ཨཀྟ་རོང་གི་སྒྲུབ་སྡེ།

ཨཀྟ་རོང་གི་སྒྲུབ་སྡེ།
བསོད་ནམས་གཡུང་དྲུང་།

འགོ་བརྗོད།………………………………………………﹙༡﹚

གོང་མོ་གུར་ཁང་གི་གནས་བསྟོད། ……………………………﹙༦﹚

འབུལ་བཤད་དུང་གི་སྒྲ་དབྱངས། ……………………………..﹙༡༡﹚

བོན་བརྒྱ་སྨན་རི་དགོན་པའི་ལོ་རྒྱུས་མདོར་བསྡུས། ………………﹙༡༩﹚

                 མདོ་སྨད་བྱང་རྒྱུད་ཀྱི་རེབ་གོང་བོན་མང་ཕུར་ཐོགས་

                     སྟོང་དང་དགུ་བརྒྱའི་སྒྲུབ་ཆེན་ཁག་གི་འགྲོ་

                              ལུགས་ངོ་སྤྲོད་མདོར་བསྡུས།

མཆོད་པར་བརྗོད་པ། ……………………………………..﹙༤༤﹚

ལེའུ་དང་པོ།  ལོ་རྒྱུས་ཀྱི་རྒྱབ་ལྗོངས། ………………………﹙༤༧﹚

ལེའུ་གཉིས་པ།  དང་པོ།  རྒྱ་ལོའི་སྒྲུབ་ཆེན། ……………….﹙༦༠﹚

གཉིས་པ།  མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཆེན། ………………..﹙༧༤﹚

གསུམ་པ། ཡི་དམ་ཀུན་འདུས་ཀྱི་སྒྲུབ་ཆེན། …………………….﹙༧༧﹚

བཞི་པ།  ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་ཆེན།………………..﹙༨༢﹚

ལྔ་པ། བཅུ་པའི་སྒྲུབ་ཆེན། ………………………………..…﹙༨༤﹚

ལེའུ་གསུམ་པ།  སྙན་བཟང་བོན་མང་གི་སྒྲུབ་ཆེན་ཁག་གི་

                      འགྲོ་ལུགས་ངོ་སྤྲོད་བསྡུས་པ།

གཅིག  བཞི་བའི་སྒྲུབ་ཆེན། ………………………………﹙༩༢﹚

གཉིས། བཅུ་བའི་ལྔ་མཆོད། …………………………………﹙༩༧﹚

ལེའུ་བཞི་བ།   སྙན་བཟང་རུ་གོང་ཞོལ་གྱི་གསུམ་

པའི་གཟེ་མའི་འགྲོ་ལུཊ་ངོ་སྤྲོད་བསྡུས་པ། ………………….…﹙༡༠༢﹚

མཇུག་གི་དོན།  ……………………………………….﹙༡༠༨﹚

འགོ་བརྗོད།

     ལོ་རྒྱུས་ནི་དྭངས་གཙང་གི་ཆུ་རྒྱུན་དང་འདྲ་བར་དུས་རབས་ཀྱི་རི་ཀླུང་མང་པོ་བརྒྱུད་ནས་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒུད་འཕོ་འགྱུར་རླབས་ཕྲེང་དུ་བརྩེགས་ནས་སྐྱིད་སྡུག་སྣ་ཚོཊ་པའི་གཏམ་རྒྱུད་ཤང་ཤང་དུ་འབབ་པ་ཞིག་ཡིན། དགོས་ཆེད་གང་ཞིག་ལ་དམིགས་ནས་ལུགས་སྲོལ་གསར་པ་ཞིག་འཛུགས་དགོས་ན། དུས་རབས་དེ་གའམ་ས་ཆ་དེ་གར་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པའི་ལུགས་སྲོལ་དེ་ཉམ་དམས་སུ་གཏོང་རྒྱུ་ནི་ཐོག་མའི་འགུལ་བསྐྱོད་ལ་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་ཐབས་ལམ་ཉག་གཅིག་ཏུ་ཟད། དེ་ལྟའི་ཛ་དྲག་རང་བཞིན་གྱི་ལས་འགུལ་དེར་ཞུགས་མཁན་ནི་སྐྱེ་འཕགས་གང་ཞིག་ཡིན་ཀྱང་རུང༌། ལོ་རྒྱུས་ཀྱི་ཆུ་རྒྱུན་རྙོགས་ནས་དར་རྒུད་ཀྱི་རླབས་ཕྲེང་རིམ་པ་ཞིག་གཡོ་རུ་འཇུག་མཁན་དུ་གྱུར་པ་ཚང་མས་ཤེས། །

    རང་ཕྱོགས་ལ་ཞེན་ཆགས་ཆེ་བ་དང་གཞན་ཕྱོགས་ལ་སྡང་སེམས་ཆེ་བ་གཉིས་ནི།  ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན། དེ་ལ“ཉེ་རིང་ཆགས་སྡང་ཅན”ཞེས་ཟེར་བ་ཡིན། “སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི”ཞེས་སྐྱབས་འགྲོའི་བསླབ་བྱ་སྣང་མེད་དུ་གཡུག་མཁན་ལ་རབ་བྱུང་བ་དང་སྔགས་པའི་ཐ་སྙད་གང་ཡང་མི་འཇུག་པས་དམ་ཉམས་ཟེར་བ་ཡིན། རྒྱུ་མཚན་ནི་སྐྱབས་འགྲོའི་སྡོམ་པ་ནི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་སོ། ། བཤད་མ་ཐག་པའི་ཁྲིམས་མེད་ལུགས་མེད་ཀྱི་སྒེར་ལྡེམ་པ་ཉེ་རིང་ཆགས་སྡང་ཅན་དེ་དག་གིས་ཁོ་ཚོའི་ཁེ་ཕན་དང་རྙེད་གྲགས་སོགས་ཀྱི་ཆེད་དུ། ལྷ་ཆོས་དང་མི་ཆོས་ལ་རྡོག་བརྫིས་བཏང་ནས་སྤྱི་ཚོགས་སྟེང་ཟིང་ཆ་བསླངས་པ་དཔེར་ན ༡༢༩༠ ལོའི“འབྲི་ གུང་གླིང་ལོག”ལྟ་བུའོ།། དེ་འདྲའི་རྣོ་ངར་རང་བཞིན་གྱི་འཁྲུགས་ཟིང་དེ་དབུས་གཙང་གི་ཡུལ་གྲུ་ཁོ་ནར་བྱུང་བས་ག་ལ་ཚད། མདོ་སྨད་དུ་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དུ་བགྲང་བའི་བྲག་བྱ་ཁྱུང་དགོན་པ་ ༼༡༣༤༩༽གཅིག་པུའི་ཆགས་རབས་ལ་བསམ་བློ་ཞིག་བཏང་ཚེ། རིམ་གྱིས་རེབ་གོང་གསེར་མོ་ལྗོངས་ཀྱི་ཁྱུང་དཀར་དར་སྡིངས་དགོན་པ་དང་ཐར་སྨུག་དགོན་པ་སོགས་ཀྱི་འཇིག་རྐྱེན་ཡང༌། མིའི་སྙིང་ལ་ཚ་གཟེར་ཡ་ང་བ་སྟེར་བའི་རྣོ་རྩུབ་རང་བཞིན་གྱི་མཚོན་ཆ་ཞིག་ཡིན་པ་ཅི་སྨོས། །
གལ་ཏེ་མི་ལོ་སྟོང་ཕྲག་གི་རིང་ལ་དྲང་བདེན་གྱིས་འགྱིང་བའི་བྱ་ཁྱུང་རི་བོ་ལྟ་བུའི་བགྲེས་སོང་གཟུར་གནས་ཤིག་མཆིས་ཚེ། བདག་གིས་འདི་ལྟར་འདྲི་བར་འདོད་དེ། སུ་ཞིག་གི་ཁེ་ཕན་དང་རྙེད་གྲགས་ཀྱི་ཆེད་དུ། སུ་ཞིག་གི་གདུག་རྩུབ་དྲག་པོས། མཁས་པ་དང་གྲུབ་པའི་བསྟི་གནས་སུ་གྱུར་པའི་དགོན་པ་མི་ཉུང་བ་ཞིག་འདི་ལྟར་གྱང་ཆག་ཏུ་གྱུར་པ་ཅི་ཡིན། ཆོས་ལ་བརྟེན་པའི་དགེ་བ་སྟོབས་ཆེ་བ་བདེན་ན། ཆོས་ལ་བརྟེན་པའི་ཉེས་བྱས་ཚབས་ཆེན་དེ་གང་དུ་འཇོག། །།
སྡུག་ཡུས་ཀྱི་མཆི་མ་ཁོག་ཏུ་མིད་ནས་ལོ་རྒྱུས་ཀྱི་ཆུ་བོའི་འབབ་རྒྱུན་སྙེག་ཚེ། གྲུབ་ཐོབ་རྣམ་གསུམ་གནས་འདིར་(དུས་རབས་དགུ་བའི་ནང་ལ་)བྱོན་ནས་རྫུ་འཕྲུལ་གྱིས་བཅད་པའི་གདུག་པ་བཙན་གྱི་བླ་ཤིང་གིས་བཟོས་པའི་རྔ་སྒྲ་དང༌། དྲན་པ་ནམ་མཁས་ (བྱང་ཕྱོཊ་གོང་མོ་གུར་ཁང་དུ་) ཚེའི་སྒྲུབ་པ་མཛད་པའི་སིལ་སྙན་གྱི་སྒྲ་སྐད་ད་ལྟའི་བར་དུ་འཇགས་མ་མྱོང་བ་གཞི་ནས་ཚོར།“དུས་རབས་ལ་མཁོ་བའི་མི་སྣ་རེ། དུས་རབས་རང་ཉིད་ཀྱིས་བསྐྲུན་པ་ཡིན”ཟེར་བ་དོན་དངོས་རེད།  དྲན་པ་ནམ་མཁའ་དང་གྲུབ་ཐོབ་རྣམ་གསུམ་གྱི་བརྒྱུད་འཛིན་བོན་གཤེན་ཕུར་ཐོགས་སྟོང་དང་དགུ་བརྒྱར་གྲཊ་པའང༌། དུས་རབས་རེས་བསྐྲུན་ཅིང་དུས་རབས་རེར་ཐིམ།།
ལོ་རྒྱུས་ཀྱི་དཀྱོགས་མཚམས་ངེས་ཅན་ཞིག་སྟེ་དུས་རབས་བཅུ་བདུན་པའི་གྲུ་ག་ནས། མདོ་ཁམས་འཕགས་གདུང་བཞི་དང་ཞིག་ཆེན་དགུ་ལས། རྩེ་ཞིག་གདུང་རྒྱུད་མུ་ཏིག་གི་ཕྲེང་བར་བྱོན་པའི་ཨ་ལགས་ཤེས་རབ་དང་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ཁུ་དབོན་གྱིས། རེབ་གོང་གསེར་མོ་ལྗོངས་སུ་དུས་ཀྱི་སྒྲུབ་མཆོད་༼དྲུང་རམས་པས༽བཙུགས་པ་སོགས་ཀྱི་མཛད་བཟང་སྣང་བ་དཀར་པོས་བྱང་རྒྱུད་ས་ཡི་ཐིག་ལེ་དཀར་འཇམ་ཡུག་གཅིག་ཏུ་བྱས། ཀློག་པ་ཐོས་བསམ་དང་སྒྲུབ་པ་ནན་ཏན། བྱ་བ་ལས་ཀྱི་འཁོར་ལོ་ལ་ཞུགས་པའི་བོན་གཤེན་བགྲང་གིས་མི་ལང༌།།
གཡུང་དྲུང་བོན་གྱི་བཀའ་ལུང་བརྒྱུད་པའི་བར་མཚམས་ཆད་མ་མྱོང་ཞིང༌། ལྷ་དང་བླ་མའི་བྱིན་རླབས་ཀྱི་དྲོད་ཁོལ་ཡལ་མ་མྱོང་བ། རིམ་པ་གཉིས་ཀྱི་ལམ་ལ་ཉམས་ལེན་གྱི་བར་མཚམས་ཆད་མ་མྱོང་བ། མི་ལོ་སྟོང་ཕྲག་གི་ལོ་རྒྱུས་རུམ་ལ་ཉར་བའི་རེབ་གོང་བོན་མང༌། ངེས་པ་དོན་གྱི་བོན་གཤེན་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་སྡེ་ཁག་རྣམས། དང་པོ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་ཁུངས། བར་དུ་ཇི་ལྟར་འཕེལ་འགྲིབ་རང་བཞིན་གྱི་རྣམ་པ། ད་ལྟ་ཇི་ལྟར་གནས་པའི་རིང་ལུགས་རྣལ་མའི་སྒྲུབ་ཆེན་རྣམས། ངོ་སྤྲོད་ཞིབ་རྒྱས་སུ་བྱ་བར་གལ་འགངས་ཤིན་ཏུ་ནས་ཆེ་མོད།  ཁོ་བོ་བོན་མང་གི་ཚོཊ་གྲལ་ལ་ཞུགས་ནས་བགྲང་བྱ་མང་པོ་མ་འགོར་བ་དང༌། འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་རེ་ཟུང་ལས་ལག་སོན་མ་བྱུང་བ་སོགས་ཀྱི་རྐྱེན་པས། དེབ་ཆུང་འདི་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་ཡིད་དབང་ཚིམས་པའི་བདུད་རྩིའི་ཆོ་གར་རློམ་ཐབས་ཀུན་ནས་བྲལ་ཞིང༌།  གནའ་རབས་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་འདི་ཙམ་གོམ་པ་དང་པོ་སྤོས་པས། ཞན་ཆ་དང་མི་འདེང་སར་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས“སྐྱོན་ལ་མཛུབ་མོ་བཙུགས་ནས་སྐྲན་ལ་གཏར་ག་བརྒྱག”པའི་རེ་བ་དོན་སྨིན་ཡོང་བ་ཞུ།།
བདག་བློ་རབ་དམན་ཕྱེ་མ་ལེབ་ཀྱི་གཤོག་རྩ་གཉོམ་པོ་འདི་ལྟ་བུས། །ལོ་ངོ་སྟོང་ཕྲག་རིང་གི་བྱུང་རབས་མཁའ་དབྱིངས་བསྒྲོད་པར་མི་ནུས་མོད། །ཁུངས་ལྡན་ལུང་དང་སློབ་དཔོན་ཞལ་གསུང་དེབ་འདིའི་བླ་སྲོག་ཉིད་བྱས་པས། །གསེར་ལྗོངས་བོན་རབས་སྒོ་ལྕགས་དབྱེ་ལ་འཕྲུལ་གྱི་ལྡེ་མིག་མཆོག་ཏུ་འཁུམས། །
བསྐལ་པ་མེ་མོ་ཕག་གི་ཟླ ༦ ཚེས ༡ ཉིན་རྩོམ་པ་པོས་ལྷ་ལྡན་གྲོང་ཁྱེར་དུ་ཞང་ཞུང་རིག་གནས་ཁང་དུ་སྦྱར་བའོ། །

གོང་མོའི་གུར་གྱི་གནས་བསྟོད་ལྷ་མིའི་དད་འདྲེན།།

         སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ།

དཔལ་ཡོངས་རྫོགས་དུས་གསུམ་རྒྱལ་ཀུན་དངོས། །

ཕ་བླ་མ་རྩ་བརྒྱུད་དཔོན་གསས་ཀྱིས། །

བུ་རྗེས་འཇུག་སྐལ་ལྡན་དད་ཅན་ལ། །

ཉམས་རྟོགས་པའི་བྱིན་རློབས་ཆར་རྒྱུན་སྩོལ། །

ཡུལ་རེབ་གོང་གསེར་ལྗོངས་བྱང་གི་ཕྱོགས། །

གནས་མཆོག་གྱུར་གོང་མོའི་གུར་ཁང་དེ། །

ཕྱི་གངས་དཀར་རྫ་རྒྱུད་མ་ཆད་པར། །

གནས་ཡིད་འོང་དངུལ་མཁར་དཀར་པོའི་ཚུལ། །

ནང་མཆོད་པའི་སྤྲིན་ཚོགས་མ་ཡལ་བ།  །

ལྷ་ཀླུ་དང་མི་ཡི་འདོད་ཡོན་འཚོགས།  །

གསང་ཡ་ང་འདུ་འཛི་མི་འབྱུང་བ།  །

གཤེན་རིག་འཛིན་མཁའ་འགྲོ་འཚོགས་པའི་གནས། །

དབྱིབས་མཁའ་འགྱིང་ཁྲོ་བོའི་ཚུལ་དུ་ཆགས། །

རྩེ་འཇའ་ཚོན་དཀྲིགས་པའི་གུར་ནང་ན། །

དབྱིངས་ཞི་བའི་ལྷ་ཚོགས་སྤྲིན་ལྟར་གཏིབ། །

སྐེད་དུར་ཁྲོད་འཇིགས་པའི་གཞལ་ཡས་ན། །

དབལ་དབང་དྲག་ཁྲོ་ཚོགས་སྐར་ལྟར་བཀྲ། །

རྩར་འཇིགས་རུང་ཁྲག་མཚོ་འཁྲུཊ་པའི་ཀློང༌། །

བོན་སྐྱོང་བའི་སྲུང་མ་སེར་ལྟར་འདྲིལ། །

གཡས་རང་འཁྱིལ་ནད་སེལ་ལྷ་ཆབ་ཡོད། །

སུས་འཐུང་བས་ནད་རིགས་ཐམས་ཅད་སེལ། །

ཚེ་ཉི་ཟླར་མཉམ་པའི་དངོས་གྲུབ་འབྱུང༌།  །

གཡོན་བྲག་དམར་རྒྱལ་མཚན་འདྲ་བའི་ངོས། །

བསྒྲོད་དཀའ་བའི་སྒྲུབ་ཕུག་གཏིང་ཟབ་ལ། །

བླ་དྲན་པ་ནམ་མཁའི་བཞུགས་ཁྲི་ཡོད། །

དེའི་སྟེང་གི་བྲག་ལ་ཞབས་རྗེས་གསལ། །

རྗེ་གྱེར་སྤུངས་དྲན་པའི་སྒྲུབ་གནས་ཡིན། །

དབུས་སྐྱེས་རི་ཞྭ་དཀར་རྩེ་བརྒྱད་འདྲར། །

ཡར་བལྟས་ཀྱི་བྲག་ལ་ཞི་བའི་འཛབ། །

སྔགས་ཨ་དཀར་གསང་བ་རང་གྲུབ་ཡོད། །

དེ་ལྟ་བུའི་གནས་རི་ཁྱད་འཕགས་འདིར། །

དུས་ཁྱད་ཅན་ཚེས་བཟང་གང་དག་ལ། །

གཤེན་རིག་འཛིན་དཔའ་བོའི་ཚོགས་གྲལ་ཡོད། །

དོན་དེ་ཕྱིར་དགེ་ལ་མོས་པའི་བུ། །

གནས་འཁོར་བའི་ལས་ལ་སྒྱིད་ལུག་ནས། །

དད་དམ་ཚིག་འགྱུར་མེད་གསེར་ལྟ་བུས། །

སྒོམ་ལྟ་སྤྱོད་རིག་རྩལ་འདོན་འདོད་ན། །

གནས་འདི་ན་གཅིག་པུར་རི་ཁྲོད་གྱིས། །

བསྙེན་སྒྲུབ་དང་ཉམས་ལེན་རྒྱུན་དུ་སྐྱོངས། །

གཡེང་འདུ་འཛིའི་རླུང་ལ་མ་སྐུར་ཅིག །

གནས་གཞན་དུ་ཞག་བརྒྱ་བསྒྲུབས་པ་བས། །

མཆོག་གནས་འདིར་ཞག་གཅིག་བསྒྲུབ་བྱས་ན། །

ཉམས་རྟོགས་ཚད་མཐུ་བྱིན་དགུ་འགྱུར་ཆེ། །

གནས་འདི་ནས་སེམས་ཅན་ཚེ་འཕོས་ན། །

སྐྱེ་ཕྱི་མར་མཁའ་སྤྱོད་ཞིང་དུ་བསྒྲོད། །

སྡུག་ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས། །

སྒོམ་རྫོགས་ཆེན་བླ་མེད་རྣལ་འབྱོར་བས། །

དུས་ཉིན་མཚན་ཁོར་ཡུག་འོད་གསལ་ལ། །

ངང་གཡོ་མེད་གནས་ན་ཚེ་གཅིག་ཏུ། །

ལུས་འཇའ་ལུས་དྭངས་མར་གྲོལ་བར་འགྱུར། །

དད་མོས་གུས་ཅན་གྱི་སོར་སྐྱེས་ཀྱིས། །

སྔར་སྡིག་པར་འགྱོད་ཅིང་མཐོལ་བཤགས་དང༌། །

ཕྱིས་མི་བགྱི་སྙམ་པའི་དམ་བཅའ་ཡིས། །

ཕྱག་སྐོར་བ་ཅི་ལྕོགས་བྱས་གྱུར་ན། །

ཚེ་ཕྱི་མར་བདེ་གནས་ཡང་དག་བསྙེགས། །

དེ་ལ་སོགས་ཡོན་ཏན་གཞལ་མི་ལོངས། །

སྐབས་འགའ་རེར་མཆོད་བསྟོད་འདི་ལྟར་གྱིས། །

ཨེ་མ་ཧོ།  རྩ་བརྒྱུད་དཔོན་གསས་རིག་འཛིན་བྱིན་རློབས་གནས། །

མཁའ་སྤྱོད་ཞིང་གི་བཀོད་པ་ཡོངས་རྫོགས་པའི། །

གོང་མོའི་གུར་གྱི་གནས་བདག་ལྷ་སྲུང་དང༌། །

གཞི་བདག་ཡུལ་ལྷ་ཡུལ་སྨན་ཐམས་ཅད་ལ། །

འདོད་ཡོན་ཕུན་ཚོགས་བསང་མཆོད་༼ཇ་མཆོད་དང་

ཚོགས་མཆོད་གཏོར་མ་ལ་སོགས་ཁ་བསྒྱུར༽འདི་འབུལ་གྱིས། །

དགྱེས་པར་བཞེས་ལ་རྣལ་འབྱོར་བདག་ཅག་གི། །

བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༌། །

རྣམ་དཀར་ལེགས་ཚོགས་གོང་ནས་གོང་འཕེལ་ཤོག །

ཅེས་འདི་སྐད་ཚིགས་སུ་བརྗོད་པར་བྱ། །

དེ་ལྟ་བུའི་ཚུལ་འདི་སུས་སྨྲས་ན། །

སྐྱང་ལུང་རྟོགས་སྐལ་བཟང་རྒྱ་མཚོས་སྨྲས། །

ལས་བུ་སློབ་དར་རྒྱས་མིང་གིས་བསྐུལ། །

དོན་དེང་བཞིན་འགྲུབ་པའི་སྨོན་ལམ་གདབ། །

ཕྱིས་རྗེས་འཇུག་རིག་པ་རྐྱང་དེད་ཀྱིས། །

ཁོག་སྙིང་ནས་བྱང་ཆུབ་དོན་གཉེར་རེར། །

ཡིད་ཆེས་ཀྱི་དད་པ་བརྙེས་ཕྱིར་བསྟན། །

ཉམས་ལོག་ལྟ་ཅན་ལ་གབ་པའི་རྒྱ།།  སརྦ་མངྒ་ལཾ།།

འབུལ་བཤད་དུང་གི་སྒྲ་དབྱངས།།

སྣང་ཞིག་སྐྱབས་མགོན་སྐུ་ཕྲེང་སོ་དགུ་བ་ ༧ སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ཉིད་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་ཆེན་སྟེང་དུ་ཕེབས་པ།

མ་ལུས་འགྲོ་ལ་བརྩེ་བའི་བདག་ཉིད་མཆོག །

མཆོག་གི་སྤྲུལ་སྐུ་དམུ་རྒྱལ་ཐོད་དཀར་སྲས། །

སྲས་བཅས་རྒྱལ་བ་ས་གསུམ་འགྲོ་བའི་སྐྱབས། །

སྐྱབས་མཆོག་གཡུང་དྲུང་གནས་བཞིས་ཤིས་པ་སྩོལ། །

རབ་འབྱམས་རྒྱལ་བའི་གསང་གསུམ་རིན་ཆེན་ཁམས། །

གཅིག་བསྡུས་མཚམས་སྤྲིན་གཞོན་ནུའི་འཇོ་སྒེག་ཅན། །

བསླབ་པ་གསུམ་གྱི་རི་དབང་མངོན་མཐོ་བ། །

སྣང་སྟོན་རྒྱལ་བའི་དབང་པོ་གཏན་གྱི་སྐྱབས། །

གང་གི་མཛད་འཕྲིན་ནམ་མཁའི་མཐའ་མཉམ་ཞིང༌། །

སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །

གདུལ་བྱའི་ཁམས་མཐུན་བོན་སྦྱིན་དལ་འགྲོའི་རྒྱུན། །

སྟོང་གསུམ་གསེར་བཀང་ཕུལ་བས་གཞལ་དུ་མེད། །

དེ་ལྟ་ན་ཡང་རང་ཅག་ལྷ་སྐལ་གྱི། །

མེ་ཏོག་ཕོག་པའི་ཞིང་མཆོག་མ་ནོར་བ། །

སྔོན་བསགས་བསོད་ནམས་སྟོབས་སུ་སྨིན་པའི་མཐུས། །

གསེར་ཞལ་དངོས་མཇལ་སྐལ་པ་ལྷ་ཡིས་བསྩལ། །

དེ་ཡང་རྔ་གཡང་ཕྱུག་མོའི་ལྗོངས་ཞེས་པའི། །

ནོར་འཛིན་དཔལ་མོར་སྔོན་བྱོན་སྐྱེས་ཆེན་རྣམས། །

རིམ་པར་བྱོན་ནས་བྱིན་རླབས་ཆར་རྒྱུན་གྱིས། །

དགེ་བཅུའི་དཔལ་ཡོན་རྒྱ་མཚོ་བཞིན་དུ་འཁྱིལ། །

སྣང་བ་སྣ་ཚོགས་གཞི་ལ་ཞིག་པའི་གཤེན། །

སྣང་ཞིག་གདུང་རྒྱུད་ཐོག་མ་དོ་འཕགས་གཤེན། །

སྣང་སྲིད་འགྲོ་ཁམས་ཁ་ལོ་བསྒྱུར་བའི་གཤེན། །

སྣང་སྟོན་སྐལ་བཟང་བློ་གྲོས་རྒྱ་མཚོ་གཤེན། །

གང་ཉིད་ཕྱོགས་འདིར་ཆེད་དུ་གདན་འདྲེན་ན། །

སྤྱན་འདྲེན་ཕོ་ཉའི་འགྲོ་འོང་བརྒྱ་ཕྲག་དང༌། །

རྟ་དང་གླང་པོས་ཆིབས་བསུ་ཟླ་བའི་ལམ། །

རྐང་ཐང་སེར་ཕྲེང་སྒྲིག་པ་ཉིན་ལམ་དགོས། །

སྲས་ཀྱི་ཐུ་བོས་བསྟན་འགྲོའི་དོན་དགོངས་ནས། །

ད་ལམ་འདི་ལྟར་སྟབས་བདེའི་ངང་ཉིད་དུ། །

དེང་རབས་འཕྲུལ་གྱི་རླངས་འཁོར་ལ་བཞུགས་ཏེ། །

བྱང་གི་ཨཀྟ་རོང་འདིར་ཆིབས་ཞལ་བསྒྱུར། །

དབལ་རམ་འབུམ་པའི་གྲུབ་ཐོབ་རྣམ་གསུམ་གྱི། །

བརྒྱུད་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཡིས། །

དབལ་གསས་རྔམ་པའི་སྒྲུབ་པ་ཆེན་མོ་ནི། །

སྤྱི་རྟིང་འཁོར་ལོའི་གདན་ས་འདི་ན་སྒྲུབ། །

སྒྲུབ་ཆེན་འདིའི་ཐོག་སྣང་སྟོན་ཞབས་ཟུང་གི། །

བཀྲ་ཤིས་ཟེར་མ་གཡོ་བ་མངོན་བཀོད་ནས། །

དབང་ལུང་མན་ངག་གྲུ་ཆར་བསྙིལ་བ་ནི། །

སྐལ་ལྡན་སྔོན་བསགས་རྣམ་དཀར་ལྷུན་པོར་ལྟ། །

བྱིན་རླབས་ཚན་ཁ་ཤིན་ཏུ་མཐོ་བའི་ཕྱག །

འགྲོ་མང་སྙིམ་པ་དུད་པའི་སྤྱི་བོ་རུ། །

བཀོད་ནས་ཕྱི་ནང་གསང་བའི་བར་ཆོད་བགེགས། །

རང་སར་ཞི་བའི་ལེགས་མཛད་ཨེ་མ་ཧོ། །

དེ་ཡང་གངས་ཅན་མདོ་སྨད་བྱང་ཁའི་རྒྱུད། །

ཨཀྟ་རོང་ཞེས་རེབ་གོང་གསེར་ལྗོངས་སུ། །

དབལ་རམ་འབུམ་པའི་བསྟན་པ་རྒྱས་པ་དང༌། །

བརྒྱུད་འཛིན་མང་འཕེལ་སྐུ་ཚེ་རབ་བརྟན་ཕྱིར། །

དེང་འདིར་འཆི་མེད་ཚེ་ཡི་དབང་བསྐུར་བའི། །

ཡོན་དུ་ཚངས་རྒྱུང་འཇིག་རྟེན་གྲངས་མེད་ལ། །

རིན་ཆེན་སྣ་ཚོགས་ཕྱུར་བུར་གཏམས་པ་དང༌། །

ཉི་ཟླ་ཟུང་རེས་བརྒྱན་ནས་ཕུལ་ན་ཡང༌། །

རི་རྒྱལ་ལྷུན་པོའི་དཔངས་ལས་ཆེས་མཐོ་བའི། །

བཀའ་དྲིན་ཆེན་པོའི་ཆ་ཤས་ཕྲ་མོ་ཙམ། །

གཞལ་ལ་དམིགས་སུ་མེད་ཀྱང་སྐལ་ལྡན་གྱི། །

སློབ་མ་ཡོངས་ནས་སྣང་སྟོན་ཆེན་པོ་ལ། །

བཅོས་མིན་སྙིང་གི་དད་གུས་མཚོན་པའི་ཕྱིར། །

མེ་ཏོག་ཆུང་རུང་ལྷ་རྫས་གུརགུམ་ནི། །

ཉུང་ཡང་སྨན་རྫས་དཔེ་བཞིན་ཟང་ཟིང་གི །

དངོས་པོའི་འབུལ་བ་ཙམ་བཏེགས་རིམ་པ་ནི། །

 ༼འབུལ་བ་བཏེགས་པ་ཟུར་དུ་གསལ་ལ། སྐྱབས་མགོན་རིན་པོ་ཆེས་ཐུཊ་བརྩེ་བ་ཆེན་པོའི་སྒོ་ནས་འབུལ་བ་རྣམས་ཕྱིར་རེབ་གོང་བོན་མང་འདུས་སྤྱི་ལ་གནང་བ་དང༌།  དེ་བཞིན་དུ་སྤྱི་ཁ་གསུམ་གྱི་འབུལ་བ་རྣམས་ཀྱང་ཕྱིར་གནང་བའོ།༽

བདེར་གཤེགས་གསུང་གི་གསང་བ་རིན་ཆེན་ལས། །

འགྲོ་ཁམས་ལྐུགས་པ་ཁ་འབྱེད་ལྡེ་མིག་མཆོག །

བརྩེ་ཆེན་ཡེ་ཤེས་ཐིག་ལེར་འཛུམ་པའི་སྐུ། །

དབྱངས་ཀྱི་རྒྱལ་མོ་སླར་ཡང་སྤྱི་བོར་བསྙེན། །

རྨད་བྱུང་གྱེར་བསྟན་རྒྱ་མཚོའི་འཇིངས་བགྲོད་མཁས། །

མཁས་ཚུལ་གསུམ་གྱིས་བསྟན་དང་འགྲོ་དོན་མཛད། །

མཛད་བཟང་རྒྱལ་བ་ཇི་བཞིན་འཛམ་གླིང་རྒྱན། །

རྒྱན་དྲུག་མཁས་པའི་ཞལ་ཚབ་སྣང་སྟོན་མཆོག །

ཟབ་བརླིང་ལེགས་བཤད་སྒྲོག་ལ་ངག་གི་དཔལ། །

དཔལ་ལྡན་རིག་པའི་རྒྱལ་པོ་སྣང་ཞིག་མཚན། །

མཚན་དཔེའི་རྒྱན་སྤྲས་འགག་མེད་ཚངས་པའི་དབྱངས། །

དབྱངས་ཅན་གསང་གསུམ་དཔལ་ཡོན་ཅན་དེ་རྨད། །

བཀྲ་ཤིས་སྐུ་མཆོག་གར་ཕེབས་ཉི་མ་བཞིན། །

བཀྲ་ཤིས་གསུང་ལས་གང་བྱོན་གདམས་ངག་བཅུད། །

བཀྲ་ཤིས་ཐུགས་ལ་མཁྱེན་བརྩེའི་རི་མོ་བཀྲ། །

བཀྲ་ཤིས་ཡོན་ཏན་འཕྲིན་ལས་བསྟན་འགྲོའི་དཔྱིད། །

གང་གི་ཞབས་ཟུང་རིན་ཆེན་དང་པོའི་ཁམས། །

བྱིན་རླབས་འོད་ཀྱི་ཟེར་མ་ལམ་ལམ་དུ། །

བྱང་གི་ཨཀྟ་རོང་ལ་བཀོད་པའི་ཚེ། །

དཀར་ཕྱོགས་ལྷ་ཀླུས་བསུ་བ་སྤྲིན་དུ་གཏིབས། །

དེ་རྣམས་རང་རང་བསོད་ནམས་ལས་གྲུབ་ཀྱི། །

རིན་ཆེན་སྣ་ཚོགས་མཆོད་པའི་བྱེ་བྲག་ནི། །

སྔོན་ཚེ་གཤེན་རབ་ལྷ་ཀླུའི་ཞིང་ཁམས་སུ། །

ཕེབས་པའི་ཀུན་བཟང་མཆོད་སྤྲིན་ཇི་བཞིན་ནོ། །

བརྩེ་ཆེན་ཡེ་ཤེས་ཐུགས་ལ་བཀྲམ་པ་གང༌། །

རྣམ་དག་མགུལ་གྱི་བུམ་བཟང་ལ་དྲངས་ཏེ། །

དུང་གི་ཚེམས་བར་ལས་བཏོན་བཀའ་ལུང་དང༌། །

འཆི་མེད་ཚེ་དབང་བདུད་རྩིས་འགྲོ་ཁམས་གསོས། །

དབལ་རམ་འབུམ་པའི་བསྟན་པ་སྤེལ་བའི་ཕྱིར། །

དྲན་པ་ནམ་མཁའ་སྡོམ་བརྩོན་ཆེན་པོའི་སྐུར། །

བཞེངས་ནས་ཨཀྟ་རོང་དུ་དབང་ལུང་གི །

གྲུ་ཆར་འཇོ་ཞེས་སུམ་རྩེན་གནས་ན་གླེང༌། །

སྣང་སྟོན་ཆེན་པོ་ལྷ་ཀླུ་མི་གསུམ་གྱི། །

སྤྱི་རྗེའི་འཁོར་གྱི་ཐོག་མར་གྱུར་པའི་གཤེན། །

ཕུར་ཐོགས་སྟོང་དང་དགུ་བརྒྱའི་རིག་འཛིན་སྡེས། །

དངོས་འབྱོར་ཟང་ཟིང་མཆོད་པ་འདི་ཡིས་མཚོན། །

སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ཏིང་ངེ་འཛིན། །

ལོངས་སྤྱོད་རྒྱན་(༡) གྱི་འཁོར་ལོས་རབ་སྤེལ་བའི། །

ཟད་མེད་མཆོད་པའི་སྤྲིན་འདི་གཟུགས་གྲུབ་ན། །

རྒྱ་མཚོའི་གོས་ཅན་ཡངས་པ་སྣོད་དུ་ཆུང༌། །

དེ་ལྟར་སྒོ་གསུམ་དག་པའི་དགེ་རྩ་གང༌། །

བྱང་ཆེན་རྒྱ་མཚོའི་ཀློང་དུ་མངོན་འདྲེས་ཏེ། །

གདུལ་བྱའི་རྒྱུད་ཀྱི་མ་རིག་ཚ་བའི་དབལ། །

གཞིལ་བའི་རྩེ་དགའ་ཟད་མེད་སྐྱབས་འཇུག་ཞུ། །

མགོན་ཁྱོད་ཐུགས་བསྐྱེད་དག་པའི་ལྷ་ལམ་ནས། །

བསྟན་འགྲོའི་དོན་ཆེན་སྤྲིན་དཀར་རབ་གཡོ་ཞིང༌། །

འདི་ཕྱོགས་ནམ་ཡང་ཐུགས་ལ་བཏགས་པའི་ངོས། །

དབང་ལུང་ཁྲིད་ཀྱི་ཆར་རྒྱུན་ཡང་ཡང་ཞུ། །

མཁྱེན་པ་ཉིན་བྱེད་སྟོང་གི་དཀྱིལ་འཁོར་ནས། །

བརྩེ་ཆེན་སྙིང་རྗེའི་ཚ་ཟེར་རབ་དཀྲིགས་ཏེ། །

བསྟན་འགྲོའི་པད་ཚལ་ལེགས་པར་སྐྱོང་བའི་མགོན། །

མགོན་ཁྱོད་སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །

(༡)  སྐྱེད་ཆོག་རྣམས་ལས། ལོངས་སྤྱོད་རྒྱན་གྱི་འཕྲོ་འདུས་མཆོད་པའི་མི་གཙང་བ་སྦྱང་ནས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བར་རྒྱ་ཆེར་སྤེལ་བར་གསུངས།

འདི་སོགས་དུས་གསུམ་རྣམ་དཀར་དགེ་བའི་མཐུས། །

མཐའ་ཡས་མ་རྣམས་སྡུག་བསྔལ་ལས་ཐར་ནས། །

སྣང་སྟོན་ཞབས་རྡུལ་དད་གུས་རྒྱལ་མཚན་རྩེར། །

མཆོད་པའི་སྐལ་པ་བཟང་པོར་སྐྱབས་འཇུག་ཞུ།།

ཞེས་འབུལ་བཤད་བསྡུས་པ་འདི་ནི། ཁོ་བོ་བསོད་ནམས་གཡུང་དྲུང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཚོགས་གྲལ་དུ་ཐོག་མར་ཞུགས་ཚེ། སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་ཚེ་སྒྲུབ་ཀྱི་དབང་བསྐུར་བ་དང་ཁེལ་བས། བོན་མང་འདུས་སྤྱི་ནས་འདི་འདྲ་ཚིག་ཉུང་དོན་འདུས་ཀྱི་འབུལ་བཤད་ཅིག་མྱུར་དུ་འབྲི་ དགོས་ཀྱི་བཀའ་བབས་པས། མེ་ཁྱི་ཟླ་བ་བཅུ་བའི་ཚེས་དགུའི་ཞོགས་པར་སྤྱི་རྟིང་གད་སྐྱ་རིག་འཛིན་དར་རྒྱས་གླིང་དུ་མགྱོགས་བྲིས་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

༄༅། །བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ལོ་རྒྱུས་མདོར་བསྡུས།།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

མདོ་སྨད་བྱང་རྒྱུད་ཀྱི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས།

སྙིང་རྒྱལ་བྱམས་གྱིས་བཤད།  བསོད་ནམས་གཡུང་དྲུང་གིས་བྲིས།

མཆོད་པར་བརྗོད་པ།

སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་གོས་ཅན་མར། །

མཁྱེན་བརྩེ་ནུས་པའི་ཡལ་འདབ་རབ་རྒྱས་ཤིང༌། །

གཞན་ཕན་འབྲས་བཟང་འབུམ་གྱིས་ཉེར་དུད་པའི། །

གཤེན་རྒྱལ་དཔག་བསམ་ལྗོན་པས་དགེ་ལེགས་སྩོལ། །

རབ་འབྱམས་ཞིང་གི་ངག་ལ་དབང་བསྒྱུར་བ། །

རབ་དཀར་པདྨའི་གདན་ལ་འགྱིང་བག་ཅན། །

རབ་མཛེས་ཤེས་རབ་ལྷ་མོ་དབྱངས་ཅན་མས། །

རབ་ཏུ་ཤིས་པའི་དགེ་མཚན་ཆར་དུ་སྙིལ། །

ཤེས་བྱ་ཀུན་ལ་གཟིགས་པའི་སྤྱན་ཡངས་ཤིང༌། །

རབ་འབྱམས་བོན་སྒོ་འགྲོ་ལ་སྟོན་མཁས་པ། །

རྒྱལ་བ་མཆོག་དང་དབྱེར་མེད་མཛད་འཕྲིན་ཅན། །

མཚན་ལྡན་བཀྲ་ཤིས་སྨན་རི་བ་དེ་རྒྱལ། །

གསང་སྔགས་ཨ་དཀར་ཐེག་པའི་ལྷུན་པོ་ལ། །

ཡང་རྩེ་བླ་མེད་དཔག་བསམ་ཁོ་ལག་ཡངས། །

སྒྲུབ་པ་ནན་ཏན་འཁོར་ལོའི་འབྲས་བཟང་གིས། །

ཕྱུག་པའི་སྤྱི་རྟིང་འཁོར་ལོས་བསྒྱུར་ལ་འདུད། །

ལྷ་སྔགས་ཏིང་འཛིན་ཟབ་མོའི་ཟློས་གར་གྱིས། །

འཇིག་རྟེན་རྒུད་པ་བསྐལ་པའི་མཐར་སྐྲོད་པའི། །

གྲུབ་ཆེན་ངོ་མོ་ཡེ་ཤེས་མཚོ་རྒྱལ་ཞེས། །

རིག་འཛིན་མི་ཡི་རྣམ་པར་སྤྲུལ་དེ་བསྔགས། །

དམ་པ་ཁྱུང་གི་གདུང་རབས་མུ་ཏིག་ཕྲེང༌། །

མདོ་གམ་གསེར་མོ་ལྗོངས་སུ་འདྲེན་པའི་གཤེན། །

རིམ་གཉིས་ཟབ་མོའི་རྣལ་འབྱོར་དལ་འགྲོའི་རྒྱུན། །

ཡབ་མེས་ཁྱུང་དཀར་ཚངས་པ་ལ་ཕྱག་འཚལ། །

ཤེས་བྱ་ཐམས་ཅད་མ་སྒྲིབ་ས་ལེ་བ། །

རབ་འབྱམས་བཤེས་གཉེན་རྩེ་ཞིག་གདུང་ལ་འཁྲུངས། །

རྣམ་མང་གྲྭ་ས་འགྲིམས་ནས་མདོ་སྨད་དུ། །

རྒྱལ་བསྟན་ཉིན་མོར་བྱེད་ལ་དད་ཕྱག་རྩེག །

བསྟན་པའི་སྲོག་ཤིང་དགེ་ལེགས་རྒྱ་མཚོའི་དཔལ། །

བསྟན་པའི་རྒྱུན་འཛིན་བསྟན་འཛིན་དབང་གྲཊ་མཚན། །

བསྟན་པ་རྒྱས་མཛད་ནམ་མཁའ་ཚུལ་ཁྲིམས་ཞབས། །

བསྟན་པའི་མངའ་བདག་བླ་མ་རྣམ་གསུམ་བསྟོད། །

རིག་གནས་ཀུན་མཁྱེན་ཀུན་གསལ་བློ་གྲོས་མཚན། །

ཚུལ་ཁྲིམས་རྣམ་དག་ཤེས་རབ་བསྟན་འཛིན་མགོན། །

ཡོན་ཏན་རྨད་བྱུང་ཤེས་རབ་མཆོག་ལྡན་དཔལ། །

གཡུང་གླིང་འདྲེན་པ་རྣམ་གསུམ་ཕྱག་གི་ཡུལ། །

འགྲོ་ཁམས་ཚ་གདུང་མ་ལུས་འཕྲོག་པའི་དཔྱིད། །

གཤེན་བསྟན་གདུཊ་དཀར་ཕན་བདེའི་གྲིབ་བསིལ་ཅན། །

འགྲོ་བའི་དོན་ལ་འཁྱིར་བ་ཟླ་མེད་པའི། །

གཤེན་བོན་ཕུར་ཐོགས་སྟོང་དང་དགུ་བརྒྱར་འདུད། །

ཁྲི་སྲོང་རིང་དེར་བོན་བསྟན་ཉི་མ་ཆུ་ལྷའི་ཕྱོགས་སུ་བཞུད་ཕངས་ནས།  །

བོན་གཤེན་རིག་འཛིན་(སུམ་པ་གླང་གི་)གྱིམ་ཤོད་བརྒྱུད་ནས་མདོ་ཁམས་བསྟན་པ་སྤེལ་བར་བྱོན།  །

དེ་ནང་དབལ་རམ་འབུམ་པའི་རྣལ་འབྱོར་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི།  །

བསྟན་པའི་ཆུ་རྒྱུན་ད་ལྟའི་བར་འབབ་ལོ་རྒྱུས་ཟུར་ཙམ་འདི་ན་གླེང༌།  །

ལེའུ་དང་པོ།      ལོ་རྒྱུས་ཀྱི་རྒྱབ་ལྗོངས།

ཞེས་མཆོད་པར་བརྗོད་པའི་ཚིགས་བཅད་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་སྔོན་དུ་བཀོད་ནས་སྐབས་ཀྱི་བརྗོད་བྱ་ལ་འཇུག་པ་སྟེ། སྔོན་མི་ལོ་སྟོང་ཕྲག་གི་ཡར་སྔོན། བོད་ཀྱི་རྒྱལ་པོ་གླང་དར་གྱི་སྐབས་﹙སྤྱི་ལོའི་དུས་རབས་དགུ་བའི་ནང﹝སྐྱབས་རྗེ་རིན་པོ་ཆེས་ལྕགས་བྱ་སྟེ་སྤྱི་ལོ ༨༤༡ ལ་གླང་དར་གྱིས་བསྟན་པ་བསྣུབས་གསུངས་པ་རྒྱའི་ཡིག་ཚང་དང་བསྟུན་འདུག  མཁན་ཉི་མས་ལྕགས་བྱ་སྟེ་སྤྱི་ལོ ༩༠༡ ལ་གླང་དར་གྱིས་བསྟན་པ་བསྣུབས་གསུངས་པ་གཞན་སྡེའི་ཡོངས་གྲགས་ཕུག་ལུགས་དང་མཐུན་ཞིང་རྒྱའི་ཡིག་ཚང་གི་ལུགས་འདི་ཕུག་ལུགས་ལས་དྲུག་ཅུ་སྐོར་གཅིག་གིས་སྔ་བ་ཤེས་པར་གྱིས་﹞གླང་དར་གྱིས་བསྟན་པ་བསྣུབས་པས) རེབ་གོང་གྲུབ་ཐོབ་རྣམ་གསུམ་བསྟན་འགྲོའི་དོན་དུ་དགོངས་ནས་བྱོན་ཅེས་ཡོངས་སུ་གྲགས་པ་ནི། ཆེ་བ་སྤྱི་རྟིང་འཁོར་ལོས་བསྒྱུར་བ། འབྲིང་བ་ངོ་མོ་ཡེ་ཤེས་མཚོ་རྒྱལ།  ཆུང་བ་ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ་སྟེ་རིགས་རུས་ཁྱུང་པོའི་གདུང་རྒྱུད་ཡིན། དབུས་ནས་མར་བྱོན་ནས། (སུམ་པ་གླང་གི་གྱིམ་ཤོད་བརྒྱུད་)རེབ་གོང་སྟོད་ཀྱི་ས་འབལ་ཚའི་ཉག་དམར་སྣ་ཞེས་པར་བྱོན་(ཆད་ལུང་ཐང་དུ་གསོལ་ཇ་བསྐོལ་བར་བརྩམས་)པ་ན། ལུང་མདོར་(བྲག་དམར་གཏོར་མ་ཟོར་འདྲ་བ་བཞི་འདུས་ཀྱི་སྲིབ། ཆུ་བོ་རྒྱ་གྲམ་གྱི་ཚུལ་དུ་ཡོད་པའི་འགྲམ་) མཐོང་རེག་དུག་གིས་གསོད་པའི་བཙན་སྡོང་ཆེན་པོ་ཞིག་ཡོད་པ་དེ། གྲུབ་ཆེན་རྣམ་པ་གསུམ་ནས་གཅོད་པར་ཞུ་ཞེས་གཟུགས་མེད་པའི་སྒྲས་བསྐུལ་(བཤད་ཚུལ་གཞན་ཞིག་ལ་མགར་རྩེ་སྲུང་མ་མདུན་བསུ་བའི་ཚུལ་དུ་འོངས་ནས་ལུང་མདོའི་བཙན་གྱི་སྡོང་པོ་གཅོད་པར་ཞུ་ཞེས་ཞུས་པར། རྟེན་འབྲེལ་ལེགས་ན་ལས་དེ་བསྒྲུབ་ཆོག་ཅེས་ཞལ་ལན་གནང་མ་ཐག་ཨ་རྡོག་ཨ་མྱེས་བུ་མོ་རྒྱལ་མོ་བྱམས་ཟེར་བ་ལོ་བཅུ་དྲུག་ཅན་གྱིས་གསོལ་ཇ་ནང་ལ་འོ་མ་ཁྱེར་འོངས་ཏེ་ཕུལ། དེས་རྟེན་འབྲེལ་དགེ་བའི་མཚན་མ་ཤར་བས་)སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ཡི་དམ་དབལ་རམ་འབུམ་པའི་བསྐྱེད་རིམ་ཟབ་མོའི་ངང་ནས།  ཟན་གྱི་གཏོར་མ་ཟུར་གསུམ་གཅིག་གིས་རྩད་ནས་བཅད། རེབ་གོང་ཕྱོགས་ཀྱི་ཀླུ་བདུད་བཙན་གསུམ་དམ་ལ་བཏགས། ཤིང་སྡོང་དུམ་བུར་བསིལ་ནས་སྒྲུབ་རྔ་དང་སྒྲུབ་ཕུར་མང་པོ་བཞེངས།  གྲུབ་ཆེན་རྣམ་པ་གསུམ་གྱི་དབལ་རམ་འབུམ་པའི་བསྟན་པ་དུས་ཀྱི་མཐའ་རུ་རྒྱས་ ཤིང༌། བརྒྱུད་འཛིན་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱུང་བའི་རྟེན་འབྲེལ་འགྲིགས། །

དེ་ཡང་རེབ་གོང་བོན་མང་ཞེས་སྒྲུབ་སྡེ་ཉི་ཤུ་ལྷག་ཡོད་པའི་བཅའ་ཡིག་ཆེན་མོ་རྣམས་སུ།  དབུས་ས་ཀ་སྡོང་དྲུག་ནས། གྲུབ་ ཐོབ་རྣམ་གསུམ་རྫུ་འཕྲུལ་གྱིས་བྱོན་ཏེ། རེབ་གོང་གསེར་མོ་ལྗོངས་ཀྱི་ས་འབལ་ཚའི་ཉག་དམར་སྣ་ན། བཙན་གྱི་སྡོང་པོ་ཡོད་པ་ཟན་གྱི་གཏོར་མས་བཅད་དེ། བདུད་བཙན་དམ་ལ་བཏགས་ཤིང་གཟུགས་ཅན་གཟུགས་མེད་ཀྱི་གདུལ་བྱ་རྗེས་སུ་བཟུང་ནས། རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱུང་བར་ཐུགས་སྨོན་གནང་བས། བོན་གྱི་སྒྲུབ་སྡེ་དུ་མ་བྱུང་བ་ཡིན།  ཞེས་གསུངས་པ་དང༌། མདོ་སྨད་ཁྲི་ཀ་བ་སྦ་སར་པཎྚྀ་ཏ༧རྗེ་བཙུན་ཀུན་བཟང་རྒྱལ་མཚན་གྱི་གསུང་ལས།

དེ་ནས་བོད་དང་ཞང་ཞུང་ཡུལ་ཁམས་ནས། །

གཤེན་བསྟན་ཉི་མ་ནུབ་རིར་ཆས་པའི་ཚེ། །

བོན་རྣམས་ཐམས་ཅད་གཏེར་གྱི་རྒྱ་ཡིས་བཏབས། །

གཤེན་ཆེན་འགའ་ཞིག་མཁའ་སྤྱོད་ཞིང་དུ་གཤེགས། །

གཤེན་ཕྲན་ཕལ་ཆེར་ཐུགས་དམ་གང་བདེར་བཞུགས། །

དེ་དུས་དབལ་རམ་འབུམ་པའི་བོན་སྐོར་ལ། །

གྲུབ་པ་བསྙེམས་པའི་གཤེན་ཆེན་རྣམ་པ་གསུམ། །

མདོ་སྨད་རེབ་ཀོང་གསེར་མོ་རྫོངས་﹝ལྗོངས་﹞སུ་ཕེབས། །

གྲུབ་པའི་རྟགས་དང་རྫུ་འཕྲུལ་མང་པོ་བསྟན། །

གཟུགས་ཅན་གཟུགས་མེད་འགྲོ་བ་ཕལ་ཆེར་ཞིག །

བོན་གྱི་གདུལ་བྱར་བཀོད་ནས་བསྟན་པ་སྤེལ། །

རེབ་ཀོང་ཡུལ་དུ་བཀའ་རྟགས་མང་དུ་བཞག །

ཁྱད་པར་གདུག་པ་བཙན་གྱི་བླ་ཤིང་ཞིག །

གྲུབ་ཐོབ་གསུམ་གྱིས་ཟན་གྱི་གཏོར་མས་བཅད། །

གདུག་པའི་ཤིང་ལ་སྒྲུབ་རྟེན་ཕུར་བུ་དང༌། །

སྒྲུབ་རྔ་ལ་སོགས་མཁོ་བའི་ཡོ་བྱད་བཟོས། །

གཤེན་ཆེན་ཆེ་བ་སྤྱི་སྟོང་འཁོར་ལོ་དང༌། །

འབྲིང་བ་ངོ་མོའི་ཡེ་ཤེས་མཚོ་རྒྱལ་མཚན། །

ཆུང་བ་ཁྱུང་དཀར་ཚང་བ་ཞེས་སུ་གྲགས། །

དེ་དག་བོན་དང་རུས་ཀྱི་བརྒྱུད་འཛིན་པའི། །

གཤེན་སྡེ་སྤྱི་ཁྱུང་ངོ་གསུམ་ཞེས་སུ་ཆགས། །

དེ་དང་དེ་ལས་གྱེས་པའི་གཤེན་སྡེ་ནི། །

གླིང་རྒྱ་དར་གྲོང་ཞོ་འཕོང་འགུར་ཆུ་སོགས། །

དབལ་རམ་བརྒྱུད་འཛིན་གཤེན་སྡེ་མང་དུ་ཆགས། །

ཞེས་གསུངས་པ་ལྟར། ཡར་ནང་བོན་སྡེ་ཁ་གསུམ་ཞེས། བོན་བརྒྱ། དམག་གསར། ལྡོང་ངེ་གསུམ་བྱུང༌།  གཞུང་གི་བོན་མང་ཁ་གསུམ་ཞེས། སྟོད་ཕྱོགས་བོན་མང་(གྱང་རི། ངོ་མོ། སྤྱི་ཁ་གསུམ། ཚོ་འདུ་) སྙན་བཟང་བོན་མང་(ཁྱུང་པོ།  སྟོང་ཆེ།  རུ་ཞོལ་མ།  རུ་གོང་མ།  ཨ་བག  ནོའུ་རོང་)  སྨད་ཕྱོགས་བོན་མང་(ཁྱུང་པོ་ཐང༌།  སྡོང་སྐམ།  གླིང་བརྒྱ།  དར་གྲོང༌།  ཞོ་འོང་ཉིན་ཐ།)  གཞན་ཡང་ཐེ་བུའི་བོན་ཚང་སོགས་བྱུང༌། མར་ནང་བོན་སྡེ་ཁ་གསུམ་ཞེས། བོན་ཚང་མ། བ་ལུང་(དབལ་ལུང་)  ལྷོ་བ་གསུམ་བྱུང་བ་བཅས་བྱང་གི་ཨཀྟ་རོང་འདིར་བོན་གྱི་བསྟན་པ་དར་ནས་མི་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་དོ། །

གཞན་ཡང༌། སྐྱབས་རྗེ་རིན་པོ་ཆེའི་བསྟན་རྩིས་མུན་སྒྲོན་ལས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དབུས་ནས་ (སྤྱི་ལོ ༧༤༩ ལ) བོན་བསྣུབས་དུས། མེ་ཉག་ལྕེ་ཚ་མཁར་བུ་དང་ལྡེ་གྱིམ་ཚ་རྨ་ཆུང༌།

དམུ་གཤེན་དྲན་པ་ནམ་མཁའ་སོགས་མདོ་སྨད་དུ་ཕེབས་ཤིང༌། དྲན་པ་ནམ་མཁའ་རེབ་གོང་གི་གོང་མོ་གུར་ཁང་དུ་བཞུགས། ཨ་བ་ངོས་བཟང་གི་དགོན་སྡེ་བཏབས། ཞེས་གསུངས། ། ཁྲི་སྲོང་གིས་བོན་བསྣུབས་སྐབས། སྐལ་བཟང་མགྲིན་རྒྱན་ལས།

གཏེར་ཁ་ཆེ་ཆུང་གྲངས་ལས་འདས་སྦས་ཏེ། །

སྨོན་ལམ་དཀར་ནག་བཏབ་ཅིང་གཤེན་རྣམས་ཀྱང༌། །

རྫུ་འཕྲུལ་རྩལ་གྱིས་ལ་ལ་མཁའ་སྤྱོད་གཤེགས། །

ལ་ལ་ས་སྤྱོད་ཞིང་ཁམས་གཞན་དུ་གཤེགས། །

ལ་ལ་སྲིད་པའི་ལུགས་དང་བསྟུན་པར་མཛད། །

སྔར་གྱི་གཤེན་པོའི་ཆས་རྣམས་བསྒྱུར་མཛད་དེ། །

དབུ་ལ་དོམ་ཞུ་དོམ་ར་རེ་རེ་གྱོན། །

ལུས་ལ་དུག་པོ་རྩི་བེར་རེ་རེ་མནབས། །

ཕྱག་ན་ཁ་ཊཾ་སྦ་བེར་རེ་རེ་བཟུང༌། །

རྒྱབ་ཏུ་བེ་བུམ་པ་ཏྲ་ཅན་རེ་ཁུར། །

སུམ་པ་གླང་གི་གྱིམ་ཤོད་དུ་གཤེགས་སོ། །

ཞེས་གསུངས་པས། བོན་གཤེན་རིག་འཛིན་རྣམས་སུམ་པ་གླང་གི་གྱིམ་ཤོད་བརྒྱུད་ནས་མདོ་གམ་དུ་ཕེབས་ཤིང་དུས་ཚིགས་ཀྱང་ཁྲི་སྲོང་དང་གླང་དར་གྱི་རིང་གང་ཡིན་ལ་དཔྱད་གཞི་འདུག་པས་   འདིར་སྤྲོས་པ་བསྐྱུངས། དེ་ལྟར་བོན་གཤེན་རིག་འཛིན་རྣམས་དབུས་ནས་མར་ཕེབས་དུས། བྱ་བྲལ་རྣལ་འབྱོར་གྱི་ཆས་སུ་ཞུགས་ནས་དབུ་ལ་དོམ་ར་གསོལ་བ་དང་ཕྱག་ཏུ་ཁ་ཊཾ་བསྣམས་ནས་མདོ་སྨད་སོཊ་བསྟན་པ་སྤེལ་བའི་ས་གནས་སུ་སླེབས་ཚེ་ཁ་ཊཾ་སྒྲུབ་ཕུག་གམ་མཚམས་ཁང་སོགས་ཀྱི་སྒོ་ཁ་དང་ལྷས་སུ་བརྩེངས་ནས་ཐུགས་དམ་མཛད་པས། ད་ལྟ་རེབ་གོང་བོན་མང་གི་རྒན་པ་རྣམས་ཀྱིས་དབུ་ལ་དོམ་ར་བཅིངས་པ་དང༌། ལྷག་པར་དུ་དེང་སང་བོན་མང་གི་གསས་ཁང་རྣམས་ཀྱི་སྒོ་ལྷས་གང་རུང་དང་སྒྲུབ་གཤེན་རང་རང་གི་གནས་ཁང་ལྷས་སུ་ཁ་ཊཾ་རྩེ་གསུམ་མཐོན་པོ་རེ་རྩེང་གི་ཡོད་པའི་རྒྱུ་མཚན་ཡང་སྔར་སྲོལ་གོམས་གཤིས་སུ་ཆགས་པའོ། །

སྦ་སར་པཎྚྀ་ཏའི་གསུང་ལས།

གཞན་ཡང་དབལ་རམ་བརྒྱུད་པ་འཛིན་པའི་གཤེན། །

བྲ་བོ་རེ་རྒན་སྦས་ཏིང་སྐར་མིག་དང༌། །

སྦས་པའི་གཤེན་ཆེན་དགུ་རྒྱུད་ལ་སོགས་པས། །

ཕྱོགས་འདིར་བྱིན་རླབས་ཆར་གྱིས་རབ་བརླན་ཞིང༌། །

མཐུ་རྩལ་གྲུབ་པའི་རྟགས་ཀྱིས་བཀང་བར་བྱས། །

ཞེས་གསུངས་ཤིང་། དབང་འབུམ་ལུང་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་ནམ་མཁའི་སྤྲིན་གྱི་མེ་ཏོག་ལས།

སྐུ་ལྔའི་བདག་ཉིད་མཚེ་བོན་དབུ་དཀར་དང༌། །

རམ་ཆེན་ཐོག་འབེབས་བཙོ་བོན་ཕྱག་དཀར་དང༌། །

དབལ་ཚོགས་མངག་བཞུད་རྔོག་བོན་མཐུ་ཆེན་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

སྲིན་པོ་འདུལ་མཛད་དཔྲ་བོན་རེ་རྒན་དང༌། །

བདུད་སྲིན་བཀོད་མཛད་བས་ཐང་ཟླ་མིག་དང༌། །

མཐུ་བྱིན་མེ་སྤར་གྲུབ་ཆེན་སྐར་མིག་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

རུ་ཊ་སྒྲོལ་མཛད་བསེ་བོན་ཤེལ་སྤྱན་དང༌། །

དམ་སྲི་སྡེ་འཇོམས་སྦ་བོན་དགུ་རྒྱུད་དང༌། །

སློབ་དཔོན་ཆེན་པོ་སྤ་བོན་རྒྱལ་འབར་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

ཅེས་གསུངས་པས།  སྤ་བོན་རྒྱལ་འབར་གྱི་སློབ་མ་མེ་དྲི་ཤེས་རབ་གྲགས་པ་ཡིན་ལ་དེ་ནས་སློབ་བརྒྱུད་རིམ་པ་བཞིན་གླིང་སྟོན་གཡུང་འཕན། རྒྱལ་བུ་གཡུང་དྲུང༌། སྤོས་སྟོན་ཨ་མཆོག གྲོལ་  འཕགས་ཆེན་པོ། འགྲོམ་སྟོན་སྔགས་ཆེན། སྟོན་སྒོམ་ཨ་བཟང༌། སྟོན་པ་ལྷ་གསས། དམ་པ་ཁྱུང་སྒོམ།  བ་ཟི་སྒོམ་རིང་〔རིན〕 དཔྲ་སྒོམ་ཤེས་རབ་གྲགས་པ། དེའི་སློབ་མ་རྩེ་ཞིག་དྲུང་རམས་པ་ཤེས་ རབ་རྣམ་རྒྱལ་ཡིན་ནོ། །

གོང་གི་སྤ་བོན་རྒྱལ་འབར་གྱི་སྐབས་ཤེད་ཙམ་ན། སྟོད་ཧོར་སོག་སྡེ་མའམ་ཧོར་ཡུལ་ཨ་ཆེན་ཐང་ནས། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་སྐུ་འཁྲུངས། མདོ་སྨད་མཚོ་སྔོན་ཆབ་ཆའི་རྐ་སར་སྡེ་བའི་བོན་ཁྱིམ་ཞིག་ཏུ་སོག་བཙུན་གྱི་སྐུ་ཚེ་སྟོད་ཀྱི་མཛད་ཐང་གི་མཆན་ཡིག་སྦ་སར་རིན་པོ་ཆེའི་ཕྱག་བྲིས་ཅན་དེ་ལས“ཧོར་ཡུལ་ཨ་ཆེན་ཐང་ནས་སོག་སྟོན་སྐུ་བལྟམས〔ཞེས་དབུས་སུ་བཀོད་ཅིང་རིམ་ བཞིན་བོན་སྐོར་དུ་〕 རང་སྒོམ་རྒྱལ་མཚན་གྱི་དྲུང་དུ་དྲུང་མུ་ཞུ། བོད་ལ་ཕེབས། གསང་བྲག་ཡང་དབེན་རྩེ་རྒྱལ་ནས་སྒོམ་ལ་བཞུགས། སྒྲ་བླ་མོ་དང་བྲག་བཙན་གྱི་ཞལ་གཟིགས། དབུས་གཙང་རུ་བཞི་རུ་ཕེབས། སྤ་ཚང་སྒར་བ་སྤ་དཔལ་ལྡན་བཟང་པོའི་དྲུང་ནས་སྤྱི་སྤུངས་ཞུས། རི་ཁུད་སྒྲུབ་གནས་སུ་བདེར་གཤེགས་གཙོ་བཞིའི་ཞལ་གཟིགས། གཡས་རུ་དབེན་ས་ཁ་རུ་ཨུ་སྐུ་གྲགས་པ་འོད་ཟེར་དང་ གཉིས་ཀྱིས་བླ་མ་གཉན་ཤེས་རབ་ཀྱི་དྲུང་དུ་འདུལ་ཁྲིམས་བསྲུངས། གཙང་པོ་ལ་བུད་ནས་ཀམ་པ་ལ་རུ་བསྒྲོད། དཔལ་ཆེན་ཆུ་བོ་རུ་མཁའ་འགྲོ་ཅོ་ཟ་བོན་མོའི་ཞལ་གཟིགས། གཡས་རུ་དབེན་ས་རུ་   སོག་བཙུན་དང་ཏྲེ་སྟོན་གཉིས་ཀྱིས་མཚན་ཉིད་བརྩད། གསས་ཁང་གསེར་སྒོ་ཁྲ་མོ་ནས་གཤེན་བསོད་རྒྱལ་དཔལ་ལ་མ་རྒྱུད་ཐུགས་རྗེའི་ཉི་མའི་དབང་ཞུས། གདན་ས་ཆེན་པོ་དར་སྡིངས་ནས་དམག་དཔོན་དང་བཙན་གྱི་རྗེས་གནང་ཞུས། ཁྲི་བརྟན་ནོར་རྩེའི་ཕོ་བྲང་ནས་རྫོགས་ཆེན་ཡང་རྩེའི་ཐུན་མཚམས་ལ་བཞུགས།”ཞེས་གསུངས་ཤིང་དགུང་ལོ་བཅོ་བརྒྱད་དུས་སུ་གཡས་རུ་དབེན་སར་  ཕེབས། བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཡེ་ཤེས་རྒྱལ་མཚན་གསོལ། གཤེན་གྱི་གདན་ས་དར་སྡིངས་དང་གསེར་སྒོ་ཁྲ་མོ། ཁྲི་བརྟན་ནོར་བུ་རྩེ། སྤ་ཡི་གདན་ས་རི་ཁུད་བདེ་སྒང་སོགས་སུ་ཐོས་བསམ་སྒོམ་སྒྲུབ་ལ་གཞོལ་བས་མཁས་དང་གྲུབ་པའི་སྙན་པ་ཕྱོགས་མེད་དུ་ཁྱབ། ཁོང་གི་རྩ་བའི་བླ་མ་རྣམས་དང་མ་སྲིང་མཁའ་འགྲོའི་ཚོགས་ཀྱིས་གདུལ་བྱ་མདོ་སྨད་ན་ཡོད་པའི་ལུང་བསྟན་ཡང་ཡང་བྱུང་ནས་རབ་བྱུང་དྲུག་པའི་ནང་ལ་མདོ་སྨད་དུ་ཕེབས།   (རབ་བྱུང་དྲུག་པའི་ས་མོ་གླང ༡༣༤༩ ལོའི་དབྱར་ཟླ་ར་བའི་ཚེས ༡༡ ཉིན་)ཁྲི་ཀ་སྟོང་ཆེར་གཟེ་མའི་ལྷ་ཁང་བཞེངས། རེབ་གོང་དང་སྟོང་ཆུང་སོགས་སུ་སྒྲུབ་སྡེ་བཙུགས། ཁོང་གི་སྐུ་ཕྲེང་ཕྱི་མ་རྣམས་རྒྱ་ནག་ལ་གྲོངའཇུག་མཛད་ནས་བསྟན་པ་སྤེལ།  རྩེ་ཞིག་སྟོང་ཉིད་བྱ་འཕུར་རམ་གྲུབ་ཆེན་གཡུང་དྲུང་རྒྱལ་མཚན་དང་རྩེ་དབུས་(སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་ལ་ཁྲི་ཀ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་འདེབས་མཁན་)ཨ་ལགས་ཤེས་རབ་སོགས་བྱོན་ནས་བསྟན་པ་སྤེལ། ལྷག་པར་དུ་རྩེ་དབུས་ཨ་ལགས་ཤེས་རབ་ཀྱི་དབོན་པོ་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་གྱིས་རེབ་གོང་དང་རྩེ་དབུས།  སྟོང་ཆེ་སྟོང་ཆུང་སོགས་ཀྱི་བོན་སྡེ་ཀུན་བདག་གིར་མཛད་ནས་བསྟན་པའི་བྱ་བ་བྱས་ཤིང་རེབ་གོང་བོན་མང་སྨིན་གྲོལ་གྱི་སྒོ་རུ་བཙུད། དབལ་རམ་འབུམ་གསུམ་གྱི་བོན་ལ་ག་དར་མཛད་ནས་དུས་ཀྱི་སྒྲུབ་མཆོད་བཙུགས་(ཚེ་དབང་གཞུང་བཞིའི་སྒྲུབ་ཆེན་ཏེ་ལོ་ རེའི་ལུགས་རྙིང་གི་ཟླ༡ ཚེས ༦ དང་ཟླ ༡༠ ཚེས ༩ ཉིན་ནི་རྒྱ་ལོའི་སྒྲུབ་ཆེན་དང་བཅུ་བའི་སྒྲུབ་ཆེན་སྐབས་ཀྱི་ཚེ་དབང་གཞུང་བཞིའི་དཀྱིལ་འཁོར་ཞལ་ཕྱེ་ བའི་ཉིན་མོ་ཡིན་)པ་ད་ལྟའི་བར་དུ་གནས་པ་བཅས་སྔར་གྱི་སྒྲུབ་སྡེ་ཉམས་པ་སླར་གསོ་དང་མ་ཉམས་དར་སྤེལ་གནང༌། དྲུང་རམས་པའི་དངོས་སློབ་མཁར་ནག་ཤེས་རབ་ཚུལ་ཁྲིམས་ཀྱིས་སྙན་བཟང་གནམ་རྟིང་དགོན་པ་སླར་གསོ་མཛད་ནས་ལྷ་ཁང་དང་ནང་ཆེན་བཞེངས། འདི་སྐབས་སུ་གྲུབ་ཆེན་སོ་ནག་བོན་ཕྲུག་དང་གྱང་རིའི་ཨ་མྱེས་ཐུགས་རྗེ། ཧོར་ནག་ལྷ་རྒན་ཚང་ངམ་སྙན་བཟང་ལྷ་དཀར་ཚང་བཅས་བྱོན་པ་སྒྲུབ་རྒྱུད་བསྟན་པའི་མངའ་བདག་ཏུ་ཆེའོ། །

རྩེ་ཞིག་གཡུང་དྲུང་བསྟན་རྒྱས་འཁྲུངས་ནས་གསང་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་བར་མཛད། འདི་དུས། ཧོར་ནག་བྱམས་པ་རྒྱལ་དང་རྒྱ་ཡེ་ཆག་ལོ་གཉིས་ཀྱིས་གསའ་ལུང་གི་སྐྱ་ལིའི་ལབ་ཙེ་བསྟད། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་འཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཆེན་བཙུགས། དེ་རྗེས་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོས་ཡི་དམ་ཀུན་འདུས་ཀྱི་སྒྲུབ་ཆེན་བཙུགས། བོན་བརྒྱའི་སྐུ་སྐྱེ་ནམ་མཁའ་རྒྱལ་མཚན་གྱིས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་ཆེན་བཙུགས། སྡོང་སྐམ་སྤྲུལ་སྐུ་སྣང་གསལ་ལྷུན་གྲུབ་ཀྱིས་ཞི་ཁྲོ་རྒྱས་པ་ (ཞི་བ་གཡུང་དྲུང་ཡོངས་རྫོགས་དང་ཁྲོ་བོ་ངོ་མཚར་རྒྱས་པ་)ཡི་སྒྲུབ་ཆེན་འཛུགས་རྒྱུའི་ཐུགས་བཀོད་བཞིན་རྔ་བ་སྣང་ཞིག་དགོན་པའི་དགེ་བཤེས་ཤིག་རེབ་གོང་དུ་ཕེབས་རྒྱུའི་སྟ་གོན་མཛད་མོད། དམངས་གཙོ་བཅོས་བསྒྱུར་བྱས་པས་དོན་ཐོག་ཏུ་མ་འཁྱོལ་ཡང་སྡོང་སྐམ་སྤྲུལ་སྐུ་རིན་པོ་ཆེ་འདི་བ་རེབ་གོང་བོན་མང་ལ་སྐུ་དྲིན་བླ་ལྷག་ཏུ་ཆེ་ཞིང་སྒྲུབ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་བར་མཛད་པ་ལགས་སོ། །

མདོར་ན་གྲུབ་ཐོབ་རྣམ་གསུམ་གྱི་བརྒྱུད་འཛིན་རེབ་གོང་སྟོད་སྨད་བར་གསུམ་གྱི་སྒྲུབ་སྡེ་ཁག་རྣམས་གྲོང་སྡེ་སོ་སོར་སྔར་གྱི་དགོན་སྡེ་གནས་སྤོར་ཚུལ་དུ་ཡོངས་གྲགས་ལ་གསས་ཁང་(ཞང་སྐད་དེ་ལྷ་ཁང་གི་དོན་)ཟེར་བ་ཉི་ཤུར་ཉེ་ཞིང༌། འདུལ་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གཙོས་ད་ཡོད་ཀྱི་གསང་སྔགས་སྒྲུབ་སྡེའི་གྲངས་ནི། སྙན་བཟང་གནམ་རྟིང་དགོན་གཡུང་དྲུང་བདུད་འདུལ་གླིང་དང་སྤྱི་རྟིང་ཀུན་ཁྱབ་དགོན་པ། གྱང་རི་རིག་འཛིན་བྱང་ཆུབ་གླིང༌།  ངོ་མོ་ཡེ་ཤེས་རྒྱ་མཚོའི་གླིང་(ཐེག་ཆེན་ཡེ་ཤེས་གླིང་) སྡོང་མགོ་ཐེག་ཆེན་སྨིན་གྲོལ་གླིང༌། མཁར་ཞོལ་ཀུན་ཁྱབ་གཡུང་དྲུང་གླིང༌། གད་སྐྱ་རིག་འཛིན་དར་རྒྱས་གླིང༌། ཨརྒ་ཐེག་ཆེན་བོན་འཁོར་གླིང༌།  མཚོ་འདུ་གསང་སྔགས་དཔལ་ལྡན་གླིང༌། དར་གྲོང་རྒྱལ་མཚན་མི་འགྱུར་གླིང༌། གླིང་བརྒྱ་མདོ་སྔགས་ཕུན་ཚོགས་གླིང༌། ཞོ་འོང་གཡུང་དྲུང་འགྱུར་མེད་གླིང༌། (སྨད་པ་)ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང༌། སྡོང་སྐམ་གསང་སྔགས་ལྷུན་གྲུབ་གླིང༌། (སྙན་བཟང་)ཁྱུང་པོ་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་(སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེས། རེབ་གོང་གི་སྐྱེས་ལྷའི་རྒྱལ་པོ་སེ་ཀུ་བྱ་ཁྱུང་གི་བསང་ཡིག་མཛད་པའི་མཇུག་བྱང་དུ“གཉན་ཆེན་བྱ་མ་བྱེ་རིའི་བསྟོད་པ་འདི་ནི་སྐྱང་སྤྲུལ་བླ་མིང་ལུང་རྟོགས་སྐལ་བཟང་རྒྱ་མཚོས་རིག་འཛིན་བོན་གཤེན་ཕུར་ཐོགས་སྟོང་གི་བོན་གྲལ་ཆེན་པོའི་སྟེང་དུ། ཁྱུང་བོ་ལ་ཁའི་བདུད་འདུལ་གསང་སྔགས་གླིང་གི་གསས་ཁང་དུ་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་བྲིས་པའོ།”ཞེས་གསུངས།)  ཧོར་ནག་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང༌། སྟོང་ཆེ་རིག་འཛིན་རྣམ་རྒྱལ་གླིང༌། ནོའུ་རོང་གཡུང་དྲུང་གསང་སྔགས་གླིང་བཅས་སྒྲུབ་སྡེ་འདི་དག་ལ་རེས་བསྐོར་དུ་འཚོགས་ནས་སྒྲུབ་པ་མཛད་པའི་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རིག་འཛིན་འདུས་པ་རྒྱ་མཚོ་ལ། ཁྱུང་མོ་བླ་རབས་དང་རྩེ་དབུས་བླ་རབས། མཁར་ནག་སྐུ་ཕྲེང༌། བོན་བརྒྱ་བླ་རབས་སོཊ་ཀྱིས་དབང་ལུང་ཁྲིད་གསུམ་གྱི་བཀའ་དྲིན་བསྩལ་བར་བརྟེན། སྒྲུབ་ཆེན་ཁག་རྣམས་གྲུབ་ཐོབ་རྣམ་གསུམ་ནས་བཟུང་སྟེ་རིམ་བཞིན་བཙུཊ་ནས་བར་དུ་ཉམས་རྒུད་དང་སླར་གསོ་ཅི་རིཊ་ཀྱིས་ད་ལྟའི་ བར་དུ་སྔར་སྲོལ་ཇི་བཞིན་སྐྱོང་མུས་སུ་གནས་སོ། །

ཞེས་མདོ་སྨད་བྱང་རྒྱུད་ཀྱི་རེབ་གོང་གསེར་མོ་ལྗོངས་སམ་བྱང ་གི་ཨཀྟ་རོང་གི་སྒྲུབ་སྡེ་ལས།  ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྐོར་རཊ་ཙམ་གླེང་བའི་ལེའུ་སྟེ་དང་པོའོ། །

ལེའུ་གཉིས་པ།

དང་པོ།      རྒྱ་ལོའི་སྒྲུབ་ཆེན།

རྒྱ་ལོ་ཞེས་པ་འདི་མདོ་གམ་སྨད་ཀྱི་ཡུལ་གྲུ་མང་པོར། རྒྱ་རྩིས་(ལུགས་རྙིང་གི་)ཟླ་བ་བཅུ་གཉིས་པར་བོད་ལོ་དང་ཟླ་བ་དང་པོ་ལ་རྒྱ་ལོ་ཟེར་ཞིང༌། ད་ལྟ་ཡོངས་གྲགས་སུ་དཔྱིད་གསར་དུས་ཆེན་ཟེར་བ་དང་གཅིག་ཡིན། སྒྲུབ་ཆེན་འདི་ནི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་དུས་མཆོད་ཡིན་ལ། སྤྱིར་ན་རྒྱལ་བ་མཉམ་མེད་ཆེན་པོ་ས་གསུམ་ན་འགྲན་ཟླ་བྲལ་བ་དེ་ཉིད་ནི། དབྱར་ཟླ་དྲུག་པའི་ཚེས་ལྔ་ལ་མྱ་ངན་ལས་འདས་མོད། ཟླ་དང་པོའི་ཚེས་ལྔ་ཉིན་ནི་ཁོང་ཉིད་གངས་ཅན་ཤར་ཕྱོགས་རྒྱལ་མོ་རོང་དུ་སྐུ་འཁྲུངས་པའི་ཉི་མ་ཡིན་པ། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས།

དང་པོ་རྒྱལ་བ་མཉམ་མེད་ཆེན་པོ་ནི། །

ལུང་བསྟན་བླ་ཆེན་དྲན་པའི་ཁ་བྱང་ལས། །

སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས། །

དབུས་རུའི་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུག །

ཅེས་སོགས་ཚད་ལྡན་བཀའ་ལུང་དུ་མ་ནས། །

ལན་གཅིག་མིན་པར་བསྔགས་པའི་སྐྱེས་མཆོག་དེ། །

ཡུལ་ནི་མདོ་ཁམས་ཤར་ཕྱོགས་རྒྱལ་མོ་རོང༌། །

རབ་བརྟན་ས་གནས་སྟེགས་ཅོག་ཅེས་པ་རུ། །

ཡབ་ནི་རྒྱུ་བོན་བཞི་སོགས་ལ་མཁས་པའི། །

དབྲ་རིགས་བོན་པོ་ཀླུ་རྒྱལ་བྱ་བ་དང༌། །

ཡུམ་ནི་མཁའ་འགྲོའི་མཚན་རྟགས་ཀུན་ལྡན་པ། །

རིན་ཆེན་སྨན་ཞེས་བྱ་བའི་སྟངས་དབྱལ་སྲས།

༼རབ་བྱུང་དྲུག་པའི་༽མེ་ཕོ་སྤྲེལ༼༡༣༥༦༽ལོ་དཔྱིད་རའི་ཚེས་ལྔ་ཉིན། །

འཁྲུངས་ཚེ་ནམ་མཁར་འཇའ་འོད་གུར་ཁྱིམ་འཁྲིགས། །

སྤྲིན་གསེབ་ལྷ་སྲས་གར་བསྒྱུར་མེ་ཏོག་འཐོར། །

ས་གཞིར་རྩི་ཏོག་གསར་འཁྲུངས་པདྨ་བཞད། །

སྐད་སྙན་བྱ་རིགས་དབྱངས་སྒྲོགས་གླུ་ཡིས་མཆོད། །

ཅེས་གསུངས་པ་དང་སྐུ་ཚེའི་མཛད་པ་མཐར་ཕྱིན་ཏེ་མྱ་ངན་ལས་འདས་(མཁས་ཆེན་ཉི་མའི་བསྟན་རྩིས་སུ། རབ་བྱུང་བདུན་པའི་ཤིང་ལུག༼༡༤༡༥༽ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་གཤེགས་པར་བཞེད་པ་དང༌། སྐལ་བཟང་མགྲིན་རྒྱན་ལས། དགུང་ལོ་དྲུག་ཅུར་གཏེར་ཆུ་ཁ་ཉིད་དུ། །གུར་ཕུབ་ཉིད་མོ་བརྒྱུད་འཛིན་གྲྭ་སློབ་དང། །མཚན་མོ་ལྷ་ཀླུ་གཞི་བདག་ཚོགས་རྣམས་ལ། །ཞང་ཞུང་སྙན་བརྒྱུད་འཆད་སྐབས་དབྱར་ཟླ་བ།།ཐ་ཆུང་ཚེས་བརྒྱད་ཐོ་རངས་སྐྱ་རེངས་ཁར། ། བོན་འཆད་ངང་ནས་དགོངས་པ་བོན་དབྱིངས་གཟིགས། །ཤེས་ཏེ་དྲུག་པའི་ཚེས་ལྔ་དང་ཚེས་བརྒྱད་གཉིས་ལས་ཕྱི་མ་འཐད་པར་སེམས་ཤིང༌།)  མཁའ་སྤྱོད་ཀྱི་ཞིང་ནས་རྒོད་དུ་སྤྲུལ་ཏེ་ཕྱིར་བོད་ཡུལ་དུ་ཕེབས་ནས་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་ཞལ་གཟིགས་བསྟན་པའི་ཉིན་མོ་(ཟླ་དང་པོའི་ཚེས་ལྔ་) ཡིན་པས།  བཀྲ་ཤིས་སྨན་རི་བའི་ལུགས་ལ། ཟླ་དང་པོའི་ཚེས་ལྔ་ཉིན་ནི་མཉམ་མེད་ཆེན་པོའི་དུས་མཆོད་དུ་དེ་ལྟར་གཏན་འཁེལ་བྱས་(མདོ་སྨད་ཕྱོཊ་སུ་གཤམ་ལྟར་ལུགས་རྙིང་གི་ཟླ་དང་པོའི་ཚེས་ལྔ་ཉིན་དུས་མཆོད་དུ་བྱེད་)པའོ། ད་ལྟ་བྱང་གི་ཨཀྟ་རོང་ཆེན་རེབ་གོང་གསེར་མོ་ལྗོངས་སུ། དུས་མཆོད་འདི་ལ། རྒྱ་ལོའི་ཆོས་ཐོག་དང་དཔྱིད་ཆོས། སྨོན་ལམ་སྒྲུབ་ཆེན། རྒྱ་ལོའི་སྒྲུབ་ཆེན་སོགས་མིང་གི་རྣམ་གྲངས་འགའ་མཆིས་སོ། །

ལོ་ལྟར་ལུགས་སྙིང་གི་ཟླ་དང་པོའི་ཚེས་ལྔ་ཉིན་གྱི་ཞོགས་པར། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བོན་གཤེན་རིག་འཛིན་རྣམས་ཀྱིས་ཞྭ་གོས་ཚང་བར་(ཞྭ་ནི་དཀར་མོ་རྩེ་རྒྱལ་དང༌། རྒན་པ་རྣམས་ཀྱིས་དོམ་ར་དང་གཙོད་རྭ་བསྣམས་དགོས་པ། ཐོག་ལྭ། གོས་སྡོམ་མམ་སྒོམ་རྟགས་ཀྱི་སྐ་རགས། ཊ་མ་རི་དང་སིལ་སྙན། གཤང༌། ཐུན་ཊར། གླེགས་བམ་སོགས)གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆང་སྒྲུབ་གཤེན་གྱི་ཆས་སུ་ཞུགས་ནས། ཆོས་ཐོག་གམ་སྒྲུབ་ཆེན་གྱི་རེས་ལྷ་སྡེ་གང་ལ་བབས་པ་དེར་ཆིབས་ཞལ་བསྒྱུར་ཚེ།  སྐབས་དེའི་སྒྲུབ་ཆེན་གྱི་བསྟན་པའི་སྦྱིན་བདག་གི་བོན་གཤེན་རྣམས་ཀྱིས་གསས་ཁང་སྟེང་ནས་བསུ་བ་བྱེད། ཕེབས་བསུའི་རྣམ་པ་ནི། དུང་དཀར་གཉིས། རྔ་དང་སྦུབ་འཆོལ། རྒྱ་གླིང་གཉིས། དུང་ཆེན་གཉིས་སོགས་ཀྱི་རོལ་མོ་འབུད་བརྡུང་དཀྲོལ་གསུམ་གྱིས་བསུ་ཞིང༌།  རོལ་མོ་ལ་གཏད་པ་མདའ་བཞི་མ་དང་དགྲ་བགེཊ་དཔུང་འཇོམས་མ། བྱིན་ཆེན་དབྱིངས་འབེབས་མ་སོཊ་ཡོད་པ་ལས། སྐབས་འདིའི་ཕེབས་བསུ་ལ་སྤྱན་འདྲེན་གྱི་རོལ་མོ་བྱིན་ཆེན་དབྱིངས་འབེབས་མའི་སྒོ་ནས་བོན་གཤེན་རྣམས་གདན་འདྲེན་གྱི་ཚུལ་དུ་བསུ་བའོ། བོན་གཤེན་རིག་འཛིན་རྣམས་འདུས་སྡོད་བྱས་པའི་གྲོང་སྡེ་ནི་རེབ་གོང་གི་ཕྱོགས་བཞི་མཚམས་བརྒྱད་དུ་ཡོད་པས། ཕེབས་པ་ལ་སྔ་གཞུག་ཤོར་བ་ཅི་སྨོས་ཀྱི། གལ་ཏེ་བོན་གཤེན་རེ་འགའ་བསུ་མ་ཐུབ་ན། བསུ་མཁན་གྱིས་འགྲིག་བཤགས་བྱེད་པའི་སྲོལ་ལུཊ་གནའ་ནས་ད་བར་དུ་གནས་པ་ལགས་སོ། །

དེ་ལྟར་ཕེབས་བསུ་བྱས་ནས་ཡར་འཚོགས་བྱེད། ﹙ཡར་འཚོགས་ཞེས་པ་སྒྲུབ་ཁང་ནང་དུ་འཚོགས་པ་ལ་ཟེར་ཞིང༌། བོན་གཤེན་རྣམས་ཀྱི་ཞལ་རྒྱུན་ལ“ཚེས་པ་ལྔ་ལ་ཡར་འཚོགས།  དྲུག་ལ་ལྟ་བ། བདུན་ལ་འཆམ། བརྒྱད་ལ་འཚོགས་གྲོལ།”ཞེས་པ་ལྟར།﹚ཡར་འཚོགས་བྱས་ནས་གསོལ་ཇ་བཞེས་རྗེས། བསང་བསྔོ། བདུད་རྩི་བསང་གི་མཆོད་པ་ཐོག་མར་འབུལ་བ་ནི་(དཀར་བགེགས་དང་སྐོང་མདོས། བསང་སོགས་ནི་ལས་ཀྱི་མཐའ་བསྒྱུར་འཕྱོང་ཆེན་སྡེ་དགུ་ལས།  སྣང་སྲིད་རབ་འབྱམས་སྐོང་གི་འཕྱོང་དུ་གཏོགས་པ་ཀུན་མཁྱེན་ཤར་རྫ་བ་རིན་པོ་ཆེས་གསུངས་ལ་འདིར﹚སྒྲུབ་ཆེན་འདི་མཐར་མ་ཕྱིན་གྱི་བར་དུ་འགལ་སྐྱེན་དང་བར་ཆོད་མི་འབྱུང་བའི་ཆེད་དུ་མགྲོན་བཞི་མཉེས་པར་བསྐང་བ་དང༌། ལྷག་པར་དུ་བོན་སྐྱོང་དམ་ཅན་རྒྱ་མཚོ་དང་ཡུལ་ལྷ་གཞི་བདག་རྣམས་ལ་ཕྱི་བཅོལ་ལས་ཀྱི་ཞུ་སྐྱེམས་སུ། བདུད་རྩི་བསང་གི་མཆོད་པ་འབུལ་བའོ། ཉིན་འདིའི་འདོན་ཆོག་ནི། སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་ལྡེ་མིག་སྟེ། ཀུན་བཟང་རྒྱལ་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པ་ཆེན་པོའི་གཞི་བཟུང་སྟེ་ཚོགས་འཁོར་དང་བསྐང་བ། (དེང་སང་སྟག་ལ་ཉི་ཟླ་གོ་ཞུ་ཡང་འདོན་པར་སྣང་) དམར་ལམ་ཟོར་གྱི་སྒྲུབ་པ་དང་གཟིར་མནན་བྲོ་ཡི་སྒྲུབ་པ། ཕྱྭ་ཚེ་གཡང་གི་སྒྲུབ་པ་སོགས་ཉིན་གཅིག་གི་ཆོ་ག་ཁ་ཚང་དང་ཕྱི་ཉིན་གྱི་ཆོ་གའི་མགོ་འགུགས་བྱེད་པ་བཅས་སོ། །

ཚེས་དྲུག་ཉིན་གྱི་སྔ་མོ་ཐོ་རངས་ཀྱི་དུས་སུ་བཞེངས་བརྡ་བརྒྱག (བཞེངས་བརྡ་རྒྱག་མཁན་ནི། དུང་དཀར་གཉིས་དང་དུང་ཆེན་གཉིས། ལྗགས་གླིང་ངམ་རྒྱ་གླིང་གཉིས་བཅས་སོ།)   ཚོགས་མང་བཞེངས་ནས། ཐོག་མར་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་སྲོལ་ལྟར་དྲན་པའི་ཚེ་སྒྲུབ་ཀྱི་གཟུངས་སྔགས་ཕྲེང་སྐོར་གཅིག་བགྲང་བ་དང༌། རྒྱུད་ལས། སྐྱབས་འགྲོ་སེམས་བསྐྱེད་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང༌། སེམས་བསྐྱེད་སྔོན་དུ་མ་སོང་ཞིང་པའི་རྒྱུ་བརྗེད་འདྲ། ཞེས་དང༌། སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེ། ཞེས་སོགས་རྒྱ་ཆེར་གསུངས་པས། དེ་ནས་སྐྱབས་འགྲོ་འདོན་པ་ལ་ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ་ཡོད། (རིགས་དྲུག་གི་སྐྱབས་འགྲོ〔རྫོགས་ཆེན་སྙན་བརྒྱུད་ལས་རིགས་དྲུག་གནས་འདྲེན་གྱི་སྔོན་འགྲོའི་སྒྲིབ་སྦྱོང་བཞུགས་སོ།〕རྫོགས་ཆེན་གྱི་སྐྱབས་འགྲོ﹝རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་སྔོན་འགྲོ་བོན་སྤྱོད་དགུ་བ་བཞུགས་སོ།) བླ་མ་གཤེན་སྒོམ་ཞིག་པོའམ་གྲུབ་ཐོབ་བོན་ཞིག་ཁྱུང་ནག་ལ་མ་ཅིག་སྲིད་པ་རྒྱལ་མོས་སྙན་དུ་བརྒྱུད་པའི་﹝རྫོགས་ཆེན་དྲི་མེད་ལྷན་སྐྱེས་ཀྱི་སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན་པ་བཞུགས་སོ།) དེ་དག་ལ་ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ་ཟེར་ཡང༌། དོན་ལ་རྫོགས་ཆེན་གྱི་སྐྱབས་འགྲོ་ཡིན་པར་གདའ་འོ༌།)   སྤྲུལ་སྐུ་ཏ་པུ་ཧྲི་ཙའི་   གསོལ་འདེབས། རྣམ་མཁྱེན་རྒྱལ་བ་གཤེན་རབ་ལ་འ་ཞ་གསང་བ་མདོ་སྡུད་ཀྱིས་བསྟོད་པའི་མཛད་བཅུ་སོགས་ནས། བསང་གི་དག་གཙང་སྔོན་འགྲོའི་སྐོར། སྤྲུལ་སྐུ་བློ་ལྡན་སྙིང་པོའི་བསང་གཞུང་ཡིད་བཞིན་ནོར་བུ་(མདོ་སྨད་རེབ་གོངདུ་འཛམ་གླིང་སྤྱི་བསང་)དུ་གྲགས་པ་དང༌། བསྟན་སྲུང་རྨ་རྒྱལ་པོམ་རའི་བསང་མཆོད་གོང་འོག་གཉིས། ཡུལ་སའི་བསྟོད་པ་སོགས་སྒྲུབ་པ་ཟབ་མོ་མཐར་མ་ཕྱིན་གྱི་བར་དུ་མཐུ་དཔུང་དང་སྡོང་གྲོགས་སུ་མཆོད་པའོ། །

ནངས་ཇ་བཞེས་ནས་སངས་རྒྱས་སྨན་ལྷའི་ཆོ་ག་དང་བརྒྱ་རྩ་བསྔོ། རྒྱལ་ཡུམ་བྱམས་མ་ཆེན་མོའི་སྔགས་བསྟོད་སོགས་འདོན། དེ་ནས་ཚེ་དབང་གཞུང་བཞིའི་སྒྲུབ་པ་ལ་འཇུག  གུང་ཇ་བཞེས་སྐབས་ཚོགས་ཆེན་དགེ་བསྐོས་ཀྱིས་ཚོགས་གཏམ་གཏོང༌། ཚོགས་འཁོར་གྱི་བསྒྲལ་ཆེན་སྐབས་ལྟ་བ་ལ་འབུད་པ་སྟེ་གསང་སྔགས་སྒྲུབ་པ་ཆེན་པོའི་གར་འཆམ་བྱེད།  ཕྱིར་ཇ་བཞེས་སྐབས་དགེ་བསྐོས་གཞན་པ་དེས་ཚོགས་གཏམ་གཏང་ནས་གཡུང་དྲུང་སློབ་དཔོན་བསྐོ་(རྡོ་རྗེ་སློབ་དཔོན་དེ་རྡོ་རྗེ་འཛིན་པའང་ཟེར།)  དགོང་ཁ། དབལ་གསས་སྔགས་སྒྲུབ་ནས་བཀའ་སྐྱོང་བསྐུལ་བ་རིང་པོ་ཁ་ཚང༌། དེ་ནས་དམར་ལམ་ཟོར་གྱི་སྒྲུབ་པ་དང་གཟིར་མནན་བྲོ་ཡི་སྒྲུབ་པ། ཕྱྭ་ཚེ་གཡང་གི་སྒྲུབ་པ་ནས་ཕྱི་ཉིན་གྱི་ཆོ་གའི་མགོ་འགུགས།  གཟིམ་བརྡ་བརྒྱག་པ་བཅས་སོ། །

ཚེས་བདུན་གྱི་ཉིན༌། གསང་སྔགས་སྒྲུབ་པ་ཆེན་པོའི་ལས་ཀྱི་གར་འཆམ་བྱེད་པའི་ཉི་མ་ཡིན་པས། ཐོ་རངས་སྟག་གི་སྔོན་(དེང་སང་གི་པེ་ཅིང་ཆུ་ཚོད་བཞི་པ་ཙམ་)ལ་བཞེངས་བརྡ་བརྒྱབ་པ་དང་བོན་གཤེན་རྣམས་མལ་ལས་བཞེངས་ཏེ། ཐོག་མར་ཉིན་སྔོན་མ་ནང་  བཞིན། དྲན་པའི་ཚེ་སྒྲུབ་དང་ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ། སྤྲུལ་སྐུ་ཏ་པུ་ཧྲི་ཙའི་གསོལ་འདེབས། མཛད་བཅུ། བསང་ཁ་ཚང༌། ནམ་མ་ལངས་གོང་ལ་བསང་བཏོན་ནས་རྔ་བརྡུང་བ་དང༌། དུས་རྒྱུན་གྱི་ནངས་ཇའི་ཚད་ལ་ཚོགས་བསྐོར་ནས་བདུད་རྩིའི་དངོས་གྲུབ་ལ་རོལ་བར། ཕྱོགས་ལྷུང་ཅན་འགའ་རེས། “བོན་པོས་སྐྱབས་འགྲོར་རྔ་བརྡུང་ནས་ནངས་ཇ་ལ་ཆང་འཐུང་བ་རེད”ཅེས་ངན་སྨོས་བྱེད་མོད། དེ་ནི། “འདོན་པ་ཁམ་བུ་གང་གིས། དཀོར་ནག་ལུང་བ་གང་ཟ”མཁན་ཚོ་དང་གཏན་ནས་མི་འདྲ་སྟེ། གཅིག་ན་བོན་པོ་རྣམས་ཀྱི་འདོན་པ་ཤིན་ཏུ་རྒྱས་པས་ནངས་མོ་མ་སྔ་ན་འདོན་པ་མི་འཕུད་པ་དང༌། གཉིས་ན་གསང་སྔགས་ཀྱི་གར་འཆམ་བྱེད་པའིཉི་མ་ཡིན་པས་དམིགས་བསལ་གྱིས་སྔ་དགོས་པ་ཡིན།﹙སྔ་ཉིན་ཏེ་ཚེས ༦ ཉིན་གྱི་གུང་ཇའམ་ཕྱིར་ཇའི་སྐབས་སུ། གར་འཆམ་པ་རྣམས་ཀྱིས་ལུག་ཤ་སོག་པ་གཅིག་དང་རྩམ་པ་དཔར་སྐལ་གཅིག་བཅས་ཚོགས་ཆེན་དབུ་མཛད་ལ་ཕུལ་ནས་སང་ཉིན་གྱི་འདོན་པ་སྔ་སེར་འགྲུབ་པའི་རེ་བ་ཞུ་སྲོལ་ཡོད་པའི་རྒྱུ་མཚན་ཡང༌། ཟླ་བཅུ་བའི་ཉི་མ་གུང་མེད་ཀྱི་སྐབས་འདིར་འདོན་པ་སྔ་མོར་མ་འགྲུབ་ན་གར་འཆམ་འཕྱི་འགྲོ་བས་སོ།﹚

ནངས་ཇ་བཞེས་ནས། སྨན་ལྷའི་ཆོ་ག་མི་འདོན་པར་བརྒྱ་རྩ་བསྔོ་ཞིང་བྱམས་མ་འདོན།  དེ་ནས་ཡི་དམ་དབང་ཆེན་འབུམ་པའི་དཀྱིལ་འཁོར་ལ་འཇུག ཚོགས་འཁོར་གྱི་བསྒྲལ་ཆེན་སྐབས་ལྟ་བ་ལ་འབུད་པ་ཉིན་སྔ་མ་བཞིན་ནོ། འབུམ་པའི་བསྐུལ་པ་བཏོན་ཚར་ནས་དམར་ལམ་གྱི་མཚམས་ནས་ཚོཊ་མང་གྲོལ་ཆུང་བྱེད། དེ་ནས་ཞྭ་གོས་(སྒོམ་རྟགས་སམ་གོས་སྡོམ་བྱེད་ཅིང་རྒན་པ་རྣམས་ཀྱིས་དབུ་ལ་དོམ་ར་གསོལ་ནས་ཕྱག་ཏུ་གཙོད་རྭ་བསྣམ། ཞྭ་ནག་ཅན་བརྒྱད་མ་གཏོགས། གཞན་ཚང་མ་དཀར་མོ་རྩེ་རྒྱལ་)མནབས་པའི་བོན་གཤེན་རྣམས་ཀྱིས་གཡུང་དྲུང་དགུ་འཆམ་གྱི་གར་སྟབས་བསྒྱུར་ནས་འཆམ་རར་ཕེབས། དེ་ཡང༌། དུང་དཀར་གཉིས་དང་དུང་ཆེན་གཉིས། རྒྱ་གླིང་གཉིས། དཔྱངས་རྔ་གཉིས་ཀྱི་གཙོས་ལག་རྔ་ཆ་གཉིས་ནས་གསུམ།  སྦུབ་འཆོལ་བཅུ་ཁ་ཙམ་དང་དར་གཉིས། འཕན་དང་གདུགས། རྒྱལ་མཚན། ཊར་སིལ།  གཤང་སོགས་རོལ་མོའི་བྱེ་བྲག་མང་པོ་དཀྲོལ་བརྡུང་འབུད་གསུམ་བྱས་ནས་གར་སྟབས་ཀྱི་རྣམ་པ་ནི། ནོར་བུ་འོད་འབར་ལས། “ལ་ལ་ནི་དར་ཕྱར་རོ། ལ་ལ་ནི་དུང་འབུད་དོ། ལ་ལ་ནི་རྔ་བརྡུང་ངོ༌། ལ་ལ་ནི་སྒོང་རྩེའོ། ལ་ལ་ནི་གར་བསྒྱུར་རོ”ཞེས་གསུངས་པ་བཞིན་ནོ། དེ་ལྟར་བོན་གཤེན་རྒན་གཞོན་ཚང་མས་གཡུང་དྲུང་དགུ་འཆམ་གྱི་གར་སྟབས་བསྒྱུར་ནས་བསྐོར་བ་བྱས་མཐར་སྟན་ལ་བཞུགས། བོན་སྐྱོང་དམ་ཅན་རྒྱ་མཚོ་རེ་རེ་བཞིན་གྱིས་བསྟན་དགྲ་སྒྲོལ་བ་སྒྱུ་འཕྲུལ་གྱི་གར་དུ་འཆམ་པའོ། །

གར་འཆམ་ཚར་མ་ཐག་ཏུ་ཐུན་གྱི་མགོ་ནས་གསེར་སྐྱེམས་འདོན་ལ་འགུགས་པ་དྲག་ཏུ་བྱ། མིང་ཤིངའདོན། སྐབས་འདིར་འཆམ་མང་ཕྱིར་འཆམ་རར་ཡོང༌། ཐུན་འདོན། ཕུར་འདེབས། བསྒྲལ་བ། བསྟབ་པ། བསྐང་བ། དེ་ནས་གཏོར་རྒྱག་ལ་འཆམ་མང་ཁྱུང་འགྲོས་ཀྱིས་འགྲོ། གཏོར་མ་གདབས་ས་དེར་རྡོ་རྗེ་སློབ་དཔོན་གྱི་ས་ཕྱོཊ་དེའི་རྒན་པ་ཞིག་གིས་ས་འདུལ་བརྒྱག ཧོམ་ཁུང་ཟུར་གསུམ་ནང་དུ་རྣི་ཏྲི་དང་ཛ་བཞི་འགོད། དབུ་མཛད་ཆེན་མོས།

གསེར་སྐྱེམས་ཀྱི་བྱིང་འདྲེན། འགུགས་པ་ལན་གསུམ། རྡོ་རྗེ་སློབ་དཔོན་གྱིས་མཁྱེན་གསོལ་འདོན། གཏོར་མ་འཕེན་ཁར་བོན་མང་གི་རྒན་པ་རྣམས་ཀྱིས་ཟློག་གཞོང་ནང་ནས་གཏོར་ཟོར་རེ་བླངས་ཏེ་ཕྱག་ཏུ་བསྣམས་ནས་དྲང་སྲོང་དམོད་བཅོལ་གྱི་སྐབས་སུ་དམིགས་པ་གཏད་ནས་ཧོམ་ཁུང་དུ་འཕེན་ནོ། ཟློག་ཟོར་གྱི་གཙོ་བོ་དེ་རྡོ་རྗེ་སློབ་དཔོན་གྱི་དགེ་རྒན་ནམ་ས་ཕྱོགས་གཅིག་པའི་རྒན་པ་ཞིག་གིས་ཧོམ་ཁུང་དུ་འཕེན་ནོ། དབུ་མཛད་ཀྱིས། ཀྱེ་བོན་གྱི་བསྟན་པ….མི་འདོན་པར། དམ་ཅན་སྲུང་མ་ཁྱེད….ནས་མདོ་ཟློག་དང༌། གཟིར་  མནན་བྲོ་ཡི་སྒྲུབ་པ་ཚར་ནས། རྔ་ཞོག་རྔ་བྱེད་ཅིང་དར་རྣམས་སྒྲིལ། ། ཕྱིར་སྒྲུབ་ཁང་གི་ཕྱོགས་སུ་འཁོར་ནས་ཕེབས་ཞོར་དུ་ཕྱྭ་ཚེ་གཡང་གི་སྒྲུབ་པར་འཇུག  གསས་ཁང་ལྷས་སུ་ཕེབས་ནས་ཡར་འཚོགས་ལ་ལྷ་རྒྱལ་དུ་བཀྲ་ཤིས་ཚིགས་བཞི་ཅན་རྣམས་རིམ་བཞིན་འདོན་ནས་གར་སྟབས་བསྒྱུར། “བཀྲ་ཤིས་ཤོག”ཟེར་བའི་ཚབ་ཏུ་སྐད་གསང་མཐོན་པོས“ལྷ་རྒྱལ་ལོ”ཞེས་བརྗོད་ཅིང་གསེར་སྐྱེམས་སྲིན་མཛུབ་ཀྱིས་མཆོད་ནས་ཕྱེ་མར་གཏོར་བཞིན་སྒྲུབ་ཁང་དུ་ཕེབས་ཏེ་རང་གྲལ་དུ་བཞུགས།(འདི་ནས་ནུབ་ཚལ་བར་དུ་འདོན་པ་ཅི་ཡང་མེད་ལ་ནུབ་ཚལ་བཞེས་ནས་སྡེ་འབོད་ལ་ཕེབས“སྡེ་འབོད་ཟེར་བ་ནི་བོན་གཤེན་རྣམས་བསྟན་སྦྱིན་གྱི་ལྷ་སྡེ་དེའི་ཁྱིམ་དུ་གདན་འདྲེན་ཞུས་ནས་བསྐང་བ་ཚེ་སྒྲུབ་དང་གཡང་འབོད་རབ་གནས་སོགས་བྱེད་པ་ལ་ཟེར”དེང་སང་ཡར་འཚོགས་བྱས་པ་དང་ཕྱིར་ཇ་བཞེས་སྲོལ་འདུག)

ཚེས་བརྒྱད་ཉིན། སྐྱ་རེངས་ཤར་ནས་བཞེངས་པ་དང༌། ཉིན་འདི་ནི་སྒྲུབ་པ་མཐར་ཕྱིན་ཏེ་ཚོགས་གྲོལ་ནས་བོན་གཤེན་རྣམས་རང་གནས་སུ་བསྐྱོད་པའི་ཉིན་མོ་ཡིན། ཞོགས་པ་འདིའི་འདོན་པ་གཙོ་བོ་ཡང༌། སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་གཞུག་མ་དཀྱིལ་  འཁོར་དབྱེ་བསྡུའི་སྒྲུབ་པའམ་དབྱེ་བསྡུ་རྒྱུན་གྱི་སྒྲུབ་པ་ཞེས་པ་དེ་ཡིན་ཞིང༌། དེ་ཡང་སྔ་རབས་པའི་ཕྱག་སྲོལ་ལྟར་ན། ཚེ་སྒྲུབ། སྐྱབས་འགྲོ༼དྲི་མེད་ལྷན་སྐྱེས་མ་གཏོགས་གཞན་གཉིས་ཀ་མི་འདོན་༽ ཏ་པུ་ཧྲི་ཙའི་གསོལ་འདེབས། མཛད་བཅུ། བྱམས་མ། བསང་ཁ་ཚང་༼ཉིན་འདིའི་བསང་ནི། སྔོན་བྱོན་རིག་འཛིན་རྣམས་ཀྱིས“སྔར་བྱས་ལས་ཀྱི་གཏང་རག“གཏང་རག་ནི་རྔན་པ་དང་བྱ་དགའི་དོན”དང་ཕྱི་བཅོལ་ལས་ཀྱི་ཞུ་སྐྱེམས”ཟེར་བ་ལྟར་གྱི་གཉིས་ཀའི་ཆ་ཚང་སྟེ། སྔར་བྱས་ཀྱི་ལས་ཏེ་ད་སོ་མ་བསྒྲུབས་པ་མཐར་ཕྱིན་མ་ཐག་པ་ལ་འགལ་རྐྱེན་དང་བར་ཆད་ཅི་ཡང་མ་བྱུང་བའི་གཏང་རག་གི་མཆོད་པ་དང༌། ཕྱི་བཅོལ་གྱི་ལས་ཏེ་ད་དུང་ཕྱིན་ཆད་ཀྱང་འདི་འདྲའི་བསྒྲུབ་པ་ཟབ་མོ་ལ་གཞུག་ནས་མཐར་མ་ཕྱིན་གྱི་བར་དུ་མཐུན་རྐྱེན་དང་སྡོང་གྲོགས་མཛད་དགོས་པའི་ཞུ་སྐྱེམས་ཀྱང་ཡིན་པའོ།༽སྙན་བརྒྱུད་ཞི་བ་ཨ་གསལ་གྱི་གཞུང་རྐྱང་ཁ་ཚང་བཏོན་ནས་དཀྱིལ་འཁོར་གྱི་སྒོ་དབྱེ། མཚམས་གཅོད་ལ་བསྭོ་ང་ནི་ཡེ་གཤེན་དང་སྔགས་ཏལ་ཟངས་ནེ་རྒྱུང་ལས་གཞན་པའི་བདེན་བདར་ཅི་ཡང་མི་འདོན།﹚ དེ་ལྟར་དཀྱིལ་འཁོར་གྱི་དངོས་གྲུབ་བླངས་པ་སོགས་རྫོགས་རིམ་ལ་འཇུག་ཅིང་བཀྲ་ཤིས་ཅི་རིགས་བརྗོད་ནས་སྒྲུབ་པ་མཐར་ཕྱུང་ངོ་། །

ད་ལྟ་སྒྲུབ་ཆེན་འདི་ལ་སྔོན་དང་མི་འདྲ་བའི་འགྱུར་ལྡོག་བྱུང་བ་ནི། རང་ཅག་གི་བླ་མ་རིན་པོ་ཆེ་དགོས་དབང་གིས་མཚན་ནས་བརྗོད་ན༧བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་བཀའ་ལྟར། ཉིན་དང་པོའི་ཀུན་བཟང་རྒྱལ་བ་འདུས་པའི་སྒྲུབ་པ་བསྐྱུར་ནས་ཚེ་དབང་བོད་ཡུལ་མ་འདོན་ཞིང༌། ཉིན་གཉིས་པ་དང་གསུམ་པར་ཡི་དམ་དབང་ཆེན་འབུམ་པ་བཏོན་ནས། ཉིན་གཉིས་པའི་ཚེ་དབང་གཞུང་བཞི་﹙རིགས་གསར་གྱི་རླུང་འཚུབ་འཇགས་ནས་ཆོས་ལུགས་སླར་གསོ་བྱས་ཤིང༌། སྒྲུབ་ཆེན་(ཆོས་ཐོག)གསུམ་ནས་བཞི་  ཙམ་ལ་གླིང་བརྒྱའི་དབུ་མཛད་ཀླུ་འབུམ་རྒྱལ་གྱིས་སྔར་རྒྱུན་བསྐྱངས་རྗེས﹚རྩ་བ་ནས་དོར་བའི་གནས་ཚུལ་ཁྱད་པར་བ་ཞིག་ཀྱང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ངེས་ཅན་ཞིག་གི་བབ་དང་བསྟུན་ནས་བྱུང་བ་ལགས་སོ། །

སྨྲས་པ། རང་ལུགས་ཡང་དག་གཞན་ལུཊ་གཏི་མུག་ཅེས། །

གྱེར་བསྟན་བསམ་བཞིན་ཉི་ཟླའི་འཆར་ནུབ་ལ། །

བཀོད་འདི་སྙིགས་མ་ལྔ་བདོའི་སེམས་ཅན་གྱི། །

བསོད་ནམས་ཟད་པར་ལེ་བདའ་ཁོ་བོས་སོ། །

རང་བསྟན་བསྣུབ་ལ་བག་ཚ་མི་མངའ་བ། །

གཞན་སྲི་དམ་འགོང་དེ་རྗེས་འབྲངས་མིན་ན། །

རང་བསྟན་བསམ་བཞིན་བསྣུབ་པའི་བདུད་མེད་དེ། །

ཁྱབ་པ་སྔར་ནས་བཙུན་པར་གྱུར་མིན་ནམ། །

གྲུབ་ཐོབ་རྣམ་གསུམ་བྱིན་བརླབས་དབྱིག་ལྡན་མར། །

རྒྱལ་བ་བྲུ་ཡི་རིང་ལུགས་དལ་འགྲོའི་རྒྱུན། །

ལེགས་པར་འདྲེན་མཁས་རྩེ་ཞིག་དྲུང་རམས་པའི། །

བཀའ་དྲིན་རྒྱ་མཚོ་ཨཀྟ་རོང་དུ་འཁྱིལ། །

དེ་ཡི་དཔལ་ལ་རིང་ནས་མོས་པ་ཡི། །

ཁོ་བོས་ལོ་རྒྱུས་སྲ་བརྟན་བྲག་རི་ལ། །

རྣམ་དཔྱོད་གཟོངས་ཀྱིས་བུ་ག་ཆེར་ཕྱེས་པས། །

བདེན་དོན་མེ་ལོང་ནང་དུ་གཟིགས་རྐྱང་ཡིན། །

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

གཉིས་པ།   མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཆེན།

ལོ་ལྟར་ལུགས་རྙིང་གི་ཟླ་བཞི་བའི་ཚེས་གཅིག་ཉིན་མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཆེན་དུ་འཚོགས་ལ། དེ་ཡང་མདོ་གམ་སྨད་ཀྱི་ཡུལ་གྲུ། བྱང་གི་ཨཀྟ་རོང་ཆེན།  ཡོངས་གྲགས་སུ་རེབ་གོང་གསེར་མོ་ལྗོངས་ཞེས་བོན་གཤེན་རིག་འཛིན་﹙མཁས་པ་གསེར་ཐོག་ལྕེ་འབྱམས་དང་བླ་ཆེན་དྲན་པ་ནམ་མཁའ། རེབ་གོང་གྲུབ་ཐོབ་རྣམ་གསུམ། སྦས་པའི་གཤེན་ཆེན་དགུ་རྒྱུད་﹚རྣམས་ཀྱིས་ཞབས་བཅགས་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་འདིའི་ཞིང་ཁམས་སུ་བཞུགས་པའི་བོན་གཤེན་རིག་པ་འཛིན་པའི་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཞྭ་དཀར་ལྕང་ལོ་ལྡན་པ་﹙སྒྲུབ་ཆེན་འདིར་ཞུགས་མཁན་གཙོ་བོ་ནི། སྔོན་འགྲོ་བསག་སྦྱང་གི་རིམ་པ་དང་དངོས་གཞི་ཉམས་ལེན་གྱི་རིམ་པ་ཚང་བར་སོང་ནས། རང་རང་གི་ལྷག་པའི་ལྷ་མཆོག་ཡི་དམ་གང་ཡིན་གྱི་བསྙེན་པ་ཚད་ལྡན་དང༌། ལ་བརྒྱ་གཅོད་བརྒྱ། ཆུ་མིག་གཉན་ཁྲོད་འགྲིམས་པ་སོགས་ཀྱི་བསླབ་པ་རྒན་པ་﹚རྣམས་གསང་རྒྱུད་རྫོཊ་པ་ཆེན་པོའི་བརྟུལ་ཞུགས་རྣལ་འབྱོར་གྱི་ཆས་སུ་རྐང་གླིང་དང་ཊར་སིལ་བསྣམས་ནས་ཐེངས་འདིའི་སྒྲུབ་ཆེན་གྱི་རེས་ལྷ་སྡེ་གང་ལ་འཁེལ་བ་དེར་ཆིབས་ཞལ་བསྒྱུར་ཚེ། བསྟན་པའི་སྦྱིན་བདག་གི་བོན་གཤེན་རྣམ་པས་གསས་ཁང་སྟེང་ནས་བྱིན་ཆེན་དབྱིངས་འབེབས་མའི་རོལ་མོའི་བྱེ་བྲག་དུ་མས་གདན་འདྲེན་གྱི་ཚུལ་དུ་བསུ་བ་ལེའུ་གོང་མར་བཤད་པ་བཞིན་ནོ། །

དེ་ལྟར་བྱིན་རླབས་ཆར་འབེབས་ཀྱི་ངང་ནས་ཡར་འཚོགས་བྱས་ཏེ་དབུ་མཛད་ཀྱིས་མཆོད་པའི་བྱིང་འདྲེན་ནས་གསོལ་ཇ་བཞེས། ﹙སིལ་སྙན་མ་གཏོགས་ཊ་མ་རི་མི་དཀྲོལ་བར་﹚བསང་གི་སྐོར་ཁ་ཚང་བཏོན་ནས། ། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་མཛད་པའི་གསང་གཅོད་ཡིད་བཞིན་ནོར་བུའི་ཕྱག་བཞེས་གསལ་བྱེད་མུན་སེལ་སྒྲོན་མེ་ལྟར་གཞུང་ལ་འཇུག་ཅིང་ཕྱི་མཚམས་ཀྱི་མགོར་ཐུག་རེག་ཏུ་ཊ་མ་རི་མི་དཀྲོལ། ཆོ་ག་ཡོངས་རྫོགས་བཏོན་ཏེ་སྨོན་ལམ་ཆེན་མོ་བཅས་གསུངས་ནས། མཐར་བསྐང་ཆེན་དང་སྤྱི་བསྐུལ་འདོན། དགོང་མོ་ནུབ་ཚལ་གྱི་རྗེས་སུ་ཕྱི་ནང་གསང་གསུམ་གྱི་ལུས་སྦྱིན་འདོན་པ་བཅས་སོ། །

ཚེས་གཉིས་ཉིན། ནངས་མོར་ཕྱི་ནང་གསང་གསུམ་གྱི་ལུས་སྦྱིན་འདོན་པ་ལས་གཞན་ཅི་ཡང་མི་འདོན། ནངས་ཇ་བཞེས་རྗེས། ཁྲོ་གཉན་གསོལ་འདེབས་ནས་རིམ་པ་ལྟར་འདོན། ལྷ་གཞུང་﹙མཁའ་འགྲོ་གསང་གཅོད་ཀྱི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཀྱི་གཞུང་﹚

གི་མགོ་ནས་གུང་ཇ་བཞེས། དགེ་བསྐོས་ཀྱིས་བཅའ་ཡིག་འདོན། དགོང་མོ་ལུས་སྦྱིན་རྣམས་ཉིན་སྔ་མ་ལྟར་རོ། ། ཚེས་གསུམ་ཉིན། །བཅའ་ཡིག་མི་འདོན་པ་མ་གཏོགས་ཚང་མ་གོང་ལྟར་ཡིན།། ཚེས་བཞི་ཉིན་ཡང་གོང་ལྟར་ལ། སྦྱིན་སྲེག་ཆེན་མོ་བླུགས་ཚར་ནས་ཚོགས་མང་གིས་སྦྱིན་སྲེག་ལ་སྐོར་བ་བྱས་ཏེ་ཕྱག་རྒྱ་གར་མཆོད་ཀྱི་ཊར་བརྡུང་ཆེན་མོ་བྱེད། དེ་ནས་སྨོན་ལམ་ཆེན་མོ་འདོན། དགོང་མོ་ཕྱི་ནང་གསང་གསུམ་གྱི་ལུས་སྦྱིན་མི་འདོན། ཚེས་ལྔ་ཉིན། ནངས་མོ་ལུས་སྦྱིན་གསུམ་ག་བཏོན་ནས་ཁྲོ་གཉན་གསོལ་འདེབས་དང༌། དཀྱིལ་འཁོར་སྒོ་དབྱེ་སོགས་བཏོན་ནས་སྒྲུབ་པ་མཐར་ཕྱུང་སྟེ་རིག་འཛིན་རྣམས་རང་གནས་སུ་བསྐྱོད་པའོ །། སྒྲུབ་ཆེན་འདི་འཛུགས་མཁན་ནི་རྩེ་དབུས་བླ་མ་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས﹙༡༧༩༥-﹖﹚ཡིན་ལ་ཁོང་གི་ལོ་རྒྱུས་རོབ་ཙམ་ངོ་སྤྲོད་བྱས་པ་གཤམ་གྱི་ཤོག་ངོས ༩༣ ལ་གཟིགས།

གསུམ་པ།      ཡི་དམ་ཀུན་འདུས་ཀྱི་སྒྲུབ་ཆེན།

﹙རྒྱ་རྩིས﹚ལུགས་རྙིང་གི་ཟླ ༤ ཚེས ༡༠ ཉིན་ཡར་འཚོགས། ཚེས༡༡ ཉིན་ཡི་དམ་ཀུན་འདུས་ཀྱི་མདོས་འགྱོགས་ལ་འདོན་རིམ་ཕྱག་བཞེས་སུ་གསལ་བས་འདིར་འགོད་པའི་ངལ་བ་མ་བྱས། ཡི་དམ་ཀུན་འདུས་ཀྱི་སྒྲུབ་གཞུང་ཆ་ཚང་ལ་པོད་ཆེན་གཉིས་ཡོད་པ་འདིའི་མཛད་པ་པོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་﹙རབ་བྱུང་བཅུ་གསུམ་པའི་ལྕགས་སྟག ༡༧༧༠ ལོར་འཁྲུངས།  དགུངས་ལོ་རེ་བཞི་པ་ཆུ་སྦྲུལ ༡༨༣༣ ལོར་གཤེགས་﹚རིན་པོ་ཆེ་ཡིན་ལ་ཞལ་གདམས་མང༌། རེབ་གོང་དུ་སྒྲུབ་ཆེན་འདི་འཛུཊ་མཁན་ནི། གང་གི་ཡང་སྲིད་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ﹙༡༩༢༣ų༡༩༥༧﹚ཡིན་ལ། ཁོང་གི་ལོ་རྒྱུས་མདོ་ཙམ་ཞུ་བ་ལ་ཐོག་མར་འཁྲུངས་ཡུལ་ནི། མཐེབ་ཆུ་དམུ་རི་གནས་མཆོག་ངོ་མཚར་ཅན་གྱི་མདུན་﹙ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་ཁོངས་﹚གཙོ་ཚུལ་ཁ་བྱ་བར། ཡབ་ཀྱི་མཚན་ལ་ལྕགས་ཐར་དང་ཡུམ་ཚེམ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག﹙༡༩༢༣﹚ལོར་འཁྲུངས།  དགུང་ལོ་བདུན་བཞེས་དུས། མཁས་ཤིང་གྲུབ་པའི་དབང་ཕྱུག་མཆོག་སྤྲུལ་བསྟན་འཛིན་དབང་རྒྱལ་གྱིས། རྒྱལ་བའི་དབང་པོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་མདའ་ཆེན་དཀར་མོ་རི་ཁྲོད་དུ་གདན་དྲངས་ནས་གཙང་གཙུག་གི་སྡོམ་པ་ཕོག མཚན་ལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང༌། ཤ་ཆང་སྒོག་    བཙོང་སོགས་ཁ་ཟས་ཀྱི་སྡེ་རྣམས་གཏན་སྤངས་མཛད། རིགས་ཀྱི་ཅོད་པན་མཁས་གྲུབ་བསྟན་འཛིན་དབང་རྒྱལ་གཙོས་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་དམ་པ་རྟོཊ་ལྡན་གཡུང་དྲུང་ཉི་མ་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན། རྒྱལ་ཚབ་བློ་གྲོས་རྒྱ་མཚོ།  དཔྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་﹙བླ་མ་འདི་བའི་དྲུང་ནས་བསྙེན་པར་རྫོཊ་ནས་ངུར་སྨྲིག་འདུལ་བ་འཛིན་པའི་སྲོག་ཤིང་དུ་གྱུར།﹚ སྟག་ཞིག་སེང་གེ་ཉི་མ། བྱ་བཏང་བ་ཚེ་དབང་འགྱུར་མེད་སོགས་སྐྱེས་ཆེན་དུ་མའི་ཞལ་སྔ་ནས། རིག་པའི་གནས་བཅུ་དང་ཕྱི་མདོ་མཛོད་འདུལ་བ། ནང་གསང་རིག་གཟུངས་གསུམ། གསང་བ་ཕྱག་རྫོགས་དབུ་མ་སོགས་ཀྱི་གསན་སྦྱང་མཛད་ནས་གཞུང་ལུགས་རབ་འབྱམས་ལ་མཁས་ཤིང་གྲུབ་པའི་སྙན་པ་དོན་དང་བཅས་པའི་གདུགས་དཀར་སྲིད་རྩེ་རུ་གཡོ་བར་བྱས། སུམ་བརྒྱ་པ་ལས། རང་གི་སྐྱེ་ས་ཕ་ཡུལ་གང་ཡིན་དེ།  །ཆགས་སྡང་ཉོན་མོངས་ཀུན་ཀྱི་ལྡུམ་ར་ཡིན།  །གང་ན་དགེ་བ་མི་འཕེལ་ས་ཕྱོགས་སྤང༌།  །འཕེལ་བའི་ཕྱོགས་སུ་འགྲོ་ཞིང་གནས་པར་བྱ། ཞེས་གསུངས་པ་བཞིན། རྗེ་འདི་ཉིད་ཀྱིས། དེ་ལྟར་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་གང་མང་བསྟེན་ནས་ཐོས་བསམ་སྒོམ་སྒྲུབ་ལ་གཅིག་ཏུ་གཞོལ་བས། མཁས་དང་གྲུབ་པའི་ཡོན་ཏན་ལ་མངའ་བརྙེས། སྟོད་ཀྱི་གྲྭ་ས་སྨན་རི་དང་གཡུང་དྲུང་གླིང༌། ཁྱུང་པོ་རི་རྩེ་དྲུག  ཤར་རྫ་གཡུང་དྲུང་ལྷུན་པོ། ཤར་དུང་རི་དང་རྒྱ་ནག་གླིང་ཆེན་འགྱིང་རི་སོགས་ལ་ཕེབས།  ཁྲུང་ཆེན﹙重庆﹚ནས་ཅང་ཅེ་ཧྲི་དང་མཇལ་འཕྲད་བྱུང་ཚེ་གོང་མས་ཆེད་དུ་གདན་འདྲེན་ཞུས་ཀྱང༌། རྗེ་བླ་མས་འཇིག་རྟེན་གྱི་ཆེ་ཐབས་དང་གོང་མར་སྲི་ཞུ་སྒྲུབ་པའི་གོམས་སྲོལ་མི་ཤེས་གསུངས་ནས་མ་ཕེབས། ཅང་ཅེ་ཧྲིས་བླ་མར་ཐམ་ག་གནང་བ་དང་སྲུང་དམག་གིས་སྐྱེལ་མ་བྱས། རེབ་གོང་གསེར་མོ་ལྗོངས་སུ་ཕེབས༌། རྗེ་ཤེས་རབ་རྒྱ་མཚོ་དང་མཇལ་འཕྲད་གནང༌། རེབ་གོང་སྐྱབས་མགོན་སྐུ་ཕྲེང་བདུན་པ་ཤར་སྐལ་ལྡན་རྒྱ་མཚོས་རོང་བོ་གྲྭ་ཚང་ལ་གདན་དྲངས་ནས་ཉིན་གསུམ་རིང་བཞུགས་ནས་ཕན་ཚུན་ལ་ཆོས་འབྲེལ་བཞག རེབ་གོང་སྟོད་སྨད་བར་གསུམ་དང་རྩེ་གཞུང༌། ཁྲི་ཀ་དང་འབྲོག་རུ། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྨིན་གྲོལ་དུང་དཀར་དགོན་པ་དང་རྐ་གསར། བཱ་ཡན་སོགས་སུ་ཕེབས། སྐབས་ཤིག་ལ་མཁས་དབང་ཚེ་ཏན་ཞབས་དྲུང་དང་མཇལ་འཕྲད་བྱུང་ནས་དབུ་མ་སོགས་ཀྱི་བགྲོ་གླེང་མཛད་པས། ཡོན་ཏན་གྱི་ཁོ་ལག་ཡོངས་སུ་རྫོགས་འདུག་ཅེས་མཁས་དབང་ཉིད་ཀྱིས་བསྔཊ་བརྗོད་གནང༌། དེ་ལྟར་ངེས་མེད་ཀྱི་ཡུལ་ཁམས་འགྲིམས་ནས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་བསྙེན་སྒྲུབ་སྒོམ་གསུམ་གྱིས་བསྟན་པ་དང་འགྲོ་དོན་བསྐྱངས་པར་རྙེད་བཀུར་ཆེ་འདོད་ཀྱི་དྲི་མ་ཡོངས་སུ་བྲལ་ཞིང༌། གདུལ་བྱའི་བློ་དང་འཚམ་པར་བོན་གྱི་ཆར་བས་སྨིན་གྲོལ་གྱི་མྱུ་གུ་ཀུན་ནས་སྐྱེད་པར་བྱས། གདན་ས་དཀར་མོ་རི་ཁྲོད་གཙོས། བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྲོལ་བཟང་ཀུན་ལ་སྤེལ་བས།  མཁས་བཙུན་བཟང་གསུམ་འཛོམས་པའི་རྒྱུད་འཛིན་མཆོག་ཏུ་གྱུར་པ་ནི། ད་ལྟ་བདག་ཅག་གི་གཙུག་རྒྱན་དམ་པ༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དང༌། རྔ་ཡུལ་ཤེས་རབ་བློ་ལྡན།  མཁས་དབང་བསྟན་པའི་རྒྱལ་མཚན། མཆོག་སྤྲུལ་སངས་རྒྱས་ཚུལ་ཁྲིམས། སྤྲུལ་སྐུ་ཀུན་བཟང་རྒྱལ་མཚན་སོགས་བསྟན་འགྲོའི་དོན་ནུས་ཀྱི་ཞལ་སློབ་གྲངས་མང་བྱུང་ངོ་། གསུང་འབུམ་ལ། བརྡ་དག་ལྷ་ཆབ་འཁྱིལ་བ་དང་མངོན་བརྗོད་འཁྲི་ཤིང༌། སྒྲ་སྦྱོར་ཉེར་མཁོ།  སྙན་ངག་མཚོ་བྱུང་བཞད་པའི་སྒྲ་དབྱངས། རྩིས་གཞུང་དཔྱིད་ཀྱི་དབྱངས་སྙན། བྱང་ཆུབ་ལམ་རིམ་གཤེན་བསྟན་གསལ་བའི་མཛེས་རྒྱན། དབུ་མའི་ཚིག་མཛོད་རིན་ཆེན་ཕྲེང་བ།  བླ་སྒྲུབ་གང་སྣང་ཡེ་ཤེས་རང་ཤར་གྱི་གཞུང་ཆ་ལག་དང་བཅས་པ། བླ་སྒྲུབ་དབང་ཁྲིད་བྱིན་རླབས་འོད་དཔུང༌། འགྲོ་ཀུན་དང་བ་འདྲེན་པའི་མགུར་གླུ་རྒྱལ་ཀུན་དགྱེས་པའི་རོལ་མོ། མ་ཅིག་བཀའ་གསང་ལྷ་མོའི་མངའ་གསོལ་འཕྲིན་ལས་ཀུན་གྲུབ། བོན་སྐྱོང་དམ་ཅན་རྒྱ་མཚོའི་ཀླུང་རྟ་སྤྲིན་གྱི་ཤུགས་ཅན། ནག་མོ་གསང་སྒྲུབ་ཀྱི་ཤོག་ཆུང༌། བསྟན་པ་རྒྱས་པའི་སྨོན་ ལམ་ཡིད་བཞིན་ནོར་བུ་སོགས་བཞུགས་སོ།།

དེ་ལྟར་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་ལ་སྟོན་པ་གཉིས་པར་བསྔགས་འོས་པའི་སྐྱེས་མཆོག་དམ་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་དེ་ཉིད་ཀྱིས། འཁོར་ལོ་གསུམ་གྱི་བྱ་བས་སྐུ་ཚེ་ཧྲིལ་བོ་བསྐྱལ་བ་སྟེ། དགུང་ལོ་སོ་ལྔའི་དུས་ཚིགས་མེ་བྱ﹙༡༩༥༧﹚ཟླ༥བའི་ཚེས༡༣ཉིན་﹙འགའ་ཞིག་གིས་དགུང་ལོ་སོ་བདུན་གྱི་དུས་སུ་སྐུ་མྱ་ངན་ལས་འདས་ཟེར་བ་མ་དག་པའོ་〕གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ།

﹙༢༠༠༡.༡༢.༩ ལ་བྲིས་ནས་སྟག་གདོང་རི་བོའི་དུང་བརྡ་དེབ༣པར་བཀོད﹚

བཞི་བ།      ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་ཆེན།

ལུགས་རྙིང་གི་ཟླ༤ཚེས༡༢ཉིན་ཞི་ཁྲོ་﹙གཞུང་ཆུང་བ﹚བདུད་རྩི་ཐིགས་པ་འདོན། ཚེས༡༣ཉིན་དམ་པ་རིགས་བརྒྱའི་གཞུང་ཆེ་བ་﹙ཐོས་གྲོལ་﹚བག་ཆགས་རང་གྲོལ་འདོན། ཚེས

༡༤ཉིན་ཚོགས་གྲོལ་ནས་བོན་གཤེན་རྣམས་རང་གནས་སུ་བསྐྱོད་པ་བཅས་སོ། གཞུང་ཆེན་བག་ཆགས་རང་གྲོལ་མ་གཏོགས། གཞན་བདུད་རྩི་ཐིགས་པ་དང་ཆ་ལག་ཕྱག་བཞེས། དབང་ཁྲིད་ཁྲུས་ཆོག་སོགས་ཀུན་གྲོལ་གྱིས་མཛད་ཅིང་བཀའ་གསར་དུ་གཏོགས་པས། བོན་མང་གི་རྒན་པ་རྣམས་ཀྱིས“བཛྲ་ཨམྲྀ་ཏ་ཡི་ཆོས་མི་འདོན”ཞེས་ཚུགས་ཁག་པོ་བྱུང་སྐད།

སྒྲུབ་ཆེན་འདི་ནི་བོན་བརྒྱའི་སྐུ་སྐྱེ་ནམ་མཁའ་རྒྱལ་མཚན་﹙༡༩༢༠ų༡༩༥༩﹚གྱིས་བཙུཊ་པ་ཡིན། ཁོང་གི་ལོ་རྒྱུས་མདོར་བསྡུས་ཙམ་ནི། མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་ལས། ཁྱུང་སྨན་དགོན་མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་ལྷུན་གྲུབ་གླིང་ཞེས་པའི་དགོན་སྡེ་འདི་ཐོག་མར་རྨང་འདིང་མཁན་ནི་ བོན་བརྒྱའི་བླ་མ་ནམ་མཁའ་རྒྱལ་མཚན་ཡིན། ཁོང་ནི་སྤྱི་ལོ༡༩༠༢ལོར་བོན་བརྒྱ་རུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྟེང་བོན་བརྒྱ་ རང་ཤར་རིག་གྲོལ་གྱི་ཡང་སྲིད་དུ་ངོས་འཛིན་བྱས། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ལས་རིག་གནས་དང་ལམ་སྔགས། དབང་ལུང་ཁྲིད་གསུམ་སོགས་མང་དུ་གསན། རྔ་བའི་རྟོགས་ལྡན་བཀྲ་ཤིས་འཁྱིལ་གྱི་མཁན་པོ་བཟོད་པ་རྒྱལ་མཚན་ལས་ཤར་རྫའི་བཀའ་འབུམ་གསན། སྤྱི་ལོ༡༩༣༧ལོར་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་ཞལ་མཇལ། རིན་པོ་ཆེས་ཐུགས་བརྩེ་བས་བདག་རྐྱེན་གནང་སྟེŶམདོ་སྨད་བྱང་ཁའི་ཕྱོཊ་ཀྱི་བོན་བསྟན་བདག་སྐྱོང་བྱེད་དགོསŷཞེས་པའི་བཀའ་ཤོག་གསེར་གྱི་ཐམ་ག་ཅན་དང་དངུལ་གྱི་དུང་ཐེལ་བཅས་གནང༌། མདོ་སྨད་བྱང་ཕྱོགས་ཀྱི་རོང་འབྲོག་བོན་སྡེ་རྣམས་ལ་དབང་ལུང་ཁྲིད་གསུམ་དང་ཞི་ཁྲོ་ཐོས་གྲོལ་གྱི་སྒྲུབ་མཆོད་གསར་འཛུཊ་གནང༌། གྲུབ་མཐའ་རིས་མེད་དུ་མང་འགྱེད་ཡང་ཡང་བཏང༌། ཚེ་འབར་ལྔ་དང་མར་མེ་བྱེ་བ་གསུམ། ཚོཊ་འཁོར་ས་ཡ་གཅིག རྟེན་གསུམ་བཞེངས་པ་སོཊ་སྐུ་ཚེ་གང་བོར་བཤད་སྒྲུབ་ཁོ་ནས་དུས་འདའ་བར་བྱས། སྤྱི་ལོ༡༩༥༨ལོའི་ཟླ ༣ ཚེས ༨ ཉིན་ཤོག་དཀར་སྟེང་ལ་ས་དབྱིབས་དང་འདུ་ཁང༌། གྲྭ་ཤག་སོགས་ཀྱི་དཔེ་རིས་བྲིས་ནས།  གཤམ་དུ་མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་ལྷུན་གྲུབ་གླིང་ཞེས་པའི་དགོན་པའི་མཚན་ཡང་བཀོད།  སྤྱི་ལོ༡༩༥༩ལོར་སྐུ་གཤེགས།

ལྔ་བ།          བཅུ་བའི་སྒྲུབ་ཆེན། 

ལུགས་རྙིང་གི་ཟླ༡༠ཚེས༨ཉིན། བཅུ་བའི་སྒྲུབ་ཆེན་﹙སྟོན་ཆོས་ཀྱང་ཟེར་﹚ལ་འཚོཊ།  རང་བཞིན་བྱིན་རླབས་ཀྱི་དབྱིངས་ནས་རོལ་མོའི་བྱེ་བྲག་གིས་གདན་འདྲེན་པ་སོགས་ལེའུ་གོང་མར་བཤད་པ་ལྟར་ཡར་འཚོགས་བྱས་ནས། ཉིན་དང་པོར་སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་ལྡེ་མིག་གིས་ཀུན་བཟང་རྒྱལ་བ་འདུས་པའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས་སྒྲུབ་པ་ཆེན་པོའི་གཞི་འཛིན། ཉིན་གཉིས་པར་﹙ཟླ༡༠ཚེས༩ཉིན་﹚བླ་མ་ཚེ་དབང་རིག་འཛིན་གྱི་སྒྲུབ་པ་ཟབ་མོ་གཞུང་ཆེན་བཞིའི་དཀྱིལ་འཁོར་ཞལ་ཕྱེ། ལེའུ་གོང་མར་བཤད་ཟིན་པ་ལྟར་ཚོགས་ཀྱི་འཁོར་ལོའི་སྐབས་སུ་འཆམ་མང་ལྟ་བ་ལ་འབུད་ཅིང་སྒྲུབ་ཁང་གྲལ་བར་ནས་འགུགས་གཞུག་དང་ཕུར་འདེབས། བསྒྲལ་ཆེན། བསྟབ་པ་སོགས་ཀྱི་གར་འཆམ་བྱེད། ཉིན་གསུམ་པར་﹙ཟླ༡༠ཚེས༡༠ཉིན་﹚ཀློང་དགུའི་ཡི་དམ་དགུའི་གཙོ་བོ་སྟེ་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་དབལ་གསས་རྔམ་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་གསང་སྔགས་སྒྲུབ་པ་ཆེན་པོའི་ལས་ཀྱི་མཐའ་བསྒྱུར་ཅིང༌། བསྟན་སྲུང་དམ་ཅན་རྒྱ་མཚོས་རྔམ་གཏུམ་དྲག་པོས་གེ་ཤན་དུན་ཙེ་སྒྲོལ་བའི་གར་འཆམ་པ་སོགས་ཀྱི་འགྲོ་ལུགས་རགས་བསྡུས་ཙམ་གོང་དུ་རྒྱ་ལོའི་སྒྲུབ་ཆེན་གྱི་སྐབས་བཤད་པ་བཞིན་ནོ། །

སྟོན་ཆོས་དང་དཔྱིད་ཆོས་﹙བཅུ་བའི་སྒྲུབ་ཆེན་དང་རྒྱ་ལོའི་སྒྲུབ་ཆེན་﹚འདི་གཉིས་དུས་རབས་འདིའི་གནམ་ལོ་འདི་ལ་ཐོག་མར་བཙུགས་པ་ཡིན་ཞེས་པའི་གསལ་ཁ་མེད་ཀྱང༌།  རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་རྗེས་ཙམ་ནས་ཚུགས་ཤིང༌། ཁྱད་པར་དུ་རྩེ་ཞིག་སྟོང་ཉིད་བྱ་འཕུར་རིན་པོ་ཆེ་དང་ཨ་ལགས་ཤེས་རབ། དྲུང་རམས་པ་ཤེས་རབ་རྣམ་རྒྱལ། མཁར་ནག་སྐུ་ཕྲེང་སོཊ་ཀྱི་རིང་ལ་དར་རྒྱས་ཕུན་སུམ་ཚོགས་པར་གདའ་འོ། །

དེ་ཡང་ཚེ་དབང་གཞུང་བཞིའི་སྒྲུབ་པ་འདི་ལ་མཚོན་ནས་ ཅུང་ཙམ་བཤད་ན། བོན་གྱི་གྲྭ་ས་ཡ་བཞིའི་ནང་ཚན། གཡས་རུ་གཙང་གི་འདུ་གནས་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགོན་དུ་ལོ་གཅིག་གི་ནང་ལ་སྒྲུབ་པ་ཆེན་པོ་བཅུ་གཉིས་ཡོད་པ་ལས། ཟླ ༡༠ ཚེས ༡༠ ལ་ཚེ་དབང་གཞུང་བཞིའི་སྒྲུབ་ཆེན་ཡིན་པས། རང་རེ་མདོ་སྨད་བྱང་ཁའི་ཕྱོགས་འདིར་ལོ་རྒྱུས་ཀྱི་སྟེང་ནས་གྲྭ་ས་སྨན་རི་དགོན་དུ་ལོ་མང་བཞུགས་ཤིང་ཕྱི་ནང་གསང་གསུམ་ཆོ་གའི་ཕྱག་ལེན་དང་རིག་གནས་སོགས་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པ་ནི་རྩེ་དབུས་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ཡིན། དེ་མ་ཟད་ཁོང་ཉིད་ཕྱིར་རང་ཡུལ་དུ་ཕེབས་ ནས་བྱང་ཁའི་ཕྱོགས་འདིར་གཡུང་དྲུང་བོན་གྱི་བསྟན་པ་རབ་ཏུ་སྤེལ་ནས་སྟོན་ཆོས་དང་དཔྱིད་ཆོས་གཉིས་ཀའི་ཉིན་གཉིས་པར་ཚེ་དབང་གཞུང་བཞིའི་སྒྲུབ་པ་འདི་བཙུགས་པས། ཁོང་གི་ལོ་རྒྱུས་མདོ་ཙམ་ཞིག་སྦ་སར་པཎྚི་ཏའི་གསུང་ལས་མཚམས་འདིར་དྲང་སྟེ་གལ་ཆེའི་མིང་ཚིག་འགར་མཆན་བུ་མདོར་བསྡུས་རེ་བཏབ་ནས་འགོད་ན། ﹙རབ་བྱུང་བཅུ་གཅིག་པའི་ནང་ཙམ་ལ་འཁྲུངས་པའི་རྩེ་དབུས་ཨ་ལགས་ཤེས་རབ་﹚ཁོང་གི་དབོན་པོ་མཉམ་མེད་སྤྲུལ་པའི་སྐུ། །

ཨ་ལ གས་ཤེས་རབ་རྣམ་རྒྱལ་ཞེས་བྱ་བ། །

ཆུང་ནས་དབུས་གཙང་དག་པའི་ཞིང་དུ་ཕེབས། །

དཔལ་ལྡན་སྨན་རིའི་དགོན་དུ་གྲྭ་སར་ཞུགས། །

སྐུ་མདུན་དམ་པ་རིན་ཆེན་ལྷུན་གྲུབ་﹙རབ་བྱུང་བཅུ་གཉིས་པའི་ཤིང་ཡོས༡༧༣༥ལ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་འཁོད། དེ་ནས་ལོ༢༥པ་ལྕཊ་འབྲུག༡༧༦༠ལོར་ཤེས་རབ་བསྟན་འཛིན་གསེར་ཁྲིར་ཕེབས་པ﹚དང༌། །

གྲུབ་ཆེན་ཡབ་སྲས་ཐུགས་ཀྱི་སྲས་སུ་གྱུར། །

ཕྱི་ནང་གསང་གསུམ་མདོ་སྔགས་བོན་སྒོ་ལ། །

མཁས་པར་སྦྱངས་ཏེ་དབང་ལུང་ཁྲིད་སོགས་ཞུས། །

གར་ཐིག་དབྱངས་སོགས་མ་ཚང་མེད་པར་བསླབས། །

གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ་﹙རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ༡༦༦༥ལོར་འཁྲུངས། དགུང་ལོ་གོ་བདུན་ལྕགས་སྦྲུལ༡༧༦༡ལ་གཤེགས﹚ཞབས་དྲུང་ནས། །

མཁའ་འགྲོ་གསང་གཅོད་ལ་སོགས་སེམས་ཕྱོགས་ཀྱི། །

ཁྲིད་དང་ངོ་སྤྲོད་ལ་སོགས་མང་དུ་ཞུས། །

གཞན་ཡང་དཔོན་གསས་དམ་པ་མང་དུ་བསྟེན། །

ལོ་མང་འགོར་ཀྱང་རང་ཡུལ་དྲན་མ་གྱུར། །

གདན་འདྲེན་ལན་འགའ་ཞུས་ཀྱང་མ་ཕེབས་ནས། །

དེ་ཚེ་ཨ་ཁུ་བསྒྲེས་པས་ཐུགས་ཆད་དེ། །

རྟེན་གསུམ་རྣམས་ཀྱང་སྟོན་པའི་ཐུགས་ཀར་སྦས། །

དེ་ལ་ཐབས་དང་སྙིང་སྟོབས་ཆེར་ལྡན་པའི། །

སྟོང་ཆེ་བོན་ཚང་﹙ཁྲི་ཀ་སྟོང་ཆེའི་གཡུང་དྲུང་ཕུན་ཚོགས་གླིང་ལ་ཁྱུང་མོ་གྲྭ་ཚང་དང་བོན་པོ་གྲྭ་ཚང་སོཊ་ཟེར﹚ཨ་ཁུ་རྒྱལ་ཡིས། །

གྲོགས་འགའ་ཁྲིད་དེ་དབུས་གཙང་ཡུལ་དུ་བསྐྱོད། །

དཀའ་བ་སྤྱད་ནས་སྨན་རིའི་དགོན་དུ་སླེབས། །

རྩེ་ཞིག་དབོན་པོ་ཤེས་རབ་རྣམ་རྒྱལ་དྲུང༌། །

ཞི་དྲག་སྣ་ཚོགས་ཐབས་ཀྱིས་གདན་འདྲེན་ཞུས། །

ཞུས་བཞིན་མདོ་སྨད་བསྟན་འགྲོ་ཐུགས་ལ་དགོངས། །

དཔོན་གཡོག་འཁོར་བཅས་མདོ་སྨད་ཕྱོགས་འདིར་ཆས། །

ལམ་དུ་དཀའ་བ་སྣ་ཚོགས་མྱོང་ན་ཡང༌། །

ཉེས་སྐྱོན་མ་བྱུང་ཕྱོགས་འདིར་བདེ་བར་སླེབས། །

རྩེ་ཞིག་ཁུ་དབོན་རྣམ་གཉིས་མཇལ་བའི་སྐབས། །

ཤི་གསོན་མ་བུ་འཕྲད་འདྲའི་དགའ་བ་བྱུང༌། །

ཨ་ཁུ་རྒྱལ་བས་དབུས་གཙང་ཡུལ་གྲུ་རུ། །

འཁོད་པའི་གྲྭ་ས་གྲུབ་གནས་ཀུན་ལ་མཇལ། །

ཁྱད་པར་གྲུབ་ཐོབ་སྤ་ཡི་གདན་ས་ནས། །

ཁྲོ་བོ་དབང་ཆེན་ཆོ་གའི་དབྱངས་སོགས་བསླབས། །

དེང་སང་ཕྱོགས་འདིར་དར་བ་འདི་ཀ་འོ། །

ཨ་ལགས་ཤེས་རབ་རྣམ་རྒྱལ་དེ་ཉིད་ལ། །

གཙང་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་﹙རབ་བྱུང་བཅུ་གཉིས་པའི་ས་རྟ༡༧༣༨ལོར་འཁྲུངས།  དགུང་ལོ་ཞེ་གསུམ་པ་ལྕགས་བྱི ༡༧༨༠ ལ་འདས་﹚ཀྱིས། །

མདོ་སྨད་ཕྱོགས་ཀྱི་བོན་སྡེ་ཁག་ཆེ་ཆུང༌། །

ཀུན་གྱི་བསྟན་པའི་བདག་པོ་ཁྱོད་ཡིན་ཞེས། །

བཀའ་ཤོག་གསེར་གྱི་ཐམ་ག་དང་བཅས་གནང༌། །

དེ་བཞིན་ཁོང་གིས་སྟོང་ཆེ་སྟོང་ཆུང་དང༌། །

རེབ་ཀོང་རྩེ་དབུས་ལ་སོགས་བོན་སྡེ་ཀུན། །

བདག་གིར་མཛད་ནས་བསྟན་པའི་བྱ་བ་བྱས། །

ཁྱད་པར་གཡུང་དྲུང་ཕུན་ཚོགས་གླིང་﹙མཚོ་སྔོན་ཁྲི་ཀ་ཁྱུང་མོ་དགོན་﹚འདི་རུ། །

རྒྱལ་པོ་ཤེལ་ཁྲབ་ཅན་གྱི་རྟེན་འཛུགས་བྱས། །

དཀོར་གྱི་སྲུང་མར་བསྐོས་ནས་བཀའ་བསྒོ་གནང༌། །

གཞན་ཡང་དགོན་པའི་བྱ་བཞག་སྒྲིག་ལམ་སོགས། །

ཐམས་ཅད་ཀུན་ལ་བཀའ་དྲིན་རྨད་དུ་བྱུང༌། །

མཉམ་མེད་རྣམ་སྤྲུལ་རྩེ་ཞིག་དྲོང་རམ་﹝དྲུང་རམས་﹞པ། །

ཤེས་རབ་རྣམ་རྒྱལ་ཞེས་བྱའི་མཚན་སྙན་གྱིས། །

མདོ་གམ་སྨད་ཀྱི་འཛིན་མ་དོག་པོར་བྱས། །

གང་གི་སྐུ་ནི་དྲང་སྲོང་དྲི་མེད་ཚུལ། །

ཐུགས་ཀྱི་དགོངས་པ་ནམ་མཁའི་ངོགས་དང་མཚུངས། །

རྨད་བྱུང་མཛད་པས་འགྲོ་རྣམས་ཡིད་རབ་འདྲེན། །

                    89

ཞག་མ་བདུན་རེར་ཏིང་འཛིན་གཅིག་ལ་གནས། །

དེ་ཚེ་ལས་ལྡན་མཁར་ནག་ཤེར་ཚུལ་﹙མཁར་ནག་གྲུབ་ཆེན་སྐུ་ཕྲེང་དང་པོ་ཤེས་རབ་ཚུལ་ཁྲིམས﹚སོགས། །

སྐལ་ལྡན་མང་པོས་ཡང་ཡང་གསོལ་བཏབས་ངོར། །

ཕྱི་ནང་གསང་བའི་བོན་སྒོ་མང་པོ་གནངས། །

ཁྱད་པར་ཞང་ཞུང་སྙན་བརྒྱུད་ངོ་སྤྲོད་བཏབས། །

གཞི་ལམ་འབྲས་བུའི་དེ་ཉིད་གཏན་ལ་ཕབས། །

འཁྲུལ་བའི་ཕུག་གཅར་གདོད་མའི་གཞི་ལ་བསྐྱལ། །

ཅིག་ཅར་དགོངས་པ་མཁའ་དང་ཉི་ལྟར་ཤར། །

དེ་ལྟར་སྨིན་གྲོལ་བོན་གྱི་སྒོ་འཕར་ཕྱེས། །

ཁོང་ལ་མདོ་སྨད་ཕྱོགས་འདིར་གྲུབ་ཐོབ་ཀྱི། །

སློབ་མ་གསུམ་﹙སྐྱབས་རྗེ་བོན༧བརྒྱ་རིན་པོ་ཆེས། མཁར་ནག་ཤེས་རབ་ཚུལ་ཁྲིམས་དང་གྱང་རིའི་ཐུགས་རྗེ་དབང་འབུམ། སོ་ནག་བོན་ཕྲུག་གམ་སོ་ནག་གྲུབ་ཆེན་ཐོག་འཛིན་གསུམ་ཡིན་གསུངས།﹚བྱུང་གཞན་དག་གྲངས་ལས་འདས། །

རེབ་ཀོང་བོན་མང་སྨིན་གྲོལ་སྒོ་རུ་བཙུད། །

དབལ་རམ་འབུམ་གསུམ་བོན་ལ་ག་དར་བྱས། །

དུས་ཀྱི་སྒྲུབ་མཆོད་བཙུགས་པ་ད་བར་གནས། །

དེ་ལྟར་བསྟན་དང་འགྲོ་དོན་རྒྱ་ཆེན་པོ། །

གྲུབ་མཐར་སྐུ་གཟུགས་གདོད་མའི་གཞི་ལ་བསྡུས། ཞེས་གསུངས་པས།  ཁོང་ཉིད་རེབ་གོང་བོན་མང་ལ་སྐུ་དྲིན་བླ་ལྷག་ཏུ་ཆེའོ།།

སྨྲས་པ།  མཁྱེན་པ་ནམ་མཁའ་བཞིན་དུ་གཡའ་དག་ཅིང༌།  །

བརྩེ་བ་ཉི་མ་བཞིན་དུ་ཀུན་ལ་ཁྱབ། །

ནུས་སྟོབས་ཆུ་འཛིན་གློག་གི་སྐ་རགས་ཅན། །

བྱིན་རླབས་ཆར་འབེབས་རྩེ་ཞིག་དྲུང་རམས་པ། །

གང་གི་ཐུགས་བསྐྱེད་འཛིན་མ་ཡངས་པོ་ལ། །

གཤེན་བསྟན་ཕན་བདེའི་གྲིབ་མ་རབ་བསིལ་ཞིང༌། །

གསང་རྒྱུད་རྫོགས་པ་ཆེན་པོའི་དཔག་བསམ་ལྗོན། །

བྱང་རྒྱུད་ཨཀྟ་རོང་དུ་ཁོ་ལག་ཡངས།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ཞེས་རེབ་གོང་གསེར་མོ་ལྗོངས་སམ་བྱང་གི་ཨཀྟ་རོང་གི་སྒྲུབ་སྡེ་ལས།  རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་པའི་ལེའུ་སྟེ་གཉིས་པའོ། །

ལེའུ་གསུམ་པ།  སྙན་བཟང་བོན་མང་གི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་བསྡུས་པ། །

གཅིག          བཞི་བའི་སྒྲུབ་ཆེན།

ལུགས་རྙིང་གི་ཟླ༤ཚེས༥ནས་ཚེས༡༠བར་དུ་ཐུགས་ཀྱི་ཁྲོ་བོ་གཙོ་མཆོག་གི་སྒྲུབ་ཆེན་ཏེ་ཁྲོ་རྒྱལ་བརྒྱད་ཅུ་གྱ་དྲུག་གི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྙེན་སྒྲུབ་ལས་སྦྱོར་ལ་འཇུག་ཅིང་སྲུང་ཟློག་ གསད་གསུམ་ཚད་ལྡན་བྱས་མཐར་དྲག་པོ་དགུ་སྐོར་གྱི་སྦྱིན་སྲེག་བླུག་ནས་སྒྲུབ་པ་མཐར་ཕྱུང་བ་ཡིན། དེ་ནས་རབ་བྱུང་བཅུ་བཞིའི་ནང་ལ་རྩེ་དབུས་བླ་མ་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས།  མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཆེན་དུ་བསྒྱུར་ནས་ད་ལྟའི་བར་དུ་གནས་པ་འདི་ག་ཡིན།  ཉིན་རེའི་འགྲོ་རིམ་ནི་ཕྱག་བཞེས་དང་ཆུ་འགྲིམ་ལག་ལེན་སོགས་གཞིར་བཟུང་ནས་རེབ་གོང་བོན་མང་ལྟར་རོ།།

རྩེ་དབུས་ཆོས་རྗེའམ་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེ་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས༡༧༩༥ལོར་མདོ་སྨད་རྩེ་དབུས་སུ་འཁྲུངས། དགུང་ལོ་བཅུ་གཉིས་སྟེང་སོག་རྒྱལ་ཆིང་ཝང་ངག་    དབང་དར་རྒྱས་ཀྱིས་དབུ་བླར་བཀུར་ནས་ཆོས་རྗེའི་ཆོ་ལོ་ཕུལ་ཅིང་ཐམ་ག་སོགས་གནང་སྟེ་མདོ་སྨད་ཕྱོགས་ཀྱི་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོར་མངའ་གསོལ་ཞིང་མཛད་འཕྲིན་རྒྱ་ཆེར་  འཕེལ། དེ་ཡང་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་སྦ་སར་པཎྚི་ཏའི་གསུང་དུ་འཁོད་པ་འདིར་དྲང་ན།

རྩེ་དབུས་བླ་མ་ནམ་མཁའ་གཡུང་དྲུང་གི། །

སྐུ་ཡི་ཚ་བུ་རྩེ་དབུས་ཆོས་རྗེ་ཞེས། །

སྔོན་སྦྱངས་སྟོབས་ཀྱིས་ཆུང་ནས་རིག་པ་སད། །

ཨ་ཁུ་ནམ་མཁའ་གཡུང་དྲུང་ཞལ་སྔ་ནས། །

རབ་བྱུང་ཚུལ་མིང་རྒྱལ་བ་ཚུལ་ཁྲིམས་གསོལ། །

རིག་པའི་གནས་སོགས་ཡོན་ཏན་མང་དུ་བསླབས། །

ཆོས་རྒྱལ་ཆིང་ཝང་བསོད་ནམས་དར་རྒྱས་﹙ངག་དབང་དར་རྒྱས)ཀྱིས། །

ཆོས་རྗེ་ཆོ་ལོ་བྱིན་ནས་བླ་སར་བཀོད། །

གསར་མའི་རྒྱུད་སྡེ་ཕལ་ཆེར་ཐུགས་འཛིན་མཛད། །

ཀུན་ལ་ལས་རུང་བསྙེན་པ་ཚད་ལྡན་བསྐྱལ། །

རྙིང་མའི་བླ་མ་འཇིགས་མེད་སྐལ་བཟང་ངམ། །

གཞོན་ནུ་ཡེ་ཤེས་རོལ་བའི་རྡོ་རྗེ་ཡིས། །

ལོ་ཆེན་བཻ་རོའི་སྐྱེ་བར་ལུང་བསྟན་ཅིང། །

དམར་ཁྲིད་དགོངས་འདུས་མཁའ་འགྲོ་གསང་མཛོད་སོགས། །

བོན་སྡེ་འགའ་ཡི་བཀའ་བབས་དབང་ལུང་གནང༌། །

ཁྱད་པར་སྐྱེས་མཆོག་དམ་པ་དེའི་དྲུང་ནས། །

རྙིང་མའི་ལུགས་ཀྱི་རྒྱུད་སྡེ་མང་དུ་གསན། །

ལྷག་པར་སྙིང་ཐིག་སྐོར་ལ་མཁས་པར་སྦྱངས། །

ཁྲིད་དང་གདམས་ངག་ཡོངས་རྫོགས་ཐུགས་ལ་བཞེས། །

ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་ཡིས། །

གཤེན་སྒོམ་རས་པའི་སྐྱེ་བར་ལུང་གིས་བཟུང༌། །

རྩེ་དབུས་སྒར་བའི་བླ་མ་གཡུང་རྒྱན་གྱི། །

དྲུང་ནས་བོན་གྱི་དབང་ལུང་ཕལ་ཆེར་ཞུས། །

དབལ་ཕུར་ནག་པོ་ལྷག་པའི་ལྷ་རུ་བསྙེན། །

རྟོགས་ལྡན་རིག་འཛིན་རྣམ་གྲོལ་ཞབས་དྲུང་ནས། །

མཁའ་འགྲོ་གསང་གཅོད་དབང་ལུང་གདམས་ཁྲིད་ཞུས། །

གཉན་ས་ཆུ་མིག་ལྔ་བརྒྱ་ལྷག་ཙམ་འགྲིམས། །

ཉམས་ལེན་མཐར་ཕྱིན་གཅེས་འཛིན་གཞི་ལ་ཞིག །

བདུད་བཞི་རང་གྲོལ་དགོངས་པ་མཁའ་ལྟར་དག །

མི་མིན་གཡེན་སྡེ་སྨིན་གྲོལ་ལམ་ལ་བཀོད། །

གཟུགས་ཅན་མི་ལས་གཟུགས་མེད་འགྲོ་དོན་ཆེ། །

རེབ་ཀོང་སྟོང་ཆེ་སྟོང་ཆུང་ལ་སོགས་ན། །

སྐལ་བཟང་སློབ་མའི་ཚོགས་རྣམས་ཐམས་ཅད་ལ། །

བོན་སྒོ་ཕྱི་ནང་གསང་གསུམ་དབང་ལུང་དང༌། །

ངོ་སྤྲོད་ཁྲིད་སོགས་བཀའ་འཁོར་མང་དུ་བསྐོར། །

བསྟན་འགྲོའི་དོན་ནུས་སློབ་མ་འགའ་ཞིག་བྱུང༌། །

ཇོ་བོ་རྨ་རྒྱལ་པོམ་ར་ལ་སོགས་པའི། །

མདོ་སྨད་ཡུལ་ས་ཡུལ་སྨན་ཕལ་ཆེ་བས། །

རང་གཟུགས་བསྟན་ཏེ་བསྟན་པའི་སྡོངས་གྲོགས་བྱས། །

ཚ་བའི་ཡེ་ཤེས་སེང་གེ་ལ་སོགས་པའི། །

སྔོན་རབས་སྐྱེས་ཆེན་འགའ་ཡི་སྐྱེ་བའང་དྲན། །

ཆུ་འགྲིམས་དམིགས་སྐོར་འགྲེལ་བ་ཞལ་ལུང་དང༌། །

རྨ་རྒྱལ་གཡང་སྒྲུབ་ཉམས་ཀྱི་མགུར་འབུམ་སོགས། །

བཀའ་འབུམ་གསུང་རྩོམ་ཆེ་ཆུང་མང་དུ་ཡོད། །

མཁས་གྲུབ་ཆེན་པོ་རྩེ་དབུས་ཆོས་རྗེ་ཞེས། །

བན་བོན་རྙིང་གསུམ་ཀུན་གྱིས་བླ་མར་བཀུར། །

བསྟན་དང་འགྲོ་དོན་གང་འདུལ་མཛད་པའི་མཐར། །

གཟུགས་སྐུ་མི་རྟག་དགོངས་པ་མཁའ་སྤྱོད་གཤེགས། །

སླར་ཡངསྲིད་པ་རང་གི་ནང་དུ་ནི། །

འཁྲུངས་པའི་སྤྲུལ་སྐུ……འདི་ཉིད་དོ།། ཞེས་གསུངས་ཤིང་དགུང་ལོའང་མང་པོར་བཞུགས་ཏེ།  ཉིད་ཀྱིས་གསུངས་པའི་མཛད་བཅུའི་སྨོན་ཚིག་གི་མཇུག་བྱང་དུ“ཅེས་པ་མེ་སྟག་གི﹙རབ་བྱུང་བཅུ་བཞི་བའི་མེ་སྟག ༡༨༦༦﹚ལོར། གླིང་བརྒྱའི་གསས་ཁང་བདུད་འདུལ་གླིང་དུ་གཅོད་ཀྱི་ཚོགས་གྲལ་དུ་མཛད་བཅུ་བརྗོད་སྐབས། སྙེམས་རྟོག་གྱ་གྱུའི་རྐྱེན་བྱས་འདི་འདྲའི་སྨོན་ཚིག་དགོས་པར་དྲན་ནས་དབང་མེད་དུ་ཐོལ་ཚིགས་སུ་བླ་མ་ཆོས་རྗེས་ རང་ལོ་དོན་གཉིས་ཀྱི་འཆོལ་གཏམ་སྨྲས་སོ།”ཞེས་གསུངས་པས། རེབ་གོང་ཕྱོགས་སུ་མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཆེན་འཛུགས་དུས་ནི་ཁོང་གི་སྐུ་ཚེའི་སྨད་ཡིན་པར་འཁུམས་སོ། །

གཞན་ཡང༌། སྔོན་དུས་སུ་སྙན་བཟང་རུ་གོང་ཞོལ་ལའང་མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་པ་﹙ཚེས་བཅུ་སྟེ་ཉིན་གཅིག་གི་ཆོ་ག་ཁ་ཚང་﹚ཞིག་ཡོད་པ་སྟེ། རྒྱ་ཡེ་བོན་གཤེན་སྙིང་རྒྱལ་བྱམས་དགུང་ལོ་ཆུང་དུས། ཁོང་ཚང་གི་ཐོག་ཁང་ནང་ནས་མཁའ་འགྲོ་གསང་ གཅོད་ཀྱི་ཚེས་བཅུ་བཟུང་བ་ཁོང་གིས་གསལ་བོར་ཤེས་ཀྱི། དེ་ནས་རིམ་བཞིན་ཉམས་སོང་བ་རེད་ཅེས་གསུངས་སོ། །

 གཉིས།      བཅུ་པའི་ལྔ་མཆོད།

          ལུགས་རྙིང་གི་ཟླ༡༠ཚེས༢༥ཉིན་ཡར་འཆོགས་﹙འདིར་སྒྲུབ་ཁང་སྟེང་ནས་རོལ་མོ་བྱིན་ཆེན་དབྱིངས་འབེབས་མས་བསུ་བ་བྱེད་པ་སོཊ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཕྱག་ལེན་བཞིན་﹚བྱས་ནས་བསང་འདོན་པ་﹙བསྙེན་པའི་གཞི་མ་སྒོ་དགུ་ལས།  ཐར་གླུད་སྐོང་ལ་བསྙེན་པ་སྟེ། ལས་ཀྱི་མཐའ་བསྒྱུར་འཕྱོང་ཆེན་སྡེ་དགུ་ལས། སྣང་སྲིད་རབ་འབྱམས་སྐོང་གི་འཕྱོང་དུ་གཏོཊ་པ་སྔར་བཤད་ཟིན་པ་﹚དང་སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་ལྡེ་མིག་གི་སྒོ་ནས་བདེར་གཤེགས་ཀུན་གྱི་རྩ་བའི་ལྷ་མཆོག ཀུན་བཟང་རྒྱལ་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་གསང་བ་སྔཊ་ཀྱི་སྒྲུབ་པ་ཆེན་པོའི་གཞི་ལེགས་པར་འཛིན། གསེར་འོད་ནོར་བུ་འོད་འབར་ལས།  སེམས་བསྐྱེད་དོན་དང་ལྡན་གྱུར་ན། །འབྲས་བུ་བཅུད་རློན་དྲོད་དང་འཕྲད། །དེ་ནས་འབྲུ་བཅུད་འབྲས་དྲུག་སྨིན། །དེ་ཕྱིར་སེམས་བསྐྱེད་ལྡན་པར་མཛོད། །ཅེས་གསུངས་པས། གཞན་དོན་དུ་སེམས་བསྐྱེད་ནས་ཡུལ་ ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ།  སྟོབས་བཞི་ཚང་བའི་སྒོ་ནས་སྔར་བསགས་ཀྱི་སྡིག་སྒྲིབ་སྦྱང་བ། འབྲས་བུ་ཡེ་ཤེས་ཀྱི་དོན་རྟོགས་པར་རྒྱུ་བསོད་ནམས་ཀྱི་ཚོགས་བསག་མཎྜལ་འབུལ་བ། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་ལ་འབད་པ་རྩ་བ་བརྒྱུད་པ་དང་བཅས་པའི་བླ་མ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་འདེབས་པ། མཐར་དབང་བཞི་དང་ཞུ་བསྟིམ་བྱ་བ། རྒྱུད་ལས། ཏིང་འཛིན་སྙིང་པོ་འཛབ་དང་ཚོགས་སུ་སྦྲེལ། གསུངས་པས།  བདག་མདུན་བསྒོམ་པ་དང་སྤྱན་འདྲེན། ཕྱག་འཚལ། སྡིག་བཤགས། ཕྱི་ནང་གི་མཆོད་པ།  འཛབ་བསྒོམ་དང་བསྙེན་པ་བགྲང་བ། སྐུ་བསྟོད། རྟགས་སྒྲུབ། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ། དམ་ཅན་རྒྱ་མཚོའི་བསྐང་བ། ཚོགས་གཞུང་རྣམས་ལས་དངོས་སུ་མ་བྱུང་ཡང་སྔ་རབས་པའི་ཕྱག་ལེན་ལ་འདུག་པ་ལས་བཞི་རྒྱུན་ལྔ་སྦྱིན་སྲེག་གི་འཕྱོང་གི་དོད་དུ་མེ་ལྷ་བསྐྱེད་ནས་ཚོགས་ཕུད་འབུལ་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་རོལ་ཞིང་ལྷག་མ་འགྲོ་དྲུག་ལ་སྦྱིན་པར་བཀྱེ་བ། དེ་ནས་དམར་ལམ་ཟོར་གྱི་སྒྲུབ་པ་དང་གཟིར་མནན་བྲོ་ཡི་སྒྲུབ་པ། ཕྱྭ་ཚེ་གཡང་གི་སྒྲུབ་པ་ནས་ཕྱི་ཉིན་གྱི་ཆོ་གའི་མགོ་འགུགས་སོགས་རེབ་གོང་བོན་མང་བཞིན་ནོ། མཚན་མོར་མར་མེ་བརྒྱ་སྟོང་གྲངས་སུ་སྒྲོན་ནས་ མཁའ་འགྲོ་འོད་ལྡན་མའི་མགུར་འབུམ་གྱི་བྱིང་འདྲེན་པ་དང་བོན་མང་གིས་མ་ཏྲི་དབྱངས་ལ་གྱེར། །
ཚེས༢༦ཉིན་ཐོ་རངས་ཀྱི་སྔོན་ཙམ་ནས་བཞེངས་བརྡ་བརྒྱག  རེབ་གོང་བོན་མང་ལྟར་ཐོག་མར་དྲན་པའི་ཚེ་སྒྲུབ། ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ། སྤྲུལ་སྐུ་ཏ་པུ་ཧྲི་ཙའི་གསོལ་འདེབས། བླ་མ་བརྒྱུད་པའི་གསོལ་འདེབས﹙འདི་སྙན་བཟང་མ་གཏོགས་རེབ་གོང་བོན་  མང་གིས་མི་འདོན།﹚ མཛད་བཅུ། བསང་གི་སྐོར་ཁ་ཚང༌། ནངས་ཇ་བཞེས་ནས། སྨན་ལྷའི་ཆོ་ག་དང་བརྒྱ་རྩ། བྱམས་མ་བཅས་འདོན། དེ་ནས་ཚེ་དབང་གཞུང་བཞིའི་སྒྲུབ་པ་ལ་འཇུག  དྲོས་   ཇའི་སྐབས།  ཚོགས་ཆེན་ཞལ་ངོས་﹙དགེ་བསྐོས་﹚བཅའ་ཡིག་བཏོན་ནས་ཚོགས་གཏམ་གཏོང་།
ཚེས༢༧ཉིན་ཡང་སྔ་མོར་བཞེངས་བརྡ་བརྒྱག་ལ་བརྒྱ་རྩ་ཡན་གྱི་འདོན་པ་ཉིན་སྔ་མ་བཞིན་ལགས་ཤིང༌། འདི་ཉིན་གྱི་ཡི་དམ་ནི་ཐུགས་ཀྱི་ཁྲོ་བོ་གཙོ་མཆོག་ཡིན། དྲོས་ཇའི་སྐབས། དགེ་བསྐོས་  གཞན་པ་དེས་ཚོགས་གཏམ་བཏང་ནས་རྡོ་རྗེ་སློབ་དཔོན་བསྐོ། ཚེས༢༨ཉིན་བཞེངས་བརྡ་ནས་བརྒྱ་རྩ་ཡན་གྱི་འདོན་པ་ཉིན་སྔོན་མ་དང་འདྲ་ལ། ཡི་དམ་ནི་སྐུ་ཡི་ཁྲོ་བོ་དབལ་གསས་རྔམ་པའི་དཀྱིལ་འཁོར་ཞལ་ཕྱེ། དེའང་བསྙེན་པའི་གཞི་མ་སྒོ་དགུ་ལས་སྲུང་བ་མཚམས་ཀྱི་བསྙེན་པ་﹙ཕྱི་མཚམས་﹚དང་དཀྱིལ་འཁོར་བཅའ་གཞིའི་བསྙེན་པ་﹙རྡུལ་ཚོན་བཀྱེ་བ་﹚སོགས་སྔོན་དུ་སོང་ནས་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ལས་བར་མཚམས་﹙ནང་མཚམས་﹚དོན་གྱི་སྒྲུབ་པ(བདག་བསྐྱེད་﹚དང་ཙ་ཀ་ལི་བཀོད་པའི་སྒྲུབ་པ་﹙མདུན་བསྐྱེད་﹚སོགས་དཀྱིལ་འཁོར་གཞིའི་སྒྲུབ་པ་དྲུག གསང་མཚམས། འཕྲོ་འདུ། ཕྱག་རྒྱ་སྐུ་བསྟོད། ཕོ་ཉ་གཞེན་འདེབས། རྟགས་སྒྲུབ་ནས་དངོས་གྲུབ་ལྷའི་ཡང་སྙིང་གི་སྒྲུབ་པ་སྟེ། ཚོགས་ཀྱི་འཁོར་ལོའི་སྐབས་སུ་བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་རྫུ་འཕྲུལ་གྱིས་ཞིང་བཅུའི་བླ་ཚེ་སྲོག་གསུམ་བཀུགས་ནས་དམིགས་རྟེན་ལ་བསྟིམ་ཞིང་རྔམ་གཏུམ་དྲག་པོའི་འཕྲིན་ལས་ཀྱིས་བསྒྲལ་བ་ཡེ་ཤེས་ཁྲོ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པའི་གར་ལ་རོལ་བར།  ཡོངས་གྲགས་སུ་འཆམ་མང་ལྟ་བ་ལ་འབུད་པ་ཟེར་བ་ཡིན་ལ་འགྲོ་ལུགས་ཚང་མ་རེབ་གོང་བོན་མང་བཞིན་ནོ།།
ཚེས༢༩ཉིན་ནི་གསང་སྔགས་ཀྱི་གར་འཆམ་བྱེད་པའི་ཉིན་མ་ཡིན་ལ། ཉེ་སྐོར་གྱི་གྲོང་བ་རྒན་གཞོན་ཕོ་མོ་ཚང་མ་ལྟད་མོར་འདུ། “དགུན་བཅུ་བའི་ཉི་མ་གུང་མེད”ཟེར་བ་ལྟར་ཉི་མ་ཧ་ཅང་ཐུང་ བས། འདོན་པ་ནམ་འགྲུབ་དང་བསྟུན་ནས་གར་འཆམ་བྱས་ཚེ། ཕལ་ཆེར་མུན་རུབ་པས། གར་འཆམ་པ་ཚོས་ལུག་ཤ་སོག་པ་གཅིག་དང་རྩམ་པ་དཔར་སྐལ་གཅིག་བཅས་ཚོགས་ཆེན་དབུ་མཛད་ལ་ཁ་སང་﹙ཚེས༢༨﹚གི་གུང་ཇའམ་ཕྱིར་ཇའི་སྐབས་ཕུལ་ནས་སང་ཉིན་གྱི་འདོན་པ་སྔ་སེར་འགྲུབ་པའི་རེ་བ་ཞུ་སྲོལ་འདུག་པ་ལྟར།  དེ་རིང་གི་བཞེངས་ཚད་ནི་ཕལ་ཆེར་ནམ་གུང་ཡོལ་﹙དེང་སང་གི་པེ་ཅིང་ཆུ་ཚོད་བཞི་བ་﹚ཙམ་ནས་བཞེངས་བརྡ་བརྒྱག་ལ་ཚོགས་ཀྱི་འཁོར་ལོའི་སྐབས་སུ་ལྟ་བ་ལ་འབུད་པ་སོགས་ཉིན་སྔོན་མ་དང་གཅིག་པ་ཡིན། དེ་ནས་སེར་ཕྲེང་དུ་འབུད་ལ་ཚོགས་མང་གིས་གཡུང་དྲུང་དགུ་འཆམ་བྱས་ནས། འཆམ་རར་འབུད་པ་དང་གར་འཆམ་བྱེད་པ། གཏོར་རྒྱག་སོགས་ནས་སྒྲུབ་པ་མཐར་ཕྱིན་ཏེ་﹙གནམ་སྟོང་ངམ་གནམ་གང་ཡོད་ན་གནམ་གང་དང་མེད་ན་ཚེས་གཅིག་ལ་﹚གྲོལ་བའི་འགྲོ་ལུགས་སོགས་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བཅུ་བའི་སྒྲུབ་ཆེན་དང་གཅིག་གོ། ཞེས་མདོ་སྨད་བྱང་རྒྱུད་ཀྱི་རེབ་གོང་གསེར་མོ་ལྗོངས་སམ་བྱང་གི་ཨཀྟ་རོང་གི་སྒྲུབ་སྡེ་ལས། སྙན་བཟང་བོན་མང་གི་གྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་པའི་ལེའུ་སྟེ་གསུམ་པའོ།

ལེའུ་བཞི་བ།   སྙན་བཟང་རུ་གོང་ཞོལ་གྱི་གསུམ་པའི་གཟེ་མའི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས།།

རྒྱ་བོད་ཧོར་སོག་ཀུན་གྱི་གཙུག་རྒྱན་ཆེ། །

གྲུབ་ཐོབ་ཆེན་པོ་བོན་ཞིག་ཁྱུང་ནག་གི །

བརྒྱུད་འཛིན་ལྷ་དང་བླ་མ་དབྱེར་མེད་སྐུ། །

གྲོང་བ་རྒན་པོའི་ཚུལ་འཆང་གང་དེ་རྒྱལ། །

ཞེས་རེབ་གོང་ཤོག་ཁ་བཅུ་གཉིས་ལས། ཧོར་སྨད་པ་བེ་གུའི་ནང་ཚན་སྙན་བཟང་རུ་གོང་ཞོལ་དུ་ཧོར་ནག་ལྷ་རྒན་ཚང་ངམ་སྙན་བཟང་ལྷ་དཀར་ཚང་ཞེས་མཚན་གྱི་གྲགས་པ་འབར་བའི་སྐྱེས་མཆོག་གང་དེ་བྱོན་ནས་གསུམ་པའི་གཟེ་མ་ཞེས་པའི་སྒྲུབ་ཆེན་འདི་﹙ངག་རྒྱུན་ལ་གསུམ་པའི་རླུང་དམར་གྱི་ཁ་གནོན་དུ་﹚བཙུགས་པ་﹙ཡིན་ཟེར་བ་﹚ལགས་ཤིང༌། དེ་ཡང་ལུགས་རྙིང་གི་ཟླ༣ཚེས༢༡ཉིན་གྱི་ཕྱི་དྲོ་ཟོར་སྐྱེམས་﹙རེབ་གོང་སྙན་བཟང་ཕྱོགས་སུ་གཙོ་ཆེར་ཟླ་རེའི་ཚེས་༢༩ཉིན་ལ་བོན་ཁྱིམ་རྣམས་སུ་རེས་བསྐོར་ནས་ཡི་དམ་གང་རུང་གི་ཚོཊ་འཁོར་དང་མཐར་ཟློག་ཟོར་འཕེན་པ་སོགས་ཉིན་གཅིག་གི་ཆོ་ག་ཁ་ཚང་ལ“ཟོར་སྐྱེམས”ཟེར་བ་﹚གྲོལ་ནས་བོན་གཤེན་རྣམས་གསས་ཁང་ནང་ལ་འཚོགས་ཏེ།  སྡེ་བར་ཀི་བརྒྱབ་ནས་བསང་གཏོང་བ་དང་སྡེ་བའི་རྒན་པ་རྣམས་ལ་ཆང་ལྡུད་﹙གཟེ་མའི་ར་རིན་ཆང་རིན་ཞེས་ཏེ་ནས་བསྡུ་བའང་འདིའི་ཆེད་དུ་ཡིན་ནོ།﹚དེ་ནས་བོན་གཤེན་རྣམས་ཀྱིས་གསད་ལས་རིན་ཆེན་ཕྲེང་བའི་སྒོ་ནས་གཟེ་མའི་ས་བོནའཇོག﹙རྒན་པ་ནུས་མཐུ་ཅན་ཏེ་མཚམས་བསྙེན་པ་ཅན་ཞིག་གིས་འཇོག་པ་མ་གཏོཊ་གང་བྱུང་བྱུང་གིས་འཇོག་པ་གཏན་ནས་མ་ཡིན་པས་སོ།﹚
ཚེས༢༢ཉིན་ལ་ཚོགས་དང་འདོན་པ་ཅི་ཡང་མེད། ཚེས༢༣ཉིན་གྱི་ཞོགས་པར་བོན་གཤེན་རྣམས་གསས་ཁང་ནང་ལ་འདུས་ནས། རྒན་པ་རྣམས་ཀྱིས་ནང་གཏོར་བཀྲོལ་བ་དང་གཞོན་པ་རྣམས་ཀྱིས་གཏོར་མ་བཅའ། དེ་ནས་ཞི་བ་ཨ་གསལ་གྱིས་གཞི་འཛིན། བསྐང་འབུམ་གྱི་དབུ་བཟུང་སྟེ་ཉིན་འདིར་བཏོན་མ་ཚར་ན་ཕྱི་ཉིན་ཡང་འདོན། ཚེས༢༤ཉིན་ཐོ་རངས་ཙམ་ནས་བཞེངས་དགོས་ཤིང༌།  དྲན་པའི་ཚེ་སྒྲུབ།  ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ། ཏ་པུ་ཧྲི་ཙའི་ གསོལ་འདེབས་དང༌། བླ་མ་བརྒྱུད་པའི་གསོལ་འདེབས་﹙འདི་སྙན་བཟང་མ་གཏོཊ་རེབ་གོང་བོན་མང་གིས་མི་འདོན།﹚ མཛད་བཅུ། བྱམས་མ། བསང་གི་སྐོར་ཁ་ཚང༌། ནངས་ཇ་བཞེས་ནས་ཁྲོ་བོ་ངོ་མཚར་རྒྱས་པའི་གཞི་བཟུང་﹙ཁྲོ་བོ་གྱེར་ནས་ཞི་བ་ཕྱག་བཞེས་དང་མི་སྦྲག་པར་གཞུང་རྐྱང་དུ་འདོན་﹚ནས་དམར་ཆེན་ཟློག་པ་བཅའ་﹙ཟློག་པའི་མདུན་དུ་སྣ་ཁྲིད་བདུད་མོ་ཞིག་བཅའ། དམར་སེར་འབྲོང་མགོ་དང་སྔོན་མོ་འབྲུག་མགོ  དཀར་མོ་ལྷ་ལྕམ་གསུམ་ས་དམར་གྱིས་བཟོས་ཏེ་ཟློག་པའི་མདུན་དུ་འཇོག ལིངྒ་དགྲ་ལིང་ཞིག་དང་བགེགས་ལིང་ཞིག“རྒན་པ་ནུས་མཐུ་ཅན་    འགས”བྲིས་ལ་གསད་ལས་རིན་ཆེན་ཕྲེང་བའི་སྒོ་ནས་འཆིང་འཇུག་བྱེད། དབལ་གསས་ཟ་ངུ་བཅའ། ནག་མོ་བསྐང་མདོས་དང་བཙན་གྱི་བསྐང་མདོས་གཉིས་སྣོད་གཅིག་གི་ནང་དུ་བཞག་པ་བཅས་སོ།﹚

ཚེས༢༥ཉིན་སྔ་མོར་བཞེངས་ཏེ་ཚེ་སྒྲུབ་ནས་བསང་བར་གྱི་འདོན་པ་རྣམས་ཉིན་སྔ་མ་དང་གཅིག་ལ། ནངས་ཇ་བཞེས་རྗེས་ཉིན་རེའི་ལས་གཏོར་བཅས་ཚར་ནས་བགེགས་བསྐྲད་བྱས་མཐར། ཁྲོ་བོ་ངོ་མཚར་རྒྱས་པའི་ཕྱི་མཚམས་དང་ནང་མཚམས་གཉིས་ལ་རྔ་བརྡུང་སྟེ་ཁ་འགྲིག་བྱས་ནས་འདོན། ཞི་བ་ཕྱག་བཞེས་དང་སྦྲག་ནས་མཆོད་པ་རྣམ་བརྒྱད། སྨན་མཆོད། གཏོར་རཀ་དང་བཅས་པ་འབུལ། ཞི་བའི་སྐུ་བསྟོད་ནས་སྨོན་ལམ་ཡན་ཤར་འདོན་བྱེད་པ་ལས་རྔ་མི་བརྡུང་བར་﹙སྐུ་གསུང་ཐུགས་ཡོན་ཕྲིན་ལས་རེ་རེའི་﹚མཚམས་སུ་ཊར་སིལ་དཀྲོལ། ཁྲོ་བོའི་བདག་བསྐྱེད་མདུན་བསྐྱེད་ཀྱི་མགོ་ནས་བཟུང་ཁ་འདོན་བྱས་ཏེ་ཁྲོ་བོ་བརྒྱ་འདོན་དང་གཟེ་མ་སྟོང་འདོན་བྱེད་པ་སྟེ་རང་རང་གིས་ཐུན་ཊར་དཀྲོལ་བ་ལས་རྔ་མི་བརྡུང༌། དེ་ལྟར་ཁ་འདོན་བྱས་ནས་ཚར་གཅིག་བཏོན་རྗེས་ཚོགས་མང་གིས་ཁ་འགྲིག་བྱས་ཏེ་ཐུན་ཊར་དཀྲོལ་ནས་གཟེ་མ་ཚར་གཅིག་དང་སྔགས་མ་མ་ཛ་ཅི་མང་འདོན།  དེ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་ནས་བསྐང་བཤགས་རྣམས་ཉིན་རེར་རེས་བསྐོར་ནས་འདོན་པ་སོགས་སྤྱི་ལྟར་ཡིན། དེ་ནས་སྲིད་རྒྱལ་གསད་པ་ལས་དྲུག་གི་ཐུན་དང་གཟེ་མའི་འགྱེད་འདོན། ﹙འགྱེད་ཀྱི་ནང་གསེས་ལ། ནག་མོ་དང་བཙན་གྱི་བསྐང་མདོས། དབལ་གསས་ཟ་ངུ། བདུད་མོ། དྲེའུ་དམར་གཟེར་བུ་སོགས་ཅི་ཡོད་རྣམས་ཚོགས་མང་ལ་དཔེ་ཆ་བཀྲམ་ནས་འདོན་པ་ལས་ཁ་འགྲིག་བྱས་ནས་མི་འདོན།﹚  དེ་ནས་ཟློག་པ་དང་དབལ་གསས་སྔགས་སྒྲུབ་ནས་བཀའ་སྐྱོང་བསྐུལ་བ་རིང་པོ་ཁ་ཚང་འདོན། དགུང་མོ་ནུབ་ཚལ་གྱི་རྗེས་སུ། དྲེའུ་དམར།  དྲེའུ་ནག  ནག་མོ།  བཙན།  རྨ་རྒྱལ་བཅས་ཀྱི་བསྐང་བ་ཚར་བརྒྱ་རེ་འདོན། དེ་ནས་ཆོ་གའི་མགོ་འགུགས་བྱ་བ་སོགས་སོ། ཚེས༢༦དང༢༧གཉིས་ཀྱི་འདོན་པ་ཚང་མ་གོང་བཤད་ལྟར་ལ།  ཞི་བ་ཕྱག་བཞེས་དང་སྦྲག་ནས་འདོན། ཚེས༢༨ཉིན་ཡང་གོང་ལྟར་ལ།  མི་འདྲ་ས་ནི་ཉིན་འདིར་གཟེ་མའི་སྤོད་﹙གཟེ་མའི་འཕྱོང་ཡང་ཟེར་བ་﹚འདོན། འདོན་མཁན་མི་དུ་ཡོད་ཀྱང༌། གཡས་གྲལ་ནས་དབལ་གསས་﹙ཕྱི་མཚམས། ནང་མཚམས། བདག་མདུན་ནས་གཞུང་རྐྱང་དུ་﹚ཁ་འདོན་བྱེད། གཡོན་གྲལ་ནས་ཁྲོ་བོ་ཁ་འདོན་བྱེད། སྤོད་ནི་དབལ་གསས་དང་ཁྲོ་བོ་བཏོན་ཚར་ནས་ཕལ་ཆེར་གུང་ཇའམ་ཕྱིར་ཇའི་གཞུག་ནས་འདོན། རྒན་པ་རྣམས་ཀྱིས་གྲལ་མགོ་ནས་གཟེ་མའི་ཤ་ཉོག་དང་ཁྲག་མཆོད་འདོན། དབལ་གསས་སྔགས་སྒྲུབ་ནས་བཀའ་སྐྱོང་   བསྐུལ་རིང་འདོན་པ་ཉིན་སྔོན་མ་བཞིན་ལ་དྲང་སྲོང་དམོད་བཅོལ་གྱི་དམ་ཉམས་སྡང་བའི་དགྲ་བོའི་མཚམས་ནས་མིང་བྱང་འདོན་པ་སོགས་སོ།

ཚེས༢༩ཉིན་ནངས་ཇ་ཡན་གྱི་འདོན་པ་རྣམས་སྔ་ཉིན་དང་མཚུངས་ལ། ཞི་བ་གཞུང་རྐྱང་བྱས་ནས་འདོན་ལ་ཕྱག་བཞེས་དང་མི་སྦྲག  ཁྲོ་བོའི་མཚམས་ནས་བཟུང་སྟེ་ཁ་འགྲིག་ཏུ་རྔ་བརྡུང་ནས་རྒྱུན་ལྡན་ལྟར་དུ་འདོན། བསྐང་བ། ཟློག་པ། ཁྲོ་བོའི་ཕྱི་ཆོག་ཟོར་ཆས། རྒྱུན་ཚོགས་ནར་མ་འདོན་ཞིང་དབལ་གསས་སྔགས་སྒྲུབ་དང་བཀའ་སྐྱོང་བསྐུལ་རིང་མི་འདོན། དྲང་སྲོང་དམོད་བཅོལ་གྱི་སྐབས་སུ་མིང་བྱང་འདོན། ཟློག་ཟོར་འཕང་བ་དང་གཟིར་མནན་བྲོ། ཕྱྭ་ཚེ་གཡང་གི་སྒྲུབ་པ་སོགས་སྤྱི་ལྟར་རོ། ཚེས༣༠གནམ་གང་མེད་ན་ཚེས༡ཉིན་སྔ་མོར་བཞེངས་ནས་དྲན་པའི་ཚེ་སྒྲུབ། སྐྱབས་འགྲོ་﹙དྲི་མེད་ལྷན་སྐྱེས་མ་གཏོགས་གཞན་གཉིས་མི་འདོན།﹚ ཏ་པུ་ཧྲི་ཙའི་གསོལ་འདེབས། བླ་མ་བརྒྱུད་པའི་གསོལ་འདེབས། མཛད་བཅུ། བྱམས་མ། བསང༌། སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་ལྡེ་མིག་གཞུང་རྐྱང་དུ་འདོན།  དེ་ནས་སྒོ་དབྱེ་མི་བྱེད་པར་དཀྱིལ་འཁོར་དབྱེ་བསྡུའི་སྒྲུབ་པ་﹙མི་དམིགས་པའི་རྒྱས་གདབས་﹚ལ་འཇུག་པ་སོགས་སྤྱིར་གཅིག་གོ། །

འགྲོ་ཀུན་ཐར་པའི་ལམ་དུ་འགོད་པའི་གཤེན། །

     གཤེན་སྒོམ་ཞིག་པོའི་བརྒྱུད་འཛིན་སྤྲུལ་པའི་སྐུ། །

     སྐུ་གསུམ་ཁྲོ་བོའི་བསྐྱེད་རྫོགས་ཟབ་མོའི་བོན། །

     བོན་གྱིས་དབང་བསྒྱུར་ཧོར་ནག་ལྷ་རྒན་ཚང༌། །

     གང་གི་གསང་གསུམ་རིན་ཆེན་ཞུན་མའི་ཁམས། །

     སྙན་བཟང་གཡང་ལྡན་ཕྱུག་མོར་འཁྱིལ་བའི་རླབས། །

     དུས་ཀྱི་མཐར་ཡང་འཇགས་པ་མ་ཡིན་ཞེས། །

     ཞལ་གསུང་ངང་མོས་གཤོག་འགྱུར་ཅི་ཡང་རྩེན། །

    ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

མཇུག་གི་དོན།

སྨྲས་པ། སྐུ་གསུམ་ཁྲོ་རྒྱལ་རི་རབ་རྩེ་མོ་ནས། །

བསྙེན་དང་སྒྲུབ་པའི་འདབ་མ་རབ་བསྐྱངས་ཏེ། །

རིག་འཛིན་རྣམ་བཞིའི་མཁའ་ལ་ལྡིང་བ་ཡི། །

རིག་འཛིན་ཕུར་ཐོགས་བགྲང་དུ་ཡས་པ་བྱོན། །

སྒྲུབ་པའི་སྟོབས་ཀྱིས་ཡི་དམ་ལྷ་ཞལ་འཁུམས། །

སྒོམ་པའི་སྟོབས་ཀྱིས་སྟོང་རིག་མ་བུ་འཕྲོད། །

རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་བྱ་ལྟར་བསྐྱོད། །

བྱིན་རླབས་སྟོབས་ཀྱིས་འགྲོ་བའི་བར་ཆད་སེལ། །

ཕྱི་ཚུལ་གོས་དཀར་ལྕང་ལོ་ལྡན་པའི་སྐུ། །

ནང་དུ་རིམ་གཉིས་རྣལ་འབྱོར་ཆུ་བོའི་རྒྱུན། །

གསང་བ་བླ་མེད་ཐེག་པའི་རྩེར་སོན་པའི། །

སྔ་རབས་བོན་གཤེན་གྲུབ་པའི་ཡང་རྩེར་སོན། །

དེ་ལྟར་གསང་སྔགས་བསྟན་པའི་རྒྱལ་མཚན་ཆེ། །

ཐོས་བསམ་སྒོམ་པའི་དཔུང་བ་བརྟན་པོ་ཡིས། །

བསྙེན་དང་སྒྲུབ་པའི་ཡུ་བ་རབ་བཏེགས་ནས། །

སྙིགས་འགྲོའི་བསོད་ནམས་མཁའ་ལ་ལེཊ་པར་བསྒྲེངས། །

གང་དག་འཁོར་ལོ་གསུམ་གྱི་མཛད་བཟང་གི། །

ཆ་ཤས་ཕྲ་མོ་ཙམ་ཡང་སྨྲ་བ་ལ། །

མཁྱེན་ལྡན་མཁས་རྣམས་ངལ་བ་འབའ་ཞིག་ན། །

བློ་དམན་བདག་ལྟས་དཔོག་པ་ག་ལ་ཞིག །

ཉམ་ཆུང་བདག་ནི་སྔོན་ལས་བཟང་ནས་དུས་འདིར་གཡུང་དྲུང་བོན་སྒོར་ཞུགས།  །

ཆུང་ནས་མཚན་ལྡན་བཤེས་གཉེན་དུ་མས་རྗེས་སུ་བཟུང་ཞིང་ཐོས་བསམ་སྦྱངས།  །

ཆོལ་ཁ་གསུམ་གྱི་ཐ་གྲུ་ཉུལ་ནས་མཐོང་ཐོས་རྒྱ་བསྐྱེད་ཤེས་བྱ་རྒུམ།  །

སླར་ལ་འདི་འདྲ་གཏམ་དུ་བསྙད་པའི་སྐལ་པ་ལྷ་ཡིས་བསྩལ་སྙམ་བགྱིད། །

ཕྱོགས་རིས་རུ་ངས་སྙིང་ཁམས་ཆེར་དཀྲུགས་ནས། །

མཐུན་སྒྲིལ་འོ་ཞོ་དར་བ་བཞིན་དཀྲུགས་པ། །

བོན་དང་ཆོས་ཀྱི་གྲུབ་མཐའ་ནང་དཀྲུགས་མཁན། །

དེ་རྣམས་འདི་མཐོང་སྙིང་ཁམས་སླར་དཀྲུགས་ངེས། །

རིགས་རྒྱུད་གཙང་མ་དམ་པའི་གདུང་﹙༢﹚འཁྲུངས་ནས། །

﹙༢﹚གྲུབ་ཐོབ་རྣམ་གསུམ་གཙོས། མདོ་ཁམས་འཕགས་གདུང་བཞི་དང་ཞིག་པོ་དགུ་སོགས།  མདོར་ན་བོན་གྱི་རྒྱུད་འཛིན་པ་ཡོངས།

ལུང་རྒྱུད་གཙང་མ་གསང་སྔགས་བོན་སྤྱོད་མཁན། །

དད་དམ་གཙང་མ་གཡུང་དྲུང་སྤུན་རྣམས་ལ། །

ལོ་རྒྱུས་གཙང་མའི་དེབ་ཆུང་སྐྱེས་སུ་བཏེགས། །

འདི་ལ་མ་རིག་དབང་གིས་སྐྱོན་སྲིད་ན། །

ཤིན་ཏུ་གནོང་འགྱོད་མཁས་རྣམས་མདུན་སར་འཆགས། །

དགེ་བས་ལས་ལྡན་གསང་སྔགས་ཉམས་བླངས་ནས། །

རིམ་གཉིས་ལམ་བགྲོད་བར་ཆོད་མེད་གྱུར་ཅིག །

བྱེད་པོ་བདག་ཀྱང་མ་འོངས་སྐྱེ་བ་རུ། །

བོན་གཤེན་ཚོགས་དང་སྐད་ཅིག་མི་འབྲལ་ཞིང༌། །

རིམ་གཉིས་ཟབ་མོའི་སྒྲོ་འདབ་ཆེར་བརྟས་ནས། །

ལྷུན་གྲུབ་རིག་འཛིན་མཁའ་ལ་ལྡིང་བར་ཤོག།  །།

ཅེས་གངས་ཅན་མདོ་སྨད་བྱང་ཁའི་རྒྱུད་ཀྱི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་ སྤྲོད་མདོར་བསྡུས་དང༌། སྙན་བཟང་བོན་མང་གི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་བསྡུས་པ། སྙན་བཟང་རུ་གོང་ཞོལ་གྱི་གསུམ་པའི་གཟེ་མའི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས་དང་བཅས་པ་འདི་ནི། བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་གྱི་ལོའི་དཔྱིད་འབྲིང་སྔོན་མའི་ཚེས་བཟང་བཅུ་དགུའི་ཉིན་མོར།  རིག་འཛིན་གོང་མའི་ཕྱག་ལེན་མ་ནོར་བར་རྒྱ་ཡེ་བོན་རྒན་སྙིང་རྒྱལ་བྱམས་ཀྱི་གསུངས་པ་ཇི་བཞིན་ཡི་གེར་འགོད་པ་པོ་ནི།  རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དྲུང་ཡིག་ཆེན་མོའི་མིང་ཙམ་འཛིན་པ་བསོད་ནམས་གཡུང་དྲུང་ངམ་སྙན་བཟང་སུམ་སྐྱེས་སུ་འབོད་པ་དེའོ། རྗེས་སུ་བསྐལ་པ་མེ་མོ་ཕག་གི་ལོར། སྟོང་ཆེ་གཡང་འབུམ་དང༌། རུ་ཞོལ་ཨ་ལོ། ཁྱུང་པོ་འབྲུག་རྒྱལ་དཔའ་སོགས་ཀྱི་མདུན་དུ་ཆེད་བཅར་གྱིས་ཆད་པ་ཁ་སྐོང་གི་ཚུལ་དུ་ཞུས་དག་ལེཊ་པར་བྱས་ཤིང་ལོ་དེའི་དབྱར་ཟླ་དྲུག་པའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ། དབུས་གཙང་དག་པའི་ཞིང་ཁམས། ལྷ་ལྡན་གྲོང་ཁྱེར་ཆེན་མོར་ཞང་ཞུང་རིག་གནས་ཁང་དུ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་ཀྱང་རིག་འཛིན་གྲུབ་ཐོབ་རྣམ་གསུམ་གྱི་བསྟན་པ་དུས་ མཐར་གནས་པའི་རྒྱུར་གྱུར་ཅིག། ཐ་ཚན་མུ་ཙུག་སྨར་རོ། །    ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།