མདོ་སྨད་སྨྲ་བའི་སེང་ཆེན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་ཆེད་དེབ《མཚོ་ཆེན་སྐྱོམ་པའི་གདུང་དབྱངས།》དངོས་སུ་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ། རེབ་གོང་བོན་མང་དྲ་བ། ཡོང་ཁུངས། རེབ་གོང་བོན་མང་དྲ་བ།

དེ་ཡང་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ། ལྔ་རིག་སྨྲ་བའི་དབང་ཕྱུག  དཀྱིལ་འཁོར་རྒྱ་མཚོའི་མངའ་བདག  བྱམས་དང་བརྩེ་བའི་བདག་ཉིད། དོན་གྱི་སླད་དུ་མཚན་ནས་སྨོས་ན ༧ རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གང་ཉིད་དགོངས་པ་བོན་དབྱིངས་སུ་གཤེགས་ཏེ་མི་ལོ་གཅིག་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར། རང་རེ་བོན་བརྒྱ་སྨན་རིའི་གླིང་སྒར་གྲོང་གཉིས་ཀྱི་གདུང་མཆོད་ཁ་འགོ་བ་རྣམ་པས་ལས་བགོས་གནང་བ་ལྟར། རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གི་ལས་སྒྲུབ་པ་ཁྱུང་དཀར་ཟླ་བ་དང་། ཁྱུང་བཟང་། རེབ་སྐྱིད་ཡར་འཕེལ་གསུམ་པོས། དང་པོ་རྩོམ་ཡིག་བསྡུ་བའི་བརྡ་སྦྱོར་སྤེལ་བ་ནས། བར་གྱི་རྩོམ་ཡིག་ཅི་འབྱོར་དག་སྒྲིག་གདམ་གསེས་བྱེད་པ། དེབ་ཀྱི་ཚད་དང་ཕྱི་ཤོག་ཇུས་འགོད་བྱེད་པ། སྒྲིག་ནོར་དང་གཏག་ནོར་གྱི་རིགས་ལ་ཞུ་དག་བྱེད་པ། མཐའ་མའི་པར་སྐྲུན་གྱི་མ་དངུལ་གཏོང་བ་སོགས། བླ་མའི་རྗེས་དྲན་གྱི་དཔེ་དེབ་རྩོམ་སྒྲིག་བྱེད་པའི་མགོ་མཇུག་བར་གསུམ་གྱི་བྱ་བ་ཐམས་ཅད་ཡོངས་སུ་ཚགས་ཏེ། ད་ལྟ་རིན་པོ་ཆེ་ཁོང་གི་རྣམ་ཐར་བསྡུས་པ་དང་བཅས་རྩོམ་ལུས་བརྒྱ་དང་བརྒྱད་ཀྱིས་གྲུབ་པའི་དཔེ་དེབ་འདི་ཉིད་དངོས་སུ་པར་སྐྲུན་འགྲེམས་སྤེལ་གནང་ཡོད།

 དེ་ལ་རྩོམ་ཡིག་གི་མགོ་རྔ་སྒྲིག་སྟངས་ཀྱི་ཐད་ནས་ཅུང་ཟད་ཞུས་ན། རྩོམ་ཡིག་མང་ཆེ་བ་ནི་འབྱོར་བའི་དུས་ཚོད་ཀྱི་སྔ་ཕྱི་གཞིར་བཟུང་བ་དང་། ཁ་ཅིག་ནི་རྩོམ་མཁན་སོ་སོའི་གོ་ཐོབ་ལྟར་བསྒྲིགས་པ། འགའ་རེ་ནི་རྩོམ་ལུས་རྩོམ་སྟངས་མི་འདྲ་བར་གཞིགས་པ། རེ་གཉིས་ནི་རྩོམ་པ་པོའི་གནས་ཚུལ་ལ་རྒྱུས་མངའ་མེད་པར་ཐོག་མའི་མ་ཡིག་གི་སྐབས་དེ་ག་རང་ནས་བཞག་སྟེ་བསྒྲིགས་ཡོད་པ་དང་། རྩོམ་འགའ་ཞིག་གི་ཁ་བྱང་མང་དྲགས་པས་ཇེ་ཉུང་དུ་བཏང་ཡོད་པ་དང་། མཇུག་གི་ཟླ་ཚེས་དག་ནི་པར་གཞིའི་མཛེས་པ་དང་ཤོག་ངོས་བཀོད་སྒྲིག་གི་དགོས་དབང་ལ་གཞིགས་ནས་ཡོངས་སུ་བླངས་ཟིན། ཡང་ལས་དང་པོ་བའི་རྩོམ་ཡིག་འགའ་ཞིག་ནི་སྤུས་ཚད་ཀྱི་དབང་གིས་ནང་དུ་འཇོག་ཐབས་མ་བྱུང་ལ། ཅུང་ཟད་བདེ་བ་རྣམས་ཚིག་རེ་གཉིས་བཅོས་ནས་ནང་དུ་བཞག་ཡོད་པས། གལ་སྲིད་རྩོམ་གྱི་གོ་རིམ་སྒྲིག་སྟངས་སམ། རྩོམ་ཡིག་འདོར་ལེན་དང་དག་བཅོས་ཡོ་བསྲང་གི་ཐད་ལ་མགུ་མ་བཀང་ས་རེ་ཡོད་ན། དེ་ནི་ང་ཚོའི་སྒེར་སྐྱོན་ཡིན་པས། འདིར་ཆེད་དུ་རྣམ་པ་ལྷན་རྒྱས་ལ་དགོངས་ཡངས་གནང་རོགས་ཞུ་རྒྱུ་ཡིན།

དེ་ནས་ཆོས་བརྒྱུད་གཞན་གྱི་རྩོམ་མཁན་རེ་གཉིས་ཀྱིས་བོན་བརྒྱ་ལ་བོན་རྒྱ་ཞེས་བྲིས་འདུག་པ་དག་རང་ལུགས་དང་འབོད་མིང་གཅིག་གྱུར་ལ་དམིགས་ཏེ། ཚང་མ་བོན་བརྒྱ་རུ་བཅོས་ཡོད་པས་དེ་ལུགས་དགོངས་འཇགས་འཚལ་ཞུས་པ་ལགས།

གཞན། དེབ་འདིའི་ཐོག་མའི་ལས་རིམ་ནི་དགུང་ཞག་གི་རྗེས་སུ་མགོ་བརྩམས་ཤིང་། རྩོམ་ཡིག་བསྡུ་བའི་བརྡ་སྦྱོར་ཡང་དྲ་ལམ་དུ་སྔ་ཕྱི་ཐེངས་གཉིས་ལ་སྤེལ་བ་དང་། ཐ་ན་མི་སྒེར་གྱི་འབྲེལ་བ་བརྒྱུད་དེ་ཕྱི་ནང་གི་མཁས་མཁས་གྲགས་གྲགས་འགའ་ཞིག་ལ་ཆེད་དུ་རྩོམ་སྐུལ་ཡང་ཞུས་ཟིན། དེ་ལས་འགའ་ཞིག་གི་རྩོམ་ཡིག་དུས་ལྟར་འབྱོར་ཏེ་དེབ་འདིར་བསྡུས་ཡོད་པ་དང་། ལ་ལའི་རྩོམ་འབྱོར་ཡང་པར་སྐྲུན་གྱི་རྗེས་སུ་ལུས་ཏེ་དེབ་ཏུ་འགོད་ཐབས་མ་བྱུང་བ་བཅས་ཀྱིས། འདིར་གཅིག་ནས་རྣམ་པ་ཚོར་རེ་འཁང་མེད་པ་དང་གཉིས་སུ་དགོངས་འགལ་མེད་པ་གནང་རོགས་ཞུ་རྒྱུ་ཡིན།

མཇུག་མཐར།
འདིར་བཞུགས་རྩོམ་པ་པོ་རྣམ་པས་བླ་སློབ་ཀྱི་དམ་ཚིག་གཙང་མའི་ངོས་དང་། མཆོད་ཡོན་གྱི་དད་གདུང་ཟབ་མོའི་ངོས། རྩོམ་མཁན་དང་ཀློག་མཁན་གྱི་རིག་གནས་འབྲེལ་བའི་ངོས། དེ་བཞིན་དུ་རིགས་རྒྱུད་འདུ་ཤེས་ཀྱི་ངོས་དང་། བདེན་པའི་རྒྱབ་སྐྱོར་གྱི་ངོས་སོགས་ནས། རང་རང་གི་རྣམ་དཔྱོད་རྩལ་དུ་སྤྲུགས་ཏེ་སྙན་འགྱུར་དབྱངས་སུ་རྫོགས་པའི་རྗེས་དྲན་རྩོམ་ཡིག་འདི་འདྲ་མང་བོ་ཞིག་གིས་རྒྱབ་སྐྱོར་གནང་བར། ང་ཚོས་སེམས་གཏིང་ནས་རྗེས་སུ་ཡི་རང་དང་ཁ་དྲིན་སྐུ་དྲིན་ཆེ་ཞུ་རྒྱུར་མ་ཟད། འདིར་ང་ཚོའི་ཤེས་ཚད་དམན་པའི་དབང་གིས་མ་གོ་བ་དང་། གོ་བ་ལོག་པ། གོ་རིམ་འཁྲུགས་པ། གཏག་ནོར་ཤོར་བ་སོགས་ཀྱི་སྐྱོན་ཅི་རིགས་ཤིག་ཀྱང་གནས་ངེས་པས། ཀུན་གྱིས་དགོངས་ཡངས་དང་སྣེ་སྟོན་ཡོ་བསྲང་གནང་རྒྱུ་དང་། འདིར་འབད་དགེ་བའི་འབྲས་བུ་ཕྲ་མོ་དག་ནི་བླ་མའི་ཐུགས་དགོངས་རྫོགས་ཤིང་རྒྱལ་ཁམས་བདེ་བའི་དཔྱིད་དུ་བསྔོ་རྒྱུ་ཡིན། ཐུགས་རྗེ་ཆེ།

ཞེས་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས།
སྤྱི་ལོ ༢༠༡༩ ལོའི་ལུགས་རྙིང་གི་ཟླ ༧ པའི་ཚེས  ༥  ཉིན།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།