༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བརྟན་བཞུགས་ཤིས་རྩོམ་ཕྱོགས་བསྒྲིགས།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བརྟན་བཞུགས་ཤིས་རྩོམ་ཕྱོགས་བསྒྲིགས།

སྔོན་གླེང་གཏམ་ཐུང་།

    དེ་ཡང་སྟོང་ལོ་བཅུ་དྲུག་ལོར་རྗེ་བླ་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་མཎྚལ་བརྟན་བཞུགས་འདེགས་འབུལ་གྱི་ཉིན་མོ་དེ་ནི་འགྲོ་བ་སྤྱི་དང་ཡང་སྒོས་རི་བོ་ཧི་མ་ལའི་ཕྱི་ནང་གི་བོན་འབངས་སྐྱེ་བོ་མ་ལུས་དགའ་འགུ་སྤྲོ་གསུམ་དགོས་པའི་དུས་ཚོད་བཟང་པོ་ཞིག་ཅི་ལ་མིན་ཨང་།  སྐབས་དེ་ནི་ཁོ་བོར་མཚོན་པའི་ཁུལ་ན་ལོ་རྒྱུས་ཀྱི་ཐེབ་དེར་ངོས་སུ་བཀོད་འོས་པའི་གནས་རིམ་གལ་བོ་ཆེ་བ་ཞིག་ལ་སྣང་ཡོད། འདས་སོང་གི་མི་རབས་སྔ་མ་རྣམས་ཀྱིས་ཀྱང་གྱེར་བསྟན་རྗེས་འཇུག་གི་མི་རབས་ཕྱི་མ་དག་གིས་ཡིད་དུ་བཅག་ངེས་པའི་གཞི་རྟེན་ཞིག་གི་དོད་དུ་ད་རེས་འཛམ་གླིང་ཤར་ནུབ་ན་བཞུགས་པའི་བོན་འབངས་དང་དེ་མ་ཡིན་པའི་རིས་མེད་སྨྱུག་ཐོག་པ་ཉིས་བརྒྱ་ལྷག་གི་ཕྱག་བརྒྱུད་ནས་ཕེབས་པའི་སྙན་ཚིག་ངག་གི་མཆོད་སྤྲིན་འདི་ཉིད་ཕྱོགས་གཅིག་ཏུ་དྲིལ་རྒྱུའི་ལས་སུ་ཞུགས་པའི་ཁུལ་བྱས་ཡིན་ལ་གཤམ་ནས་དེ་འབྲེལ་གྱི་དགོས་ངེས་སྐོར་གྱི་གཏམ་རེ་ཟུང་ཞུ་རྒྱུར།

དེས་ན་ཉིས་སྟོང་བཅུ་དྲུག་གི་སྤྱི་ཟླ་བཅུ་གཅིག་པའི་སྤྱི་ཚེས་བདུན་དང་བརྒྱད་ཀྱི་སྐབས་ཐོག་དེ་ནི་རྗེ་བླ་མ་མཆོག་ལ་བརྟན་བཞུགས་འབུལ་བའི་སྟ་གོན་གྱི་ལས་སུ་ཞུགས་པའི་དུས་ཀྱང་ཡིན་ལ་ཁོ་བོས་ཀྱང་དུས་ཚེས་ལེགས་པའི་ཉིན་མོ་འདི་དང་བསྟུན་ཏེ་སྙན་ཚིག་སྦྱོར་ལེགས་གང་ཐུབ་ཀྱིས་གྲུབ་པའི་ཤིས་དེབ་ཞིག་འདོན་ན་སྙམ་པའི་ཀུན་སློང་རེ་འཕེལ་མྱོང་ནའང་བྲེལ་ཟིང་དང་འཚུབ་ཆ་ཞིག་གི་རྐྱེན་དབང་གིས་དུས་ཐོག་བཞིན་འདོན་ཐབས་བྲལ་སོང་མོད།   འོན་ཀྱང་བླ་མ་གཅིག་གི་སློབ་མ་དང་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་བཞིན་བསྒོམ་པའི་མཆེད་གྲོགས་འགས་སེམས་ཤུགས་དང་གཞོགས་འདེགས་ལ་བརྟེན་ནས་སྐབས་དེར་དད་འབངས་ཆིག་བརྒྱ་སོ་གསུམ་གྱི་མཉམ་བྲིས་བརྟན་བཞུགས་ཤིས་རྩོམ་“ རྟག་བརྟན་གཡུང་དྲུང་གི་རང་སྒྲ། ”རུ་འབོད་པའི་རྩོམ་བྱང་གཅིག་གྱུར་གྱི་འོག་ཏུ་ཚེག་བར་དགུས་གྲུབ་པའི་ཤོ་ཀ་གཉིས་ཅན་རེ་བསྡུས་ནས་ཁྱབ་ཆེ་བའི་“ ཧི་བོན་དྲ་བ་ ” དང་“ རེབ་གོང་བོན་མང་དྲ་བ་ ”དེ་མིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་“ གཡུང་དྲུང་བོན་དྲ་བ། ” བཅས་སུ་བཀོད་དེ་གངས་རིའི་ཕྱི་ནང་གི་དད་ལྡན་འགྲོ་བ་དག་གི་སྤྱན་ལམ་ལ་མངོན་པར་བྱུང་ནའང་ཐོག་མའི་འཆར་གཞི་ལྟར་ཤིས་དེབ་འདོན་པའི་ལག་ལེན་རེ་ཞིག་བྱུང་ཐབས་བྲལ།

ད་ལན་ཟླ་འགའི་སྔ་ས་ནས་དབུ་ཚུགས་ཤིང་དེ་རིང་བར་དུ་བརྟན་བཞུགས་ཆེད་བྲིས་སྔར་བཀོད་ཟིན་པའི་དྲ་རྩོམ་དང་དྲ་རྩོམ་མ་ཡིན་པའི་ཁག་རིགས་འཐུས་སྒོ་ཚང་པ་ཞིག་ཡོང་ཆེད་མི་བུ་ལྷག་བསམ་ཅན་རེ་འགས་གཞོགས་འདེགས་དང་ཁྱད་པར་དུ་ལས་གཞིའི་ཐད་ལ་ཞང་བོད་ཞིབ་འཇུག་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་ ༧ རྒྱལ་བ་སྨན་རི་བའི་མཛད་རྣམ་རྩོམ་སྒྲིག་དང་མཐའ་མའི་ཞུ་དག་སོགས་ཐོག་མཐའ་བར་གསུམ་ལ་རོགས་འདེགས་གནང་བ་དང་དེ་མིན་གྲོགས་དམ་པ་རྡོར་རྣམ་གྱི་སྒྲིག་སྟངས་དང་ཕྲན་གྱི་བསམ་ཕྱོགས་བཅས་མདོར་ན་ངེད་ཅག་གི་ལྟ་བ་མ་འདྲ་བ་གསུམ་ལ་བརྟེན་ནས་རྒྱ་ཆེའི་དད་འབངས་དག་གི་བློ་ཡིད་ལ་ཚིམས་པ་ཞིག་ཡོང་ཐུབ་དབེན་ན་ཡང་ཁོ་བོ་སོགས་ནས་གང་འཇོན་ཅི་ལྕོགས་ཀྱིས་རྩོམ་ཡིག་རྣམས་ཚན་ཁག་གསུམ་དུ་བགོས་ཏེ་སྤྱན་བསྟར་བྱས་ཡོད།

ཐོག་མ་ནི།   ཉམས་རྟོགས་ཀྱི་ཀློང་” ཟེར་བ་ཞིག་སྟེ།  དེ་ནི་ཉམས་རྟོགས་ཀྱི་ཀློང་ལ་གོམས་པའི་སྐྱེས་ཆེན་བླ་སྤྲུལ་དག་གི་ལྗགས་ལས་འཁྲུངས་བའི་གསོལ་འདེབས་དང་སྙན་ཚིག་ངག་གི་མཆོད་རྫས་འབའ་ཞིག་ཡིན་ལ།   དེ་དག་ལས་ཀྱང་རྩོམ་རྩལ་ལེགས་མིན་ཅི་རིགས་སུ་མཆིས་ན་ཡང་དགོས་དབང་དང་རྒྱུ་མཚན་དུ་མར་གཞིགས་ནས་སྐབས་བབ་ཀྱི་སོ་སོའི་གོ་གནས་ལ་དམིགས་ཏེ་མཚན་སོགས་སྒྲིག་ཡོད།

བར་མ་ནི།   དཔྱོད་ཤེས་ཀྱི་འཇིང་” ཟེར་བ་ཞིག་སྟེ།   དེ་ནི་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་རྩལ་མངོན་པའི་དཔྱོད་ལྡན་རིག་པ་སྨྲ་བ་དག་གི་ཆེད་བྲིས་ཤིས་རྩོམ་ཁག་ཡིན་ལ་ཁོང་ཅག་གི་ཚིག་རྐང་རེ་བཞིན་གྱིས་རྗེ་བླ་མ་མཆོག་གི་མི་ཚེའི་ཐོག་མཐའ་བར་གསུམ་གྱི་སྣང་བརྙན་དངོས་ཞིག་མངོན་པར་བསྐྲུན་འདུག་ལ་མ་ཟད་རྩོམ་པ་པོ་དག་གི་མིང་བྱང་ཡང་སྐབས་བབ་ཀྱི་གོ་གནས་བཞིན་བསྟར་བའི་ཁུལ་བྱས་ཡོད།

མཐའ་མ་ནི།   དད་དམ་གྱི་ཚུགས་ ” ཟེར་བ་ཞིག་སྟེ།  དེ་ནི་རྗེ་བླ་མ་མཆོག་ལ་དད་དམ་དང་དག་སྣང་ཚུགས་པའི་སྐྱ་སེར་ཕོ་མོས་ཆེད་བྲིས་ཤིས་རྩོམ་ཁག་ཡིན་ལ་དེ་དག་ལས་ཚིག་སྡེབས་ལེགས་མིན་དང་ཚིག་རྐང་དོ་ཉམས་མིན་ཁག་ཀྱང་དུ་མར་མཆིས་པས་ལ་ཤས་ཞིག་ལ་བསྐྱར་བཅོས་དང་བསྐྱར་བཟོ་ཡང་བྱས་ཡོད་པས་ཐུགས་དག་ཡོད་པར་ཞུ་རྒྱུ་དང་དེ་མིན་དམིགས་བསལ་ཞུ་རྒྱུར་འདིར་མི་བུ་ཉིས་བརྒྱ་ལྷག་ཙམ་གྱི་རྩོམ་ཡིག་ཡོད་ལ་དེ་དག་གི་མིང་བྱང་མཐོ་དམན་ལ་ཡང་སྒྲིག་སྟངས་འཆོལ་བ་སོགས་ཅིས་ཀྱང་མཆིས་པས་ཁྱེད་རིས་མེད་དད་ལྡན་དག་གི་དད་པ་དང་དམ་ཚིག་ལ་སེལ་སླད་མི་ཡོང་བའི་སླད་དགོངས་ཡངས་གནང་བའི་རེ་འབོད་སྙིང་ནས་ཆེ།

གཞན་ཤིས་དེབ་འདི་རྒྱལ་ཁའི་ངང་ལེགས་པར་འགྲུབ་ཤིང་ཁྱད་པར་དུ་མཉམ་མེད་རྒྱལ་བའི་གདུང་སོབ་དཔོན་གསས་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚེ་བསྐལ་བ་ནས་བསྐལ་བའི་བར་ལ་བཞུགས་ཅིང་མི་ཤིགས་གཡུང་དྲུང་གི་ངོ་བོ་བཞིན་གནས་པའི་སྨོན་པ་དང་ཡངས་པའི་ས་སྟེང་གི་སྐྱེས་འགྲོ་ཀུན་ཀྱང་དེ་ལྟར་བཞིན་ཚུགས་པའི་འབོད་པ་དང་བཅས་དགེ་གྱུར་ཅིག   །

ཤིས་དེབ་གཙོ་སྒྲིག་པ་ཁྲི་ཀ་བ་སྐལ་བཟང་ཉི་མས་༢༠༡༧ / ༠༥ / ༠༣ ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།