གནའ་བོའི་ཞང་བོད་ཚིག་མཛོད།

192411097
1924255145 1924433409 2223444889
རྩོམ་པ་པོ་བློ་གྲོས་རབ་གསལ་ནི་སྤྱི་ལོ་1971ལོར་ཁྱུང་ཡུལ་རྭ་ཁྲོམ་གྲོང་དུ་སྐྱེས། སྤྱི་ལོ་2002ལོར་༧སྐྱབས་རྗེ་སྨན་རི་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་དགེ་བའི་བཤེས་གཉེན་ཆེན་པོའི་ཕྱག་ཁྱེར་བླངས། སྤྱི་ལོ་2003 ལོར་དབྱིན་ཇིའི་མཐོ་སློབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་བཅུ་པར་ཚོགས་ཞུགས་བྱས། མུ་ཁྲི་བཙད་པོའི་ཞིབ་འཇུག་ཁང་དང་བོན་སྒོ་དུས་དེབ་ཀྱི་ལས་བྱ་འགའ་སྒྲུབས། སྔ་ཕྱིར་ཞང་བོད་ཀྱི་ལོ་རྒྱུས་གཙོ་བོར་བྱས་པའི་དཔྱད་རྩོམ་དེབ་གཅིག་དང༌། ཞང་བོད་ཡིག་གཟུགས་དུ་མའི་མ་ཕྱི་ཞེས་པ་དེབ་གཉིས་མཁྱེན་ལྡན་རྣམ་པའི་སྤྱན་སྔར་བཤམས་སྟོན་བྱས། དེ་མིན་དུས་དེབ་སྣ་ཚོགས་ཐོག་ཞང་བོད་དང་འབྲེལ་བའི་དཔྱད་རྩོམ་དུ་མ་སྤེལ། ད་ཆར་ཁྱུང་ཡུལ་རིག་པ་འཁྲུངས་པའི་ཕ་ས་༧མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ་དཔེ་ཁྲིད་བྱེད་ཞོར་ཞང་བོད་རིག་གནས་སོགས་ལ་ཉམས་ཞིབ་བྱེད་མུས་སུ་མཆིས།

ཁྱུང་ཡུལ་རིག་པའི་དཔའ་བོ།

      ཇི་སྐད་དུ་ལུང་ལས། འདི་ལ་ཕུག་བསམ་རྨང་གཞི་དགོས། ། འདི་ལ་རྩ་འཛུགས་འཐུས་ཚང་དགོས། ། འདི་ལ་རིག་གནས་རྒྱུད་འཛིན་དགོས། ། འདི་ལ་ཨུ་ཚུགས་སྡུག་རུས་དགོས། །

       ༡ཞེས་གསུངས་པ་ལྟར་ཟླུམ་གཟུགས་གོ་ལ་ཆེན་པོའི་ཡོངས་སྟེང་དུ་འགྲོ་བ་ཤེས་ལྡན་མི་རིགས་སོ་སོ་རང་གི་རིག་གཞུང་སྲུང་སྐྱོབས་བྱེད་རྒྱུའི་འགན་འཁྲི་བབས་པ་སྤྱི་མཚུངས་སུ་གནའ་བོའི་ཞང་བོད་མེས་པོ་ཚོས་ཤུལ་དུ་བཞག་པའི་རིན་བྲལ་གྱི་ནོར་བུ་རིག་གནས་དང༌། ལོ་རྒྱུས་ཡུལ་སྲོལ་སོགས་མྱུར་སྐྱོབས་བྱེད་པ་དང༌། འཕེལ་རྒྱས་བསྡུས་རུབ་རྒྱུད་འཛིན་བྱེད་དགོས་པའི་འོས་འཁྲི་མི་རབས་འདི་ལ་བབས་པར་བརྟེན། ཐོག་མར་ལྟེ་མཚལ་དམར་པོའི་ཁ་དོག་མདོ་སྟོད་ཁྱུང་ཆེན་འཕུར་བའི་ཞིང་ཁམས་སུ་འཐོར་ཞིང༌། ལང་ཚོའི་མེ་ཏོག་གི་འདབ་མ་མཐའ་ཡས་ས་མཐོའི་རྩྭ་ཐང་དུ་གྲོལ་ཏེ་ཐོས་བསམ་སྒོམ་པའི་འཚོ་བ་ལྷོ་མཐའི་ནགས་ཀླུང་དུ་རོལ་བའི་རིག་པའི་དཔའ་བོ་སྟེ། མཁས་དབང་བློ་གྲོས་རབ་གསལ་མཆོག་གིས། རྟགས་གསལ་གྱི་བྲེལ་འཚུབས། དམ་བཅའི་རྔམ་བརྗིད། རྩོམ་རིག་བང་རྩལ། སྒྱུ་རྩལ་སྨྱུག་བྲིས་ཀྱི་གར་སྟབས། གྱེར་དབྱངས་འུར་སྒྲ། འབུད་བརྡུང་དཀྲོལ་གསུམ་གྱི་སྲོལ་རྒྱུན་མ་ཉམས་པའི་འཚེར་ས་ཆེན་པོ་དེར། ལེགས་བཤད་ལས། འདུག་པའི་དུས་སུ་རིག་གནས་བལྟ། བཟའ་བཏུང་དུས་སུ་རིག་གནས་དྲན། །འགྲོ་འཆགས་དུས་སུ་རིག་གནས་བསམ། །རིག་གནས་རིག་གནས་པ་ཡི་ནོར། ཞེས་པ་ལྟར།        ༢མཁས་དབང་ཁོང་གི་ནང་དོན་རིག་པར་ཐོས་བསམ་ཉམས་ལེན་བྱེད་རྒྱུའི་སྐལ་བཟང་དང་དུ་བླངས་ཏེ། དབུགས་ཀྱི་རྒྱུ་བ་ཕྲ་མོ་ཙམ་ཡང་བཅུ་ཕྲག་རིག་པའི་གནས་དང་མི་འབྲལ་བར། དུས་རྣམ་ཀུན་ཏུ་རྣམ་གཡེང་དང་ལེ་ལོའི་མ་རབས་འོག་ཏུ་མགོ་བོ་མི་འཁོར་ཞིང་བརྩོན་འགྲུས་ཡིད་འཕྲོག་དོན་ཡོད་ལྷ་མོ་གྲོགས་སུ་བཀུག་སྟེ་འཆད་རྩོད་ཀྱི་བར་གསེང་རྣམས་སུ་བཟང་པོའི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར། གནའ་བོའི་ཞང་བོད་ཚིག་མཛོད་ཅེས་པ་ཞིག་འབྲི་རྩོམ་གནང་བ་འདིར། རང་ཅག་ཁ་བ་རི་པའི་རྩོམ་རིག་ལ་དུང་བ་ཟབ་པའི་ཤེས་ལྡན་མི་སྣ་ཀུན་གྱིསབསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་ངོ་མར་གྱུར་འདུག      ༣གཟིགས་དང༌། ཁོང་གི་ཚད་གསུམ་རིག་པའི་རྣོ་ངར་ལས་ཐོན་པའི་ཚིག་མཛོད་འདིའི་ཁྱད་བོན་ནི། སྔོན་ཐོན་བོད་རྒྱའི་ཚིག་མཛོད་དང༌། དུང་དཀར་ཚིག་མཛོད། ནང་ཆོས་རིག་པའི་ཚིག་མཛོད། སློབ་མའི་ཚིག་མཛོད། དག་ཡིག་གསར་སྒྲིག་སོགས་ཀྱི་ནང་དུ་མ་འཁོད་པ་ཤ་སྟག་བསྡུ་སྒྲིག་བྱས་འདུག་ཟེར་ན་ཕར་ཆེར་མི་ཆོག་པ་མེད་ཀྱང་ཁ་ཤས་དེ་ཚོའི་ནང་དུ་ཡོད་ཀྱང་བོན་གཞུང་དང་མི་མཐུན་པར་དོན་ལོག་པར་འགྲེལ་བ་དག་བསྐྱར་དུ་བཀོད་ནས་འགྲེལ་བཤད་དོན་མཐུན་བྱས་འདུག      ༤ཚིག་མཛོད་འདིའི་ནང་ཞང་ཞུང་གི་ཚིག་དང་བོད་ཀྱི་བརྡ་རྙིང༌། ཡུལ་ལུང་གི་སྐད། ཞང་བོད་ཤན་སྦྱར་བཅས་ཁག་བཞི་ལ་བགོས་ཏེ། ཞང་ཚིག་ནི་ཞང་སྐོར་མ་དང༌། ཞང་ཞེས་འགོ་ལ་སྦྱར་ནས་བཀོད་འདུགབོད་ཀྱི་བརྡ་རྙིང་རིགས་སྟོང་པ་བྱས་པ་ལས་ཁ་གསལ་མི་འདུགཡུལ་སྐད་ནི་༼ཡུལ༽སྐོར་མ་དང་ཡུལ་ཞེས་བཀོད་ནས་སྒྲུབ་པར་བྱས་འདུགཞང་བོད་ཤན་སྦྱར་ལ༼ཞང་བོད༽སྔ་ཕྱི་སྐོར་མ་དང་དཀྱིལ་དུ་ཞང་བོད་ཅེས་བཀོད་ནས་གྲུབ་པར་བྱས་འདུགརྣམ་གྲངས་ཁག་གཅིག་བོན་གཞུང་ནས་རྣམ་གྲངས་ཀྱི་མིང་ཡོད་ཀྱང༌། རེ་རེ་བཞིན་གྲངས་མ་ཚང་པ་ཁག་གཅིག་ཡང་འདིར་བཀོད་འདུགབརྗོད་བྱ་དོན་དང་ལྡན་པའི་ཚིག་མཛོད་འདི་ལྟ་བུ་ཞིག་འབྲི་བ་ལ་ཐོག་མར་རྣམ་དཔྱོད་ཀྱི་ཤེས་རབ་ཟབ་མོ་ཞིག་མེད་ན་གཞན་ཨུ་ཚུགས་རིང་ལུགས་པ་ཞིག་གིས་ཇི་ལྟར་སྡུག་རུས་བྱས་ཀྱང་འདི་ལྟ་བུ་ཞིག་ག་ལ་འགྲུབ་ཐུབ།    ༥དེ་ཡང་མཁས་དབང་ཁོང་ནི། ཐོས་བསམ་གང་ཡང་བྱེད་མ་མྱོང་བའི་ཚིག་བཅད་རེ་གཉིས་དང་ལྷུག་རྩོམ་ཡ་མ་ཟུང་ཞིག་འབྲི་ཤེས་པ་ཙམ་གྱིས་སྣང་བ་དགུང་ལ་འཕུར་ཞིང་སྤོབས་པ་སུ་ལས་མཐོ་བའི་ཅོལ་ཆུང་འགའ་དང་གཏན་ནས་མི་མཚུངས་པར་ཟབ་མོ་གཞུང་ལུགས་ལ་མཐོང་རྒྱ་ཡོད་པ་གནའ་དེང་གི་ཐ་སྙད་ལ་མཁས་པ་གསར་དར་དང༌། སྲོལ་རྒྱུད་སོགས་རྩོམ་རིག་གང་ལ་ཐོགས་པ་མེད་པ་ནི་རྒྱལ་སྤྱིའི་ཞིབ་འཇུག་པར་ཐོག་མའི་ལེགས་སྐྱེས་སུ་སྤྲིང་ཟིན་པའི་དུས་རབས་གསར་བའི་ཅོང་བརྡ་ཞེས་པ་དང༌། ཞང་བོད་ཀྱི་ཡིག་རིགས་དུ་མའི་མ་ཕྱི། དེ་མིན་རྒྱལ་ཕྱི་ནང་གི་དུས་དེབ་སྣ་ཚོགས་ཐོག་ཏུ་སྤེལ་བའི་སྙན་རྩོམ་དང༌། དཔྱད་རྩོམ། ལྷུག་རྩོམ་སོགས་ཀྱིས་སྨྱུག་ཐོགས་པ་མི་ཉུང་བ་ཞིག་གི་སེམས་ཀྱི་འདོད་བློ་བསྐང་སྟེང༌། ཡིད་ཀྱི་བརྟན་པ་ཡང་དབང་མེད་འཕྲོག་སྟེ་རྩོམ་རིག་གི་ཆུ་ཚད་ཧ་ཅང་མཐོན་པོར་སླེབས་ཡོད།    ༦ད་ལམ་གསར་དུ་བྲིས་པའི་ཚིག་མཛོད་འདིས། ཕ་རྒྱུད་འོད་གསལ་ལྷ་ལས་མཆེད་པའི་གདོང་དམར་བོད་མི་རིགས་ཀྱི་ཁྲོད་དུ་འཚར་ལོངས་བྱུང་བའི་གངས་རིའི་མཁས་དབང་རྣམས་དང༌། གཞན་བོད་རིག་པ་ཞིབ་ལས་ལ་གཞོལ་བའི་རྒྱལ་སྤྱིའི་གཟུར་གནས་ཡོངས་ལ་བློ་བསྐྱེད་གསར་པ་རེ་སྤྲད་ཐོགསོག་པ་ཀུན་གཞིའི་སྟེང་དུ་འབྲལ་མི་ཕོད་པའི་བག་ཆགས་ཟབ་མོ་ཞིག་འཇོག་པའི་ཡིད་ཆེས་འབུམ་གྱིས་ཁེངས་བཞིན། དེབ་འདིའི་མགོ་བརྗོད་ཀྱི་མཇུག་གྲུབ་བྱས་སོ། །སྨྲས་པ། ཐལ་ངག་རྩོད་སྒྲ་ཡི་ཁྲོད་ན་རིག་པའི་དཔའ་བོ། །རྒྱལ་སྤྱིའི་ཞིབ་འཇུག་པའི་གླིང་ན་མཁས་པ་ངོ་མ། །གངས་གཞོན་སྨྱུག་འཛིན་གསེང་ན་ཚངས་དབྱངས་སྲས་པོ། །མགོ་རིལ་བཙུན་པ་ཡི་ནང་ན་གྲྭ་པ་གྲྭ་རྐྱང༌། །

     ཞེས་དྲིན་ཅན་ཡོངས་འཛིན་བླ་མའི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་ཐོས་བསམ་གྱི་འཚོ་བ་རོལ་བའི་ཁྱུང་བཙུན་གངས་ལྷ་དཀར་པོས་རྩི་ཏོག་གི་ཁ་ཞགས་ཆགས་པའི་མཛེས་ལྗོངས་དཔའ་བརྡའི་ཡུལ་དུ་བྲིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།