུག་ལག་ཟབ་མོ་གསེར་གྱི་གཞི་ལས་འཁྲུངས།།

སྙན་པའི་རིག་བྱེད་འབུམ་གྱི་ཁོ་ལག་རྫོགས།།

དགུ་འདུས་ཆུ་བོས་བསྐྱེད་པའི་ཛམྦུའི་ལྗོན།།

འབྲས་བུའི་ཁུར་གྱིས་ལྕི་ལ་སུ་ཡང་དགའ།།

 

འདི་ནི་བསུབ་ཐབས་བྲལ་བའི་རི་མོ་སྟེ།།

མི་རུ་སྐྱེས་པའི་དཔང་རྟགས་དཀར་པོ་ཡིན།།

འདི་ནི་སྙིང་ལ་སིམ་པའི་རོལ་དབྱངས་ཏེ།།

བདེན་པ་ཁོ་ནས་གྱེར་བའི་གླུ་སྐད་ཅིག།

 

མདོ་སྨད་གསེར་ལྗོངས་ས་ཡི་དཀྱིལ་འཁོར་དུ།།

མེ་ལྕེ་ཕྱོགས་སུ་མཆེད་པའི་རྟེན་འབྲེལ་ཡོད།།

བཀྲ་ཤིས་གྲངས་ཀྱིས་སྤ་བའི་གཟི་མཆོག་འདི།།

གངས་རིའི་མགུལ་བ་མཛེས་པའི་རྒྱན་གྱུར་ཅིག།

  ཅེས་པ་འདི་ནི་ཕ་ཡུལ་གཅིག་པའི་གྲོགས་པོ་ཁྱུང་བཟང་ལགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་ཕྲེང་བརྒྱད་ཀྱི་བདག་ཉིད་ཅན་པར་དུ་བསྐྲུན་པ་མཐོང་བས། སེམས་ཁོང་ལ་དགའ་ཚོར་སྟོང་གིས་འཁྱུད་བཞིན་རྟེན་འབྲེལ་གྱི་ལྷ་དར་དཀར་པོ་ཞིག་གི་ཚབ་ཏུ་གྲོང་ཁྱེར་པདྨ་ཅན་ནས་ལྡོང་ཆུ་ཤེལ་གྱིས་ཕུལ་བ་དགེ། 2019.1.8

 

ཤེལ་དཀར་མེ་ལོང་དྭངས་མའི་ངོགས་སུ་མ་བཅོས་གཉུག་མའི་གཤིས་བབས་ཏེ།།

འཚོ་བའི་ལང་ཚོར་སྨིན་པའི་འབྲས་བུ་ཡལ་མེད་སེམས་ཀྱི་འགྱུར་ཁུག་གང་།།

ཟབ་བརླིང་སྨྲ་ཉུང་ཐོས་པའི་མཛོད་འཛིན་གཙུག་ལག་ཀློང་ལས་ཉེར་སྦྲུམ་པའི།།

དབྱངས་གསལ་སོ་བཞིའི་རི་མོ་རེ་རེས་འོད་ཀྱི་ཉག་མ་རེ་རེ་སྩོལ།།

—འཆི་མེད་ཀྱིས།

ཤིས་ཚིག

དབྱངས་ཀྱི་མེ་ཏོག་ངག་ལ་ཐོར་བ་ཡི།།

ཡི་རང་བྱ་འོས་རིག་བྱེད་བདུད་རྩིའི་བཅུད།།

བཅུད་དུ་འཁྱིལ་བའི་སྣ་མང་ཤེས་བྱའི་ཚོམ།།

ཚོམ་དུ་བསྒྲིགས་པའི་དེབ་ཚོགས་འདི་རྨད་བྱུང་།།

ཞེས་གྲོགས་རྩོམ་པ་པོ་ཁྱུང་བཟང་ལགས་ཀྱི་དེབ་ཚོགས་སྒོར་བཏོན་པར་རྟེན་འབྲེལ་སྙིང་ནས་ཞུ་ཞུ། རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་ཕུལ།

ལེགས་སོའི་འཕྲིན་པ།

— རྩོམ་པ་པོ་གྲགས་ཅན་དགེ་རྒན་ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས་པར་དུ་བསྐྲུན་པར་ཕུལ་བ།

བསམ་བློའི་ན་ཚོད་ཁད་ཀྱིས་ཁད་ཀྱིས་སྨིན།།

རྣམ་འབྱེད་ཤེས་རབ་རིམ་བཞིན་རིམ་བཞིན་རྒྱས།།

སྨྱུ་གུའི་རྩེད་འཇོ་ཀུན་རྟོག་དབྱིངས་ནས་འཕྲོས།།

རིགས་མཐུན་འགྲོ་ལ་༼སྐྱ་རེངས་སྙིང་གཏམ༽ ་མོལ།།

 

ནེའུ་གསིང་གཞི་ལ་སྣ་བརྒྱའི་མེ་ཏོག་བཀྲ།།

དཀར་གསུམ་འཚོ་བ་ལྷ་ཡུལ་བཞིན་དུ་དར།།

སྦྲ་ནག་འདབས་ན་བདག་པོའི་ངོ་སྐལ་སྲུང་།།

༼འབྲོག་ཁྱི་ཞིག་གི་གཏམ་རྒྱུད༽་དག་མ་གླེང་། །

 

དྲན་རྟོག་ཚོར་བ་ངག་ཚིག་ཕྲེང་བར་བརྒྱུས།།

དགའ་སྐྱོ་ཆགས་སྡང་ཉམས་དགུའི་དཔལ་དུ་དྲངས།།

བརྗོད་བྱ་དོན་ཟབ་རྗོད་བྱེད་མཛེས་པས་བརྒྱན།།

ཐུན་མིན་བསམ་བློ་༼དྲན་པའི་སྒྲོམ༽་དུ་སྤུངས།།

 

གནའ་བོའི་རྩོམ་རིག་ལྟ་བའི་སྲོག་དབང་ལྡན།།

དེང་རབས་རྩོམ་པའི་སྒྱུ་རྩལ་ཉམས་ཀྱིས་ཕྱུག།

གནའ་དེང་མཁས་པའི་རྩོམ་ལ་གོམས་པ་ཡི།།

༼ངག་གི་ལང་ཚོ༽་རྫོགས་པས་གཞན་ཡིད་འགུགས།།

 

མི་རིགས་རང་གི་འཚོ་བའི་བདེ་སྡུག་དང་།།

མི་རབས་རེ་རེའི་བསམ་བློའི་འདུ་ཤེས་སོགས།།

མི་འདྲ་ཐ་དད་རྗོད་པའི་མགྲིན་ཚབ་པ།།

༼ཅོ་གའི་དྲུག་འགྱུར༽་རྣ་བའི་གསོས་སུ་སྙན།།

 

གནམ་གཤིས་དྲོད་གྲང་འགྱུར་བ་ཡོད་པ་བཞིན།།

དུས་རབས་རིམ་བཞིན་འགྱུར་ན་ཆོག་མོད་ཀྱང་།།

མར་དྲི་རྩམ་དྲིས་ཁྱབ་པའི་གངས་དཀར་པོ།།

མི་འགྱུར་༼རྡོ་བའི་སྨྲ་བརྗོད༽་བརྟན་ཞིང་བརླིང་།།

 

དངོས་དང་བཏགས་པའི་བྱུང་བ་རྟོག་པས་བསྒྲིགས།།

སྐྱིད་དང་སྡུག་གི་གཏམ་རྒྱུད་ཚོར་བས་སྦྱར།།

མཐའ་རུ་གཏུགས་ན་ཡོང་དང་འགྲོ་མཁན་ཏེ།།

རང་ཉིད་༼ཁེར་རྐྱང་སྒྲུང༽་གི་སྣང་བརྙན་བཞེངས།།

 

ཕ་སྐད་དག་མའི་སྲོལ་འཛིན་ཡིན་པའི་རྟགས།།

ཕ་ཡིག་རྣལ་མའི་རྒྱུན་འཛིན་ཡིན་པའི་རྟགས།།

ཕ་བཟང་བུ་ཡི་བསམ་བློ་དྭངས་གཙང་དེས།།

ཕ་ཡུལ་༼ལ་བཤད་ལུང་བཤད་༽ འདི་རྨད་བྱུང་།།

ཞེས་གདོང་བཙུན་རྒྱ་ཐར་གྱིས་ཁམས་ཉག་རོང་དུ། 2019/1/9 ཉིན་སྤྲོ་བས་སྦྱར།

 

བོད་ཀྱི་དེང་རབས་རྩོམ་པ་པོའི་ཁྲོད་དུ། ཁྱུང་བཟང་ལགས་ནི་གདན་ཐོབ་ངེས་ཅན་ཡོད་པའི་རྩོམ་པ་པོ་ཞིག་ཡིན་པ་ཀུན་གྱིས་ཁས་འཆེས་ལ། ལྷག་པར། ཁོ་བོའི་བསམ་ཚོད་ལ་ཁྱུང་བཟང་ལགས་ནི་མི་གཤིས་དང་རྩོམ་གཤིས་གཉིས་དོ་མཉམ་ཞིང་། བརྩམས་ཆོས་ཀྱི་གྲངས་ཀ་དང་སྤུས་ཀ་གཉིས་ཀྱང་དོ་མཉམ་པ་ཞིག་ཏུ་མཐོང་།

ཕྱིར་འདང་ཞིག་བརྒྱབ་ཚེ། ང་དང་ང་འདྲ་བ་དག་གསར་རྩོམ་ལ་འཇུག་པའི་བརྒྱུད་རིམ་ཁྲོད་ཁོའི་བརྩམས་ཆོས་ཀྱིས་བག་ཆགས་མ་བཞག་པའམ་ཤུགས་རྐྱེན་མ་ཐེབས་པ་ཞིག་ཏན་ཏན་ཡོད་མི་སྲིད། ཁོའི་བརྩམས་ཆོས་གང་ལ་མཚོན་ནའང་། ཚིག་གི་ལྡེམ་དགོངས་སྐྱེན་ཅིང་། དོན་གྱི་རོ་བྲོ་མངར་བ། ཁམས་ཀྱི་མཐོང་ཡངས་ལ། རྟོག་པའི་ལྗོངས་གསལ་བ་ཤ་སྟག་ཏུ་འཁུམས་པས། ཀློག་པ་པོ་རྣམ་པའི་སེམས་ཀྱི་གསོས་མཆོག་ཅིག་ཏུ་འགྱུར་ངེས་པ་སྨོས་ཅི་ལ་དགོས།

རེད་དེ། སྔོན་ཆད། ངས་གཏམ་འདི་འདྲ་ཞིག་ཐོས་མྱོང་སྟེ། དགེ་བཤེས་ཆེ་གེ་མོ་ཞིག་གིས་ཁོས་བྲིས་པའི་ལྷུག་རྩོམ‘ཉིན་གཅིག་གི་སྦྱིན་པ’ཞེས་པ་བཀླགས་རྗེས་ཐུགས་ཞུམ་ནས་ཡུན་རིང་ཞིག་ལ་ངུས་བྱུང་བར་སྨྲ་ལ། དེའི་རྗེས་ནས་རྟག་པར་དགེ་ཕྲུག་ཚོར་དཔེ་ཁྲིད་གནང་དུས། ཁྱེད་ཅག་གིས་རྩོམ་བྲི་ཚེ་ཁྱུང་བཟང་གི་ལྷུག་རྩོམ‘ཉིན་གཅིག་གི་སྦྱིན་པ’ལྟ་བུ་ཕྲིས་དང་། དེ་འདྲ་བྲིས་ཚེ་དཔེ་མེད་ཡག་པོ་རེད་ཅེས་གསུང་བཞིན་འདུག་སྐད། དཔེར་མཚོན་འདི་ཁོ་ནས་ཆོག་སྟེ། ད་ནི་མང་པོ་ཞིག་གླེང་ཅི་ལ་དགོས་ཨང་།

ད་རེས། ཁོས་པོད་བརྒྱད་ཀྱི་བདག་ཉིད་ཅན་གྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་ཤིག་པར་དུ་བསྐྲུན་པ་འདི་ནི་མི་སྒེར་གྱི་ངོས་ཐད་ནས་བཤད་ན་ད་སྔར་བོད་ཀྱི་རྩོམ་སྟེགས་སུ་བྱུང་མ་མྱོང་བའི་འབྲས་བུ་གཏོས་ཆེ་བ་ཞིག་རེད་ལ། ངས་ནི་སྣང་ཚུལ་འདི་ལ་མི་སྒེར་གྱི་ངོས་ཐད་ནས་བོད་ཀྱི་རྩོམ་པ་པོའི་གསར་རྩོམ་སྤུས་ལེགས་པར་བསྐྲུན་གྱི་ཅི་ཉི་སིའི་ཟིན་ཐོ་བརྒལ་བ་རེད་ཅེས་བརྗོད་འདོད་དོ།།  བཀྲ་ཤིས་བདེ་ལེགས།

ཞེས་ཤིས་ཚིག་ཅིག་གི་དོད་དུ་པིར་མིང་ལ་ཁུ་བྱུག་སྔོན་མོར་འབོད་པས་སྦྱར།

ཤིས་ཚིག

པེ་ཏའོ་ཡིས“ང་རང་སྨྲ་བ་བསྡམས་ནས་འདུག་རྒྱུར་གོམས་ཤིང་། རང་ཉིད་ཀྱི་བརྩམས་ཆོས་ཁོ་ན་བརྒྱུད་ནས་སྐད་ཆ་བཤད་འདོད”ཅེས་པ་ནང་བཞིན། རྩོམ་པ་པོ་ཁྱུང་བཟང་ལགས་ནི་དུས་རྒྱུན་རང་གི་སྨྲ་བ་བསྡམས་ནས་བརྩམས་ཆོས་ཀྱིས་སྐད་ཆ་སྨྲ་མཁན་ཞིག་ཡིན་པས། ཁོའི་རྩོམ་གཤིས་ནི་ཁོའི་མི་གཤིས་དང་འདྲ་བར་བརྗོད་དོན་གཏིང་ཟབ་ཅིང་། མཛེས་སྡུག་དང་བབ་ཆགས། བདེན་དྲང་དང་ཟོལ་མེད་ཀྱིས་ཁྱབ་ཡོད་ལ། ཁུ་སིམ་ཞིང་སྐྱོ་ཤས་ཀྱིས་བཟུང་ཡོད་ནའང་སེམས་ཁོང་གི་ཚོར་སྣང་དང་ཕྱིར་རྟོག་གི་བློ་མིག་ནི་རྒྱ་ཆེ་བའི་བསམ་གཞིག་གིས་ཁྱོག་ཡོད་དེ། ང་ཚོའི་ཉེ་འཁོར་གྱི་སོ་སྐྱེས་ཕལ་བ་ཚོས་རྟག་ཏུ་ཟང་ཟིང་གི་འཇིག་རྟེན་འདིར་རང་ཉིད་ཀྱིས་བདེ་སྐྱིད་དུ་རློམ་གྱིན་པ་དེ་ཉིད་འཐོབ་པར་གཞན་ལ་སྤྲེལ་ལད་དང་ངོ་སོ་བྱེད་པར་གོམས་ཀྱང་། རྩོམ་པ་པོ་ཁྱུང་བཟང་ནི་ཟང་ཟིང་གི་འདི་སྣང་དང་རྒྱང་དུ་བཀྱེད་དེ་རང་ཉིད་ཀྱི་འཇིག་རྟེན་ནམ་རྩོམ་རིག་གི་ལམ་ཁ་ནས། ཁོ་གཅིག་པུས་ཁེར་རྐྱང་དང་ལྷིང་འཇགས་ཉམས་སུ་ལེན་སྟངས་དེ་ནི་ཇི་འདྲའི་མཛེས་སྡུག་གི་ཁམས་གཙང་མ་ཞིག་རེད་ཨང་། པོད་བརྒྱད་ཅན་གྱི་བདག་ཉིད་ཀྱིས་གྲུབ་པའི་བརྩམས་ཆོས་ཕྱོགས་བསྒྲིགས་འདི་ནི་ཁོའི་མི་ལོ་བཞི་བཅུའི་ལོ་དང་ཟླ་ལ་བསགས་པའི་འདུ་ཚོར་གྱི་ཉིང་ཁུ་ལགས་ན། བདག་གིས་སྙིང་ཁོང་རུས་པའི་སྟེང་ནས་རྟེན་འབྲེལ་ཞུའོ།།

ས་དཀྱིལ་ཚེ་བཀྲས། ༢༠༡༩ ལོའི་ཟླ ༡ པོའི་ཚེས ༩ ཉིན།

 

གྲོགས་ཁྱུང་བཟང་གིས་གནའ་ནས་ད་ལྟའི་བར་དུ་གསར་རྩོམ་གྱི་འདུན་པ་མ་ལྷོད་པར་ཐེངས་འདིར་རང་ཉིད་ཀྱི་བརྩམས་ཆོས་ཀུན་ཕྱོགས་གཅིག་ཏུ་བསྒྲིགས་ནས་གངས་ཅན་བོད་ཡུལ་གྱི་ཀློག་པ་པོ་ཚང་མའི་སྤྱན་ལམ་དུ་ཕུལ་བར་ལག་ཟུང་ཐལ་མོ་སྦྱར་ཏེ་རྟེན་འབྲེལ་ཞུ།

 མར་ཁུ་རྒྱལ་མཚན་གྱིས་ཟླ་ཚེས་བཟང་པོར་ཕུལ།

ཤིས་ཚིག

ང་རང་རྨ་ལྷོ་དགེ་ཐོན་སློབ་གྲྭ་ན་ཡོད་དུས། ཁྱུང་བཟང་ནི་སློབ་རའི་རྩོམ་པ་པོ་སྙན་གྲགས་ཅན་ཞིག་སྟེ། ནམ་རྒྱུན《གངས་རྒྱན་ན་ཆུང་ཚགས་པར》སོགས་ལས་ཁོའི་རྩོམ་ཡིག་མང་པོ་གཅིག་འཕྲོ་གཅིག་ལ་ཐོན་པས། བདག་ནི་ཁོའི་རྩོམ་ཡིག་རེ་རེ་ཞིབ་ཚགས་དང་སྤྲོ་སྣང་གིས་ཀློག་མཁན་ཁྲོད་ཀྱི་གཅིག་ཡིན་ཞེས་བཤད་ཆོག  ཕྱིས་སློབ་མཐར་ཕྱིན་རྗེས་ཁོང་ནི་བོད་ཁམས་ཀྱི་རྩོམ་པ་པོ་སྙན་གྲགས་ཅན་ཞིག་སྟེ།  ནམ་རྒྱུན《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》སོགས་བོད་ཁུལ་གྱི་དུས་དེབ་མང་པོ་ལས་ཁོའི་སྙན་ངག་དང་ལྷུག་རྩོམ་མང་པོ་ཐོན་པས། མུ་མཐུད་ཁོང་གི་རྩོམ་ཡིག་རེ་རེ་ཞིབ་ཀྱིས་བཀླགས་པའི་སྐལ་བ་ལྡན་པར་གྱུར། ལྷག་པར་དུ་ཁོའི་ལྷུག་རྩོམ《ཉིན་གཅིག་གི་སྦྱིན་པ》དང《འབྲོག་ཁྱུ་ཞིག་གི་གཏམ་རྒྱུད》(སྐབས་གཉིས་པའི《སྦྲང་ཆར》རྩོམ་རིག་བྱ་དགའ་ཐོབ) སོགས་བརྩམས་ཆོས་སྐོར་ཞིག་གིས་བདག་གི་ཡིད་སེམས་རྨང་ནས་བཀུགས་མྱོང་། དེའི་རྗེས་ཁོའི《དྲན་པའི་སྒྲོམ》སོགས་གཅིག་ལས་གཅིག་རྣོ་ཞིང་གཅིག་ལས་གཅིག་ལེགས་པའི་སློབ་གསོ་དང་འབྲེལ་བའི་དྲ་རྩོམ་མང་པོ་དྲ་ཐོག་ཏུ་བསྟུད་མར་བསྟར་བས། སླར་ཡང་ཁོང་གི་བརྩམས་ཆོས་ཀྱི་ཟུར་གཞན་ཞིག་བཀླགས་པའི་སྐལ་བ་མི་དམན་པ་ཐོབ། མི་འགྱངས་པར་ཁོང་གི་དེབ་ཕྲེང《ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས》པོད་བརྒྱད་མའི་བདག་ཉིད་ཅན་ཞིག་འཇིག་རྟེན་མི་ཡུལ་དུ་བལྟམ་འཆར་ཡོད་པས། བདག་ནི་དགའ་བས་མྱོས་ཏེ་ཁོང་གི་མི་ཚེ་ཕྱེད་ལྷག་གི་ཟུངས་ཁྲག་གིས་བྲིས་པའི་པོད་བརྒྱད་མ་འདི་ནི། ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་བོད་ཀྱི་རྩོམ་རིག་སྤྱིའི་མཐུན་རྐྱེན་དུ་འགྱུར་བའི་སྤོབས་གདེངས་དང་ཡིད་ཆེས་དང་བཅས། ཁོང་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་ཡིན།

གུ་རུ་དོན་གྲུབ་ནས།༢༠༡༩ ༡  ༡༣ ཉིན།

 

ཁྱུང་བཟང་ལགས་ནི་མི་ལོ་མང་བོར་བོད་རྩོམ་གྱི་ལམ་བུ་དེད་དེ་ཡོང་བའི་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན་པ་མ་ཟད། ཁོང་ཉིད་རྩོམ་ལུས་གང་ལ་འཇུས་ཀྱང་དྭངས་པ་དང་སྙན་པ། ལྷོད་པ་དང་ཡངས་པ་སོགས་ཀྱི་ཁྱད་ཆོས་ཡར་ལྡན་དུ་རྫོགས་པའི་ཡི་གེ་ཚེགས་མེད་དུ་སྡེབ་ནུས་པའི་རྩོམ་མཁན་དམིགས་བསལ་བ་ཞིག་ཀྱང་ཡིན་ཙ་ན། ང་རང་ཁོང་གི་དམིགས་བསལ་དང་ཐུན་མིན་ཅན་གྱི་བྲིས་རྩོམ་དེ་དག་ལ་དཔེ་མེད་དགའ་འོ།།

 —གཞི་རིམ་པས།

རྟེན་འབྲེལ་ཞུ་ཚིག

རྩོམ་པ་པོ་ཁྱུང་བཟང་ལགས་ནི།《ན་ཆུང་ཚགས་པར》གྱི་མཁའ་དབྱིངས་ནས་འཚེར་ཞིང་《གངས་རྒྱན་མེ་ཏོག》གི་དགའ་ཚལ་ནས་བཞད་པའི་མཚར་སྡུག་གི་མེ་ཏོག་ཅིག་ཡིན་ལ། དེ་དུས། སྦྲང་རྩིའི་རོ་ལ་སྲེད་པའི་རྐང་དྲུག་གཞོན་ནུའི་ཚོགས་རྣམས་ཞིམ་མངར་བཅུད་ཀྱིས་མྱོས་ཤིང་འཕུར་ལྡིང་གི་གཤོག་རླབས་ཁ་བ་རི་བོའི་ཁོང་གསེང་ནས་བསྒྱུར་མྱོང་།

རྩོམ་པ་པོ་ཁོ་ནི་མི་ལོ་ཉི་ཤུ་ལྷག་ཙམ་ལ་དཔེ་ཁྲིད་མི་སྐྱོང་གི་དགེ་རྒན་དཀྱུས་མ་ཞིག་གི་རྣམ་ཐར་བསྐྱངས་ཡོང་མཁན་ཞིག་ཡིན་པས། སློབ་མར་ཆ་རྒྱུས་ཡོད་ལ་སློབ་མའི་སེམས་ཁམས་ལ་དེ་བས་ཀྱང་རྒྱུས་མངའ་ཆེ་བ་སྨོས་མ་དགོས་པ་ཞིག་ཡིན། ཁོའི་རྩོམ་ཡིག་ཕལ་ཆེར་ཞིག་ཀྱང་ཁ་གསལ་གོ་བདེ་དང་། དོན་ཟབ་གནད་འཁེལ་ཅན་ཤ་སྟག་ཏུ་ངེས་པས། ཁྱུང་བཟང་གི་རྩོམ་ཡིག་གིས་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་མང་པོར་ཤན་ཤུགས་ཐེབས་ཡོད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་སྤོབས། རང་ཉིད་ཀྱང་ཁོའི་རྩོམ་ཡིག་ཀློག་པར་ཤིན་ཏུ་དགའ་ཞིང་མི་ལོ་བཅུ་ཕྲག་ལྷག་གི་ཡར་སྔོན་ཞིག་ལ་རང་གི་མོས་པ་དང་སློབ་མར་ཟུར་ལྟའི་དཔེ་ཀློག་དཀོན་པའི་ནན་སེམས་ཀྱིས་གྲོགས་པོ་ཁོང་ལ་རྩོམ་ཡིག་ཕྱོགས་བསྒྲིགས་ཤིག་དགོས་ངེས་ཀྱི་རེ་བའང་ནན་ཞུ་བྱས་མྱོང་། ད་ནི་གྲོགས་པོ་ཁོའི་བརྩམས་ཆོས་དེབ་ཕྲེང་བཀྲ་ཤིས་རྟགས་བརྒྱད་ཀྱི་བདག་ཉིད་ཅན་ཞིག་མི་འགྱངས་པར་ང་ཚོ་ཀུན་གྱི་གསོས་སུ་ཐོན་ལ་ཉེ་བས། སེམས་ཀྱི་གཏིང་རུམ་ནས་དགའ་གུས་མོས་པ་དང་བཅས་པའི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་ལགས་སོ།།

 

ངག་དབང་ལྷ་མོ་ངག་ལ་ཉལ་བས་ངག་རིག་དབྱངས་ཀྱི་འདེགས་འཇོག་སྙན། །

བློ་ཁོག་ཡངས་པོར་བློ་རིག་བཀྲ་བས་བློ་གསར་མགུ་བའི་འབེལ་གཏམ་སྙན། །

ཤེས་རིག་གཞུང་ལ་ཤེས་རབ་རྣོ་བས་ཤེས་རྟོགས་རླབས་ཀྱི་སྒྲ་དབྱངས་སྙན། །

བཀྲ་ཤིས་གྲངས་ཀྱི་བཀྲ་ཤིས་མཚན་ལྡན་བཀྲ་ཤིས་དེབ་གསར་འཁྲུངས་གླུ་སྙན།།

 

དཔྱིད་ཀྱི་ལྷ་མོ་ལྷ་ལས་བབས་པས་ནོར་འཛིན་སྒེག་མོར་གསོན་ཤུགས་བསྩལ། །

དབྱར་གྱི་སྒེག་མོས་སྒེག་ཉམས་ངོམ་པས་སྒྲ་བརྒྱའི་བདག་པོས་དགའ་འབོད་སྒྲོག །

སྟོན་གྱི་མཛའ་མོས་མཛའ་གཞས་གྱེར་བས་སྐྱེ་རྒུའི་ཚོགས་རྣམས་སྤྲོ་དགས་ཚིམས། །

དགུན་གྱི་རྒྱལ་མོས་རྒྱལ་རྔ་བརྡུང་བཞིན་ནོར་ལྷའི་གྲངས་ཀྱི་དེབ་གསར་བསུ། །

 

«དྲན་པའི་སྒྲོམ» ལ་གཟེར་དུ་བཏབ་པའི «ཁེར་རྐྱང་སྒྲུང» གི་སྣེ་མོ་རུ། །

«འབྲོག་ཁྱི་ཞིག་གི་གཏམ་རྒྱུད» འཚོ་བས་ཁ་བ་རི་བོ་གཡོ་ཞིང་སྐྱོམས། །

«ངག་གི་ལང་ཚོའི» དཔལ་དུ་སྨིན་པའི་«ལ་བཤད་ལུང་བཤད» «ཅོ་ཀའི་གླུ» ། །

ཟབ་གསལ་དོན་ལྡན་ «རྡོ་བའི་སྨྲ་བརྗོད» «སྐྱ་རེངས་ལྷ་མོའི་སྙིང་གཏམ» ཡིན། །

ཞེས་གྲོགས་ཁྱུང་དཀར་ཟླ་བས ༢༠༡༩ ལོའི་ཟླ ༡ ཚེས ༡༡ ཉིན། 

 

རྩོམ་པ་པོཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས པར་བསྐྲུན་ལ་ཕུལ་བའི་ཤིས་ཚིག

ཕྱི་ཡི་མུན་པ་ཉི་མས་སེལ་ཐུབ་ཀྱང་།།

ནང་གི་རྨོངས་མུན་དེ་ཡིས་ག་ལ་ནུས།།

རྣམ་དཔྱོད་ཤེས་རབ་བཀྲ་བའི་བྱེད་པོ་རྣམས།།

ནང་མུན་སེལ་བའི་འོད་ཀྱི་སྒྲོན་མེར་ལྟ།།

དེ་ཡི་རིག་པའི་འོད་སྟོང་རྩེན་པའི་རླབས།།

ཤེས་རིག་སྐྱེད་མོས་ཚལ་ལ་འཕྲོས་གྱུར་ན།།

སློབ་བུ་སྡུག་གུར་བཞད་པའི་མེ་ཏོག་ཚོགས།།

ཤེས་བྱའི་དྲི་བསུང་འཐུལ་ལ་སུ་ཞིག་ཚོམ།།

ངག་གི་སྐད་སྒྲ་རི་མོར་འགོད་པའི་གཟུགས།།

རིགས་ཀྱི་རྗེས་འཛིན་སྐྱོང་བའི་ཤེས་རབ་སྟེ།།

མིག་གི་བདུད་རྩི་ཡིད་ཀྱི་གསོ་སྨན་དུ།།

མཆོག་ཏུ་འགྲོ་ཞེས་མཁས་པ་ཀུན་གྱིས་གླེང་།།

ཨེ་མ་རྨད་བྱུང་སྐལ་བ་བཟང་བོའི་དྲིན།།

མངོན་པར་འཕགས་པའི་དུས་ཀྱི་དགེ་མཚན་དུ།།

ཁྱུང་གི་རུ་ཐུར་འཛིན་པའི་འཕྲོག་བྱེད་བུས།།

རྩོམ་གྱི་ཕྲེང་བ་སྐར་ཚོམ་བཞིན་དུ་བརྡལ།།

དེ་ཡི་སྙིང་བོ་བཅུད་དུ་བསྡུས་པའི་གཟུགས།།

བློ་གསལ་གཞོན་ནུར་ཕན་པའི་སེམས་བཏེགས་ཏེ།།

དེབ་ཕྲེང་ཆུན་པོ་བརྒྱད་དུ་བསྒྲིགས་བྱས་ནས།།

པར་དུ་བཏབ་ལ་དགའ་བ་གང་གིས་ཆོད།།

མི་ལོ་ཉི་ཤུའི་རིང་ལ་སློབ་གསོ་ཡི།།

གསེར་གྱི་བ་གམ་འགྲིམ་པའི་མཐོང་མྱོང་དག།

བཅོས་རྫུན་གཏམ་གྱིས་མ་བསླད་ཇི་བཞིན་དུ།།

སྨྲ་བར་སྤོབས་པའི་གདེང་ལ་ཁོ་བོ་མཚར།།

རིགས་ཀྱི་ཞེན་པ་དམར་པོའི་སྙིང་ཁ་ནས།།

བརྡོལ་བའི་ཚོར་བ་གླུ་ལ་དྲངས་པ་ཡི།།

སྙན་ངག་མུ་ཏིག་དོ་ཤལ་བསྟར་བའི་མདངས།།

གངས་རིའི་རྦ་རླབས་བརྩེགས་པའི་བྲང་ན་འཚེར།།

དེ་དག་ལས་ཀྱང་ལྷུག་རྩོམ་ཆུ་བོའི་རྒྱུན།།

མེས་པོའི་བླ་རི་གངས་ལས་ཐོན་པ་སྟེ།།

ཚིག་རིས་ཞུན་ཐིག་འོ་མ་བཟང་བོའི་དྲི།།

བུ་སློབ་སྐྱོང་བའི་སྨན་དུ་ཐམས་ཅད་བསྙད།།

རི་ཀླུང་ཤིག་ཤིག་གཡོ་འདྲའི་ངག་གི་སྒྲ།།

ཆུ་མོ་ཤང་ཤང་བཞུར་འདྲའི་སྙན་འགྱུར་དབྱངས།།

ཟབ་དོན་སྦྲང་རྩི་འཁྱིལ་བའི་བརྗོད་བྱའི་དོན།།

ཀུན་གྱི་རྩེ་གྲ་ཡིན་ཞེས་མི་རྣམས་བརྗོད།།

དེ་ལྟའི་ཆེ་བརྗོད་གཏམ་གྱི་ང་རོ་ཆེ།།

འུད་བསྟོད་བྲག་ཆ་ཙམ་དུ་ག་ལ་འགྲོ།།

ཕྱོགས་རིས་མིག་མདངས་བྲལ་བའི་ཤེས་ལྡན་ཚོས།།

རིམ་གྱིས་བཀླག་ན་ཡིད་འགུག་ལྟད་མོ་འབྱུང་།།

མེ་ཏོག་འཇའ་ཚོན་བཞད་པའི་སྤང་ཡང་ཡིན།།

བྱ་རྒོད་གཤོག་ཟུང་བརྐྱང་བའི་མཁའ་ཡང་ཡིན།།

ཁུ་བྱུག་གསུང་སྙན་གྲག་སའི་ཡུལ་ཀྱང་ཡིན།།

སྐལ་ལྡན་ངང་མོ་བགྲོད་པའི་མཚོ་ཡང་ཡིན།།

མདོར་ན་འདི་ཉིད་ཀྱལ་རྟ་དམར་པོ་སྟེ།།

བྱིས་པའི་ལུས་སེམས་གསོ་བའི་སྲུང་འཁོར་ཡིན།།

དཔེ་སྒྲོམ་བང་རིམ་བརྩེགས་པའི་གན་མཛོད་དུའང་།།

ཅིས་ཀྱང་མཁོ་བ་ལྷུག་རྩོམ་འདི་ཉིད་དོ།།

འདི་ལ་བརྟེན་ནས་བློ་གསལ་གཞོན་ནུ་ཚོའི།།

རྩོམ་འབྲིའི་ནུས་པ་ཡར་ངོའི་ཟླ་བཞིན་དུ།།

གོང་དུ་འཕེལ་ཞིང་བླ་རུ་འཕགས་པ་ལ།།

བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་འདུན་བཅས།།

པ་ཐུར་སངས་རྒྱས་རྒྱ་མཚོ་ནས། 2019/1/12ཉིན།

 

དབྱར་དགུན་སྟོན་དཔྱིད། ཉིན་མཚན་དབྱེར་མེད་ཀྱིས་བསམ་གཞིགས་ཀྱི་ཕུང་བོར་ཤེས་རབ་ཀྱི་མིག་སྤྲད། ཚོར་འདུའི་གཤོག་པ་སྤྲད། མུན་ནག་གི་ཀློང་ནས། སྤང་ཐང་གི་ཁུག་ནས། རླབས་རིས་ཤིག་ཤིག་གི་གཙང་བོའི་འགྲམ་ངོགས་ནས་ཚིག་དོན་གྱི་སྦྱོར་བ་ལ་སྒྱུ་རྩལ་གྱི་སྲོག་བཀོད། ཁྱེད་ཀྱིས་ཐང་ཆེན་པོ་ནས་ཁེར་རྐྱང་གི་སྣང་བ་རུམ་སྟེ་འོད་ལམ་ལམ་གྱི་རྩོམ་རིག་གི་ལམ་ཁ་ཐུན་མིན་ཞིག་བཏོད་ནས་སོང་། ངལ་བ་སྟོང་གིས་ལྗིད་ཏིག་ཏིག་གི་འབྲས་བུ་བསུས་བྱུང་། ཕུ་བོར་སྙིང་ནས་རྟེན་འབྲེལ་ཞུ། རྩོམ་རིག་གི་མདུན་ལྗོངས་སྔར་ལས་ཡངས་པར་ཤོག

  སྤུན་ཆུང་ཚེ་དབང་ལྷུན་གྲུབ་ནས། 2019.1.10ཉིན།

 ཨ་ཕ་ཐུགས་རྗེ་ཆེ།

སྙིང་ཉེ་ཞིང་གུས་པར་འོས་པའི་ཨ་ཕ་ལགས།

ལོ་གསར་བའི་ནང་ཁྱེད་ཀྱི་དཔེ་ཚོགས་བདེ་བླག་ངང་འགྲེམས་སྤེལ་བྱས་པར་ངས་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ་བ་དང་མཉམ་དུ་དགའ་གུས་ཚད་མེད་བྱེད་བཞིན་ཡོད། ཁྱེད་ཀྱིས་ལོ་ན་ཆུང་དུས་ནས་ད་བར་དུ་བྲིས་པའི་རང་གི་རྩོམ་ཡིག་རྣམས་དེབ་བརྒྱད་དུ་བསྒྲིགས་ནས་འགྲེམས་སྤེལ་བྱས་པ་འདིར་ཁྱེད་དང་བཟའ་མི་གང་བོར་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། ལོ་ཆེ་འབྲིང་ཆུང་གསུམ་གྱི་ཀློག་མཁན་རྣམས་ལའང་དོན་སྙིང་ཆེན་པོ་ལྡན།

འདི་ལྟར་བཤད་དོན་ཅི་ཡིན་ཞེ་ན། ལོ་ཆུང་གཞོན་ནུ་དག་གིས་ཁྱེད་ཀྱི་ཆུང་དུས་ཀྱི་བསམ་སྤྱོད་ལ་མིག་དཔེ་བལྟས་ནས་ཁོ་ཚོའི་ད་ལྟའི་གནས་བབ་དང་ཁོ་ཚོ་རང་སྟེང་ངམ་སྤྱི་ཚོགས་ཀྱི་གནད་དོན་མང་པོར་བསམ་བློ་གཏོང་སྲིད་པ་དང་། བསམ་བློ་དང་དྲན་ཤེས་ཡོད་ཚེ་ཁོ་ཚོའི་མི་ཚེ་ཡང་མི་ལུས་བླངས་པ་ཙམ་མ་ཡིན་པར། རང་ལ་ནུས་པ་ཡོད་དུས་མི་གཞན་དང་སྤྱི་ཚོགས་ལ་དྲོད་ཁོལ་བསྐྱལ་སྲིད་ཅིང་། ཁོ་ཚོར་ལྟ་བ་ཡང་དག་པ་ཞིག་ཆགས་པ་དང་ཁོ་ཚོས་མི་ཚེ་འདིར་ཅི་ཞིག་འཚོལ་སྙེག་བྱ་དགོས་པའི་ལམ་ཁ་དེ་རྙེད་པར་ཡང་ཕན་ཐོགས་གང་འཚམ་འབྱུང་སྲིད།

དེ་ནས་ལང་ཚོ་དར་ལ་བབས་པའི་ན་གཞོན་དག་ལ་མཚོན་ན་རང་གིས་རྙེད་པའི་ལམ་ཁ་དེ་སྙེག་སྐབས་ཁྱེད་ཀྱིས་བྲིས་པའི་ཡི་གེ་དག་ལས་ཁོ་ཚོས་མདུན་སྐྱོད་ཀྱི་རྒྱགས་བྱེ་དང་ལམ་སྟོན་སྒྲོན་མེ་རེ་རྙེད་ཀྱང་སྲིད་དེ། རྒྱུ་མཚན་ནི་ཁྱེད་ཀྱིས་དཀའ་སྡུག་མང་པོ་མྱངས་ཤིང་དེ་ལས་ཐར་བའི་ལམ་བུ་བཙལ་མྱོང་བས་སོ།།

ཆེས་མཇུག་མཐར་ལོ་ན་ཅུང་མཐོ་བའི་མི་དག་ལ་དོན་སྙིང་ཅི་ཞིག་ཡོད་ཅེ་ན། ལོ་ཡར་བུད་པའི་མི་དག་གིས་འཚོ་བའི་དཀའ་སྡུག་གྲངས་མེད་མྱངས་ཡོད་རྐྱེན་ལ་ལས་རང་གི་སྐྱིད་སྡུག་ལས་གཞན་པའི་ཕྱོགས་ལ་སེམས་འཁོར་གྱི་མེད་ཀྱང་སྲིད་མོད། ཁྱེད་ཀྱིས་ད་བར་དུ་སློབ་གསོ་དང་རྩོམ་རིག སྤྱི་ཚོགས་བཅས་ཕྱོགས་མང་པོར་བསམ་བློ་བཏང་ནས་གནད་མང་པོར་འབད་བརྩོན་དང་ཐེར་འདོན་བྱས་ཡོད་པས། ཁྱོད་ཀྱི་བརྩོན་སེམས་འདིས་ཁོ་ཚོར་ཤུགས་རྐྱེན་རེ་ཐེབས་ཀྱང་སྲིད།

ངས་འདི་ལྟར་བཤད་དོན་ནི་ཁྱེད་ཀྱི་རྩོམ་ཡིག་དག་གིས་ང་ལ་ཁ་ཐོག་ངོ་ཐོག་ནས་བསམ་པའི་འཚོ་བཅུད་མང་པོ་གནང་མྱོང་བས། དཔེ་ཀློག་ལ་དགའ་བའི་ཀློག་མཁན་གཞན་དག་ལའང་ལམ་སྟོན་བྱེད་ཐུབ་པའི་ཡིད་ཆེས་དེ་ངང་གིས་སྐྱེས་བྱུང་། དེ་བས་ཁྱེད་ཀྱི་བརྩམས་ཆོས་དག་ནི་ང་ཚོ་ཀློག་མཁན་ཐུན་མོང་གི་བསམ་པའི་འཚོ་བཅུད་ཡིན་ནོ།།

མཐར། དྲིན་ཕ་ལོ་ཁྱེད་ཀྱི་སྐུ་ཚེ་བརྟན་ཞིང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡང་ཡང་འདེབས།

ཞེས་བུ་མོ་རིན་ཆེན་མཚོ་ཡིས་ཡིད་དགའ་བ་དང་བཅས། ༢༠༡༩ ༡ ༨ ཉིན། 

  ཁྱེད་ནི་ངའི་ཨ་ཕ་ཡིན་ལ་ངའི་དགེ་རྒན་དང་གྲོགས་པོ་ཡང་ཡིན། བུ་མོ་ངས་ནམ་ཞར་འདི་ཉིད་རང་གི་བསོད་ནམས་ཤིག་གམ་བདེ་སྐྱིད་ཅིག་ཏུ་བསྒོམས་ཡོད། འབྲས་བུ་གང་ཞིག་རྒྱུ་དང་རྐྱེན་དུ་མ་ལས་བྱུང་བ་ཡིན་ཕྱིར། དེབ་འདི་བརྒྱད་པོ་ནི་ཡབ་ཆེན་ཁྱེད་ཀྱིས་རྩོམ་ཡིག་ལ་བཅངས་བའི་དུངས་པ་རྣལ་མ་དེ་ཕྱི་ཐག་རིང་བའི་བརྩོན་པ་ལ་བརྒྱུས་པའི་འབྲས་བུ་ཞིག་གམ་མི་ལོ་ཞེ་བཞིའི་ཐོག་ནས་ང་དང་ང་འདྲ་བའི་མི་བུ་དག་ལ་གནང་བའི་ལེགས་སྐྱེས་གྱ་ནོམ་པ་དེ་ཅི་ནས་ཀྱང་ཡིན་སྲིད།

དགའ་འོས་པའི་ཉིན་འདི་གར་བུ་མོ་ངས་ཁྱེད་ལ་བརྗོད་འདོད་པ་དག་མང་བ་ཉུང་བ་དང་ཉུང་བ་བསྡུ་མ་བྱས་ན་ནི་ང་ཚོ་ཁྱིམ་མི་ཚང་མ་ནམ་ཡང་ཁྱེད་དང་དཔུང་བ་མཉམ་གཤིབ་ཀྱིས་གནས་ཡོད་པ་དེ་ཡིན། ཡབ་ཆེན་ལགས། སྙིང་ནས་རྟེན་འབྲེལ་ཞུ། ཁྱེད་ཀྱི་རྩོམ་འབྲིའི་ལམ་ཁ་སྔར་ལས་ཡངས་པར་སྨོན།

ཞེས་བུ་མོ་ཆུང་བ་ལྕགས་མོ་རྒྱལ་ནས། 

མི་ལོ་བཞི་བཅུའི་རིང་ལ་མིག་མདུན་གྱི་དཀའ་བ་མཐའ་དག་ཁྱད་དུ་བསད་པས། ཨ་ཕ་ཁྱེད་ཀྱི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་གྲུབ་ཅིང་། ལོ་ངོ་མང་པོའི་རིང་གི་འབྲས་བུ་རྣམས་ཕྱོགས་གཅིག་དུ་བསྡུས་པས། ཨ་ཕ་ཁྱེད་ཀྱི་ངོམ་ཆོག་པའི་དཔེ་ཚོགས་འདི་གྲུབ་པ་རེད། འདི་ནི་ཕ་མ་བུ་ཕྲུག་དག་གི་གཟི་བརྗིད་དང་ཕ་ཡུལ་ལུང་པ་འདི་ཡི་རྒྱན་ཆ་ཡིན་པས། ཐོག་མར་བུ་ཆུང་ངས་ཨ་ཕ་ཁྱེད་ཀྱི་དཔེ་ཆ་པར་དུ་བསྐྲུན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱི་བརྩམས་ཆོས་འདི་དག་གིས་བོད་གངས་ཅན་གྱི་སློབ་བུ་རྣམས་ལ་བློ་སྐྱེད་གསར་བ་ཞིག་དང་བསླབ་བྱ་གང་ལེགས་རེ་སྩོལ་བའི་སྨོན་འདུན་ཞུས་པ་ཡིན།

གཞན་ཡང་ང་རང་སློབ་མ་ཞིག་ཡིན་པའི་ཆ་ནས་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ཚབ་བྱས་ཏེ། ཁྱེད་ཀྱིས་རང་མི་རིགས་ཀྱི་རྩོམ་རིག་སློབ་གསོ་དང་བཅས་པར་ནུས་ཤུགས་གང་ཡོད་བཏོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེའང་ཞུས་པ་ལགས།

ཞེས་བུ་ཆུང་གཡང་བྱམས་རྒྱལ་གྱིས 2019ལོའི་ཟླ1པའི་ཚེས11ཉིན་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།