བབ་བཟོ་གཡུང་དྲུང་དར་རྒྱས་ཀྱིས་བརྩམས་པའི་《ཞི་གནས་ཆེན་པོའི་ཏིང་འཛིན་དང་འབྲེལ་བའི་གནས་ལུགས་རིགས་པའི་རྒྱས་འགྲེལ།》པར་སྐྲུན་བྱས་པ།

ངས་ཆེས་གླེང་མྱོང་བའི་མི་ཞིག་དང་།  ཁོང་གི་སྤྱང་གྲུང་།
སྔོན་གླེང་གི་ཚབ་ཏུ།
རྩོམ་པ་པོ། ཀ་ཤུལ་བསོད་རིན།       རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་རྩོམ་རིག་ལོ་རྒྱུས་བྱུང་བ་ནས་དུས་རབས་གང་དུ་ཡང་ཤེས་རབ་ཀྱི་དབལ་སོ་རྣོ་བའི་མི་བུ་དག་གིས་རྩོམ་རིག་གི་སྣང་ཚུལ་མི་འདྲ་བའི་བློ་སྤོབས་ཁྲོད་ནས་འཛམ་

གླིང་བསྒུལ་བར་བྱ་བའི་རྩོམ་རིག་སྣ་ཚོགས་བྱུང་། དེ་བཞིན་བོན་གྱི་རྩོམ་རིག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཡང་འདི་ནས་ཡར་དེད་ཚེ་གདོད་མའི་བོན་གྱི་དུས་རབས་ནས་བྱུང་ཞིང་། དེའི་ལོ་རྒྱུས་ཡང་མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་ཁྲོད་ནས་ཆེས་རིང་བོའི་ལོ་རྒྱུས་བར་དུ་འདེད་རྒྱུ་ཡོད། བརྩམས་ཆོས་ནི་རྩོམ་པ་པོའི་ཤེས་རབ་ཀྱི་ཆེས་དྭངས་མའི་རྣམ་དཔྱོད་དེ་ཡིན་ཕྱིན། རྩོམ་པ་པོ་དེ་ལོ་མང་རིང་རིག་གཞུང་དང་ཁ་མ་བྲལ་བར་བློ་སེམས་བརྟན་པོའི་ངང་དུ་རྒྱ་ཆེ་རིག་པའི་གཞུང་ལ་འཇུག་མཁན་ཞིག་ཡིན་ན། དེའི་རྩོམ་རིག་དེའང་རྒྱུན་ཆད་མེད་པའི་ཆུ་བོ་དེ་ནང་བཞིན་དེ་ཉིད་འབབ་ས་ཡངས་མོའི་ཐང་དང་། མཐོན་པོའི་བྲག  རི་བོའི་གཤོང་། རྒྱ་མཚོའི་ཁ་ཡིན་པས། ཆུ་བོ་དེ་ཉིད་བཏུང་སྟེ་ཤེས་རབ་ཀྱི་ངོམས་པ་སེལ་མཁན་དེ་བཞིན་རྒྱ་ཆེ་བ་ནི་དངོས་པོའི་བོན་ཉིད་དུ་གྲུབ།

 

རྩོམ་འདིའི་བྱེད་པོ་བབ་བཟོ་གཡུང་དྲུང་དར་རྒྱས་ངེད་གཉིས་སྤྱི་ལོ2002ལོར་ཨ་མདོ་སྣང་ཞིག་ནས་ངོ་ཤེས་སུ་ཆགས་ཤིང་། ངེད་གཉིས་ནི་རིག་པའི་ལམ་ནས་གྲོགས་མཆོག་ཏུ་ཆགས་པ་ཡིན་པས་ཁོང་ནི་བདག་གི་གྲོགས་པོ་དམིགས་བསལ་བ་ཞིག་ཡིན།  སྤྱི་ལོ2007ལོའི་དབྱར་ཁར་ངས«ང་དང་། བབ་བཟོ་གཡུང་དྲུང་དར་རྒྱས»ཞེས་པའི་མུ་འབྲེལ་ལྷུག་རྩོམ་ཅུང་རིང་མོ་ཞིག་བྲིས་ཤིང་། དེའི་ནང་དུ་གཙོ་བོ་རྟགས་གསལ་གྱི་ལམ་ཁ་ཉུལ་བའི་སྐྱེས་བུ་གཉིས་ཀྱི་མི་ཚེ་རྟགས་གསལ་ལ་ཕྱོགས་པའི་གཏམ་རྒྱུད་དང་ཕན་ཚུན་གྱི་ལྟ་བ་མི་འདྲ་བའི་བར་ནས་བྱུང་བའི་འགལ་འདུ། འགལ་འདུ་ལས་རྙེད་པའི་ལྟ་བ་གསར་རྙེད་དག་ནི་སློབ་པ་ལ་འབྲས་བུ་གསར་བར་འབྱུང་བའི་རྒྱུ་རུ་འཇོག་ཚུལ་སྟེང་ནས་བྲིས་པ་ཞིག་ཡིན།

2002ལོ་ནས་བདག་གི་གྲོགས་པོ་བབ་བཟོ་བ་རིག་པའི་གནས་ལ་འབད་པའི་འགོ་ཨ་མདོ་ནས་བཟུང་ཞིང་དབུས་ནས་དགེ་བཤེས་དམ་བཅའ་བཞག་པའི་བར་དང་། དགེ་བཤེས་དམ་བཅའ་བཞག་ནས་ད་རེས་བར་དུ་ཁོང་ཉིད་དཔེ་ཆ་དང་དུས་སྐད་ཅིག་མ་གཅིག་ལའང་འབྲལ་མ་མྱོང་བ་ཞིག་ཡིན་ཆ་ནས། ཁོང་གི་མི་ཚེའི་ཁྲོད་ཀྱི་རིག་གཞུང་ཞིབ་འཇུག་དང་། མཉམ་ལེན། དེ་ལས་བྱུང་བའི་ལྟ་བ་དང་། འཆད་ཉན་སོགས་ལ་དགོན་སྡེའི་སློབ་གཉེར་བ་གཞན་དང་གཞན་གྱིས་དུས་ནམ་ཡང་འགྲན་འཛུགས་ཐུབ་ཀྱིན་མེད་པའི་ཚོད་དུ་སྣང་སྟེ་རྩོམ་པ་པོ་སྔོན་ཆད་སྣང་ཞིག་ཏུ་ཡོད་དུས་སྣང་ཞིག་གི་སློབ་གཉེར་མང་པོའི་ཁྲོད་ནས་བབ་བཟོ་གཡུང་དྲུང་དར་རྒྱས་ཞེས་གླེང་ན་ཁོང་ནི་བརྩོན་འགྲུས་ཀྱི་མཚོན་རྟགས་ཧ་ཅང་གལ་ཆེ་བ་ཞིག་ཏུ་གྱུར་ཡོད། ཨ་རིའི་སྤོ་ལོ་བ་གྲགས་ཅན་སྐུ་ཞབས་ཁོ་བྷེ་ལགས་ཀྱིས་ལོ་ཧྲན་ཇིའི་མཚན་མོའི་དུས་ཚོད་གསུམ་པའི་སྟེང་གི་གནམ་གཤིས་རྟོགས་མཁན་ནི་ང་གཅིག་པུ་ཡིན་ཞེས་བཤད་པ་ལྟར། བདག་གི་གྲོགས་པོ་བབ་བཟོ་བས་ཀྱང་སློབ་སྦྱོང་གི་དུས་ཚོད་ཀྱི་བར་བརྒལ་ནང་དུ་སྐད་ཆ་དེ་ང་རྒྱལ་གྱི་ངང་དུ་བརྗོད་ཆོག

སྦྱང་སྟོབས་ཀྱི་ཡོན་ཏན་དང་། སྐྱེས་ཐོབ་ཀྱི་ཤེས་རབ་མངའ་བའི་མི་ཞིག་ལ་མཚོན་ན་དེའི་ཚོར་ཤེས་ནི་ཧ་ཅང་ཤུགས་དྲགས་པའམ་ཧ་ཅང་སྐྱེན་པ་དེ་ཡིན་ལ། ཏིང་འཛིན་ཉམས་ལེན་པ་ཞིག་དང་། ཏིང་འཛིན་གྱི་དགོས་གལ་རང་བཞིན་རྟོགས་པའི་མི་ཞིག་ལ་མཚོན་ན་དེའི་བློ་གྲོས་ཡང་དེ་བཞིན་ཚད་མཐོ་བའི་བློ་གྲོས་ཀྱི་ཁོངས་སུ་བསྡུས་ཏེ་སྐད་ཆ་གླེང་ཐུབ། དེའི་རྒྱུ་མཚན་ཡང་བདག་ཅག་གི་སྟོན་པ་ཆེན་པོས་ཡང་ཏིང་འཛིན་གལ་ཆེ་བ་དང་ལྷག་པར་དུ་ཐར་པ་དོན་དུ་གཉེར་བའི་སྐྱེས་བུའི་མི་ཚེའི་སློབ་སྦྱོང་གི་བརྒྱུད་རིམ་སྟེ་སློབ་པ་ལམ་གྱི་གནས་སྐབས་སུ་ཏིང་འཛིན་གལ་ཆེ་བའི་སྐོར་གསུངས་པ་ཙམ་མ་ཡིན་པར་ལག་ལེན་དངོས་ཀྱི་སྟེང་ནས་ཡང་ཁོང་ཉིད་དགུང་ལོ་སོ་གཅིག་སྟེང་ནས་ཁྱིམ་ནས་ཁྱིམ་མེད་པའི་ལམ་ཀ་བདམས་ཏེ་འཁོར་སྤངས་དགོན་པར་ཞུགས་པའི་ལོ་རྒྱུས་དངོས་ཀྱིས་ང་ཚོ་ལ་ར་སྤྲོད་བྱས་ཡོད།

དེ་བཞིན་དུ་བདག་གི་གྲོགས་པོ་བབ་བཟོ་གཡུང་དྲུང་དར་རྒྱས་མཆོག་གིས«ཞི་གནས་ཆེན་པོའི་ཏིང་འཛིན་དང་འབྲེལ་བའི་གནས་ལུགས་རིགས་པའི་རྒྱས་འགྲེལ»ཞེས་པའི་ཞི་གནས་ཆེན་པོའི་ཏིང་འཛིན་འདི་ཡོད་ཚད་ལས་གལ་ཆེན་ཡིན་པའི་སྐོར་གྱི་དཔྱད་བརྗོད་ཅིག་འབྲི་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ང་ལ་བགྲོ་དུས། ངའི་སེམས་ལ་དྲན་པ་ནི་སྐྱེས་བུ་ཞིག་གསོན་པའི་དུས་ཚོད་དེ་ནི་ཏིང་འཛིན་གྱི་ངང་ནས་བསྐྱང་ཐུབ་ན། དེའི་མི་ཚེའི་འཚོ་བ་སྐད་ཅིག་མ་དེ་ནི་ཕུན་སུམ་ཚོགས་པའི་བློ་གྲོས་ཀྱི་དྭངས་ཆ་ཡོད་ན་མེད་ན་དེ་ཡིན་པར་སེམས་ལ། ཕྱོགས་གཅིག་ནས་བཤད་ན་དེ་ནི་བསམ་བློའི་སྐྱོ་དུབ་སེལ་ཞིང་ཐར་བའི་དམིགས་པ་ཧ་ཅང་དྭངས་ཆའི་ལམ་དུ་བསྐྱོད་པའི་ཐར་ལམ་སྦྱང་བའི་བདམས་ཀ་ཡོད་ན་མེད་ན་དེ་ཡིན་པར་བགྲོ་ཆོག

གྲོགས་པོ་མཆོག་སྨན་རིར་བསྐྱོད་དེ་སངས་རྒྱས་སྨན་རི་བ་ཆེན་པོའི་གདན་ས་ནས་ཁོང་གི་སྤྱང་གྲུང་དང་རྣམ་རིག་ལ་དཔྱིད་དཔལ་གྱི་མེ་ཏོག་རྒྱས་པ་བཞིན་འཚེ་མེད་བློ་གྲོས་ཀྱི་སྙིང་པོ་ལེན་བྱེད་ཀྱི་རྟོགས་དོན«ཞི་གནས་ཆེན་པོའི་ཏིང་འཛིན་དང་འབྲེལ་བའི་གནས་ལུགས་རིགས་པའི་རྒྱས་འགྲེལ»ཞེས་པའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་ཆིངས་འདི་ཉིད་ལ་རྒྱས་འགྲེལ་གྱི་རིག་གཞུང་བརྩམས་པ་འདི་ནི་ཧ་ཅང་གིས་དོན་སྙིང་གིས་ཕྱུག་པ་ཞིག་ཏུ་གླེང་ཆོག  དེ་ཅིའི་ཕྱིར་བརྗོད་ན།  ཞི་གནས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུ་རུ་བཤད་པས་ན། བོན་གྱི་ཏིང་འཛིན་རིག་གནས་ཉམས་སུ་ལེན་པའི་སྐྱེས་བུ་དག་ལ་ཞི་གནས་ཆེན་པོའི་སྐོར་གྱི་དཔྱད་བརྗོད་རྒྱས་པ་ཞིག་ད་སྔ་བར་དུ་མཐོང་ཐོས་མེད་པའི་སྟོང་ཆ་སྐོང་བའི་དགོས་པ་ཡོད་པས། དེའི་ཟུར་སོ་སོའི་དགེ་མཚན་ནི་རྒྱ་ཆེའི་ཀློག་པ་པོ་དག་གིས་དཔྱད་བརྗོད་འདི་ནས་རྟོགས་པར་གྱིས་ཞེས་ངས་འདི་ནས་དེའི་སྐོར་མང་པོ་ཞིག་བརྗོད་རྒྱུ་མིན།
ཞེས་རྩོམ་པ་པོའི་གང་གི་གྲོགས་ཀྱི་མཆོག་གྱུར་ཀ་ཤུལ་བསོད་རིན་དུ་འབོད་པས་བོན་གྱི་མཁས་དབང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གདན་ས་ཁམས་རིན་སྤུངས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་ནས་ཟླ་ཚེས་བཟང་པོར་བྲིས་པ་འདིས་གང་གི་ཕྱྭའི་རི་དབང་བསྐལ་པའི་མཐར་ཡང་ཉམས་པ་མེད་པར་ཤོག  ཐ་ཚན་མུ་ཙིག་སྨར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།