རྒྱལ་དབང་ཀུན་གྲོལ་གྱིས་གསུང་བའི་ཁྲིད་ཡིག་དམར་མོ་མཛུབ་ཁྲིད་ལས་སྔོན་འགྲོའི་ཚིག་བཤད་དད་པའི་འཇུག་ངོགས་ལ་ཉེ་བར་མཁོ་བའི་གྲངས་འདྲེན་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས་སོ།།

རྩོམ་པ་པོ།  བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

གདམས་པ་འདིའི་བྱུང་ཚུལ་ནི། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་བཅུད་ཟབ་མོ་ནི་བདེ་གཤེགས་དགོངས་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་དགོངས་པའི་ངང་ནས་བརྒྱུད། དེ་ནས་སེམས་དཔའ་བརྡ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བརྡ་དང་ཐབས་ལ་བརྟེན་ནས་བརྒྱུད། དེ་ཡང་གྲུབ་ཐོབ་སྙན་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཚིག་དོན་སྙན་ནས་སྙན་དུ་བསྒྲགས་ནས་བརྒྱུད། དེ་སྒྲ་བསྒྱུར་ལོ་ཙཱ་བ་རྣམས་ཀྱིས་ཞང་ཞུང་གི་སྒྲ་བོད་སྐད་དུ་བསྒྱུར་ནས་བརྒྱུད། དེ་ནས་བོད་ཡུལ་དུ་རྐྱེན་གསུམ་གྱིས་ནུབ་པའི་ཚེ་གཏེར་དུ་བཞུགས། ཕྱིས་སུ་སྤྲུལ་བའི་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོགས་ཀྱིས་གཏེར་ནས་གདན་དྲངས་ཏེ། ལས་ལྡན་གྱི་སློབ་མ་རྣམས་ལ་བརྒྱུད།ཁྱད་པར་གཤེན་སྟོན་ཀླུ་ཡི་དབང་བོ་ནས་དྲང་ངེས་ཁྲིད་ཡིག་ཆེན་མོ་མཛད་པ་ལ་གཞིར་བྱས་ནས། དགོངས་མཛོད་དམ་པ་རི་ཁྲོད་པས་ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་བ་མཛད། དེ་འགྲོ་མགོན་བློ་གྲོས་རིན་པོ་ཆེས་ཐུན་མཚམས་སུམ་ཅུ་བར་བསྡུས། དེ་ཡང་བྲུ་རྒྱལ་བ་གཡུང་དྲུང་གིས་ཐུན་མཚམས་བཅོ་ལྔ་བར་བསྡུས་ཏེ་སྟག་གུ་ཉི་མ་རྒྱལ་མཚན་གྱི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པར་བརྒྱུད། སྟག་གུ་ཉི་རྒྱལ་གྱིས་དཀར་ཁྲིད་དང་དམར་ཁྲིད་གཉིས་སུ་ཕྱེས། དམར་ཁྲིད་འདི་དམ་པ་བློ་གྲོས་སོགས་ལ་བརྒྱུད་ནས་རྒྱལ་དབང་ཀུན་གྲོལ་གྱི་བར་དུའོ།། ཀུན་གྲོལ་རིན་པོ་ཆེས་དམར་ཁྲིད་དགོངས་པ་ཡོངས་འདུས་དང་། ཁྲིད་ཡིག་དམར་མོ་མཛུབ་ཚུག་འདི་ཉིད་མཛད་ནས།གྲུབ་ཐོབ་ཤེས་རབ་བློ་ལྡན་དང་། རྒྱ་ཁ་རྟོགས་ལྡན་ཤེས་རབ་གཡུང་དྲུང་རྣམ་གཉིས་ལ་བརྒྱུད། རྟོགས་ལྡན་ཤེས་རབ་གཡུང་དྲུང་གིས་རྗེ་ཀུན་གྲོལ་གྱི་ཡང་སྲིད་གསུམ་པ་བསྟན་འཛིན་རིན་ཆེན་གཙུག་ཕུད་ལ་གནང་། དེས་པད་སྤྲུལ་བསྟན་པ་དབང་རྒྱལ་ལ་གནང་། དེས་འགྲོ་མགོན་ལྕང་ལུང་བའི་མཁས་གྲུབ་གཡུང་དྲུང་བསྟན་རྒྱལ་ལ་གནང་། དེས་ཀུན་གྲོལ་སྐུ་འཕྲེང་ལྔ་བ་རིག་འཛིན་ནམ་མཁའ་གྲགས་པ་ལ་གནང་། དེས་འཇའ་ལུས་པ་ཤར་རྫ་ཀུན་མཁྱེན་བཀྲ་ཤིས་རྒྱལ་མཚན་ལ་གནང་། དམ་པ་དེས་དྲུང་ནས་ཀུན་གྲོལ་སྐུ་འཕྲེང་དྲུག་པ་དང་།འཇའ་ལུས་པ་སྤྲུལ་སྐུ་ཟླ་བ་གྲགས་པ་དང་། ཉག་རོང་བ་སྐལ་བཟང་རྒྱལ་མཚན་དང་། རྒྱལ་དབང་སྐྱང་སྤྲུལ་རྣམ་གཉིས་དང་། རྟོགས་ལྡན་ཚུལ་ཆེན་སོགས་དམ་པ་དུ་མས་ཞུས་པ་ལགས་སོ།།

མཚན་དོན་སྐབས།

སངས་རྒྱས་ཀྱི་སར་ཁྲིད༷་པའི་ཐབས་ཀྱི་མན་ངག་གི་སྐོར་ཡི༷་གེ༷ར་བཏབས་པ་ལ་ཁྲིད༵་ཡི༵ག སྙན་ངག་གི་འཁྱོག་བཤད་དང་གབ་ཚིག་དང་། ཟུར་ཙམ་རེས་སྟོན་པ་མ་ཡིན་པར་དོན་གྱི་ཆ་རྣམས་དམ༷ར་ཁྲིད་དུ་བཤད་པའི་གདམས་ངག་ཟབ་མོ༷་ཡིན་པས་དམ༵ར་མོ༵། དེ་ཡང་དོན་རེ་རེར་མཛུ༷བ་མོས་བཙུ༷གས་ཏེ་བསྟན་པ་ལྟ་བུ་ཡིན་པས་མཛུ༵བ་ཚུ༵གལ༵ས་དགར་བ་དང་། ཡང་ན་འབྱུང་ཁུངས་བྱས་ཆོག ལམ་ཉམས་སུ་ལེན་པ་རྣམས་ཀྱིས་སྔོ༷ན་དུ་འ༷གྲོ་དགོས་པས་སྔོ༵ན་འ༵གྲོ། འདི་ཐེག་ཆེན་ཐུན་མོང་མ་ཡིན་པ་སྔགས་ལའང་རྒྱུད་སྡེ་བཞི་ཡོད་པའི་གོང་མ་བླ་མེད་རྒྱུད་ལ། ཕ་རྒྱུད་མ་རྒྱུད་སྲས་རྒྱུད་གསུམ་གྱི་སྲས་རྒྱུད་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་སྔོན་འགྲོ་ཡིན་ནོ།། བླ་མེད་ལ་དད་པའི་སྒོ་ནས་འཇུག་པར་བྱ་ན་འདི་ཉིད་མེད་ན་འཇུག་ཐབས་གཞན་མེད་པས་ན་ད༵ད་པ༵འི་འཇུ༵ག་ངོ༵གས་ཞེས་བྱ་ལ།དོན་གྱི་སྒོ་ནས་མཚན་བཏགས་པའོ།།

 

དང་པོ་བཤེས་གཉེན་བསྟེན་ཚུལ་སྐབས།

བླ་མེད་བྱང་ཆུབ་ནི། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན། བྱང་ཆུབ་ཀྱི་ངེས་ཚིགམདོ་ལས། བྱང་ནི་སྐྱེ་མེད་གདོད་ནས་དག་པས་བྱང༷་།། ཆུབ་ནི་དེ་ཉིད་འགྱུར་བ་མེད་པས་ཆུ༷བ།། ཅེས་ཚིག་རྐང་དང་པོས་སྐྱོན་ཀུན་ཟད་དེ་སྤངས་པ་ཕུན་ཚོགས་བསྟན། གཉིས་པས་ཡོན་ཏན་ཀུན་ལྡན་དེ་རྟོགས་པ་ཕུན་ཚོགས་བསྟན་པ་ཡིན་ནོ།།

བླ་མ་ནི། ཞང་ཞུང་སྐད་ཅི་པར་དང་རྒྱ་གར་སྐད་གུ་རུ་ཞེས་པ་ལྕི་བའི་སྐད་ཡིན་པས་ཡོན་ཏན་གྱིས་ལྕི་བ་ལ་གོ་དགོས། བླ་མའི་མཚན་ཉིད་ནི་འདིར་བཅོ་ལྔ་གསུངས་ཏེ། ཐུན་མོང་གི་མཚན་ཉིད་དྲུག་ནི། ཁུངས་ནས་བྱུང་བའི་ལུང་དང་ལྡན་པ། ཐོས་བསམ་གྱིས་རྒྱུད་ཁྲོལ་བ། གཏན་ལ་ཕེབས་པའི་རིག་པ་ཤར་བ། ཕྱིན་ཅི་མ་ལོག་པའི་གདམས་ངག་སྟོན་ཤེས་པ། ཐུགས་རྗེ་ལ་བྲི་བཀོལ་མེད་པ། འགྲོ་བའི་དོན་ལ་བརྩོན་འགྲུས་ཆེ་བ་དང་དྲུག་གོ། ཐུན་མོང་མ་ཡིན་པའི་མཚན་ཉིད་དྲུག་ནི། རྟོགས་པའི་ལྟ་བ་ཁྱད་དུ་མི་གསོད་པ། ཉམས་མྱོང་གི་སྒོམ་པ་ཡལ་བར་མི་འདོར་བ། བྱ་བྱེད་ཀྱི་སྤྱོད་པ་གཞུང་མ་ལོག་པ། མཐར་ཕྱིན་པའི་འབྲས་བུ་མངོན་དུ་སྣང་བ། འཇིག་རྟེན་འདི་ལ་ཞེན་པ་ཆུང་བ། ཕྱི་མ་འབའ་ཞིག་དོན་དུ་གཉེར་བ་དང་དྲུག་གོ། ཁྱད་པར་ཡོན་ཏན་གྱི་མཚན་ཉིད་གསུམ་ནི། གདམས་ངག་ཟབ་མོས་གཞན་རྒྱུད་ཁྲོལ་བ། བྱིན་རླབས་ཀྱིས་ཕྱི་ནང་གི་བར་ཆད་སེལ་བ། སེམས་བསྐྱེད་ཀྱི་གོ་ཆ་ཆེ་བ་དང་གསུམ་མོ།། རྗེ་བླ་མས།སྦྱངས་པའི་ཤེས་རབ་ཆེ་བ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་གསུམ་ཚང་ན་བླ་མ་མཚན་ལྡན་དུ་བྱེད་གསུངས། སློབ་མའི་མཚན་ཉིད་ནི། དད་པའི་དང་ཀ་བདེ་བ། བརྩོན་འགྲུས་ཀྱི་སྤོབས་པ་མྱུར་བ། དཀའ་ཐུབ་ཀྱི་སྡུག་བསྲན་ཡོད་པ། མོས་གུས་ཀྱི་གདུང་བ་ཆེ་བ། ཐོས་བསམ་གྱིས་གཏིང་ནས་གདུངས་པ། ཞེ་བཅད་དང་སྙིང་རུས་འཛོམ་པ་སྟེ་དྲུག་གོ། ཡང་རྗེ་བླ་མས། སྟོབས་ལྡན་བློ་གསལ་དད་ཆེ་བ། ཞེས་གསུངས། འཁོར་གསུམ་ནི། ལུས་ངག་ཡིད་གསུམ། ནོར་ལོངས་སྤྱོད། གཉེན་ཉེ་འབྲེལ་དང་གསུམ་མོ།།སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་གསུམ་སྟེ་དྲུག་ནི།བྱམས་མ་རྩ་རྒྱུད་ལས། ཁ་སྦུབས་ཞབས་རྡོལ་དུག་ཅན་སྣོད།།ཅེས་དང་། འཕྲུལ་སྡེ་ལས།ཕྱི་རུ་འཕྲོ་དང་ནང་དུ་འདུ།། སྐྱོ་བས་ཉན་པ་དྲི་མ་ཡིན།། ཞེས་གསུངས་སོ།།

ཡང་དག་གོ་ལུགས་ལྔ་ནི། རང་དུག་ལྔས་གདུངས་པའི་ནད་པར་གོ་བ། བླ་མ་ནད་གསོ་བའི་སྨན་པར་གོ་བ། གདམས་ངག་ཟབ་མོ་སྨན་དུ་གོ་བ། གྲོགས་མཚུངས་པར་སྤྱོད་པ་ནད་གཡོག་ཏུ་གོ་བ།།

གདམས་ངག་ཉམས་སུ་བླངས་ན་ནད་སོས་པར་གོ་བ་དང་ལྔའོ།། ཐོས་བསམ་སྒོམ་པའི་ཤེས་རབ་ནི། ཚིག་ཡུལ་དུ་འཛིན་པ་ཐོས་པའི་ཤེས་རབ་དང་། དོན་ཡུལ་དུ་འཛིན་པ་བསམ་པའི་ཤེས་རབ། ཚིག་དོན་ཟུང་འབྲེལ་དུ་འཛིན་པ་སྒོམ་པའི་ཤེས་རབ་བོ།། དཔལ་ལྡན་ཞེས་པ་ཡོན་ཏན་མཐའ་དག་ལྡན་པའོ།། སྐད་ཅིག་ནི། སྐྱེས་བུས་སེ་གོལ་གཏོགས་པའི་ཡུན་ལ་བཤད། དེ་ཆ་བརྒྱ་དང་ཉི་ཤུར་བགོས་པའི་ཆ་གཅིག་ལ་སྐད་ཙམ་ཟེར། བྱིན་རླབས་ནི། བླ་མའི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་གྱིས། རླབས་ནི་བསྒྱུར་བའི་དོན་ཡིན་པས། རང་གི་ལུས་ངག་ཡིད་གསུམ་སྐྱོན་གྱི་ཕུང་བོར་གནས་པ་དེ། ཡོན་ཏན་ནམ་དགེ་བའི་ཕྱོགས་སུ་བསྒྱུར་བའོ།།

གཉིས་པ་དལ་འབྱོར་སྐབས།

དལ་བ་བརྒྱད་ནི།ངན་སོང་གསུམ་དང་ཚེ་རིང་ལྷ།། ཕྱི་ཡི་མི་ཁོམ་རྣམ་བཞི་དང་།། མཐའ་འཁོབ་ཀླ་ཀློ་ལོག་ལྟ་ཅན།། སངས་རྒྱས་ཀྱིས་ནི་ཞིང་སྟོང་བ།། དིག་པ་ལྐུགས་པ་ནང་མི་ཁོམ།། མི་ཁོམ་བརྒྱད་པོ་སྤངས་པ་ལ།། དལ་བ་བརྒྱད་ཅེས་ཡོངས་སུ་གྲགས།།

འབྱོར་བ་བཅུ་ལ།རང་འབྱོར་ལྔ་ནི། མི་ཡིན་དབུས་སྐྱེས་དབང་པོ་ཚང་།། ལས་མཐའ་མ་ལོག་དགེ་ལ་དད།། ཅེས་དང་། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་བོན་གསུངས་པ། བསྟན་པ་གནས་དང་དེ་རྗེས་འཇུག། གཞན་ཕྱིར་སྙིང་ནས་བརྩེ་བའོ།། དཔེ་རྒྱུ་གྲངས་གསུམ་ལས། རྒྱུ་ཚུལ་ཁྲིམས་རྣམ་དག་ལ། གང་ཁས་བླངས་པའི་སྡོམ་པ་ལ་ཉེས་པས་མ་གོས་པ་དགོས།

སྦྱིན་སོགས་ལྔ་ནི། སྦྱིན་པ།བཟོད་པ། བརྩོན་འགྲུས།བསམ་གཏན། ཤེས་རབ་དང་ལྔའོ།། སྨོན་ལམ་དྲི་མེད་ནི། ཚེ་འདི་སྣང་གི་ཞེན་པས་མ་སྦགས་པ་ལ་གསུངས།། ཁམས་གསུམ་ནི། འདོད་ཁམས་དང་།གཟུགས་ཁམས། གཟུགས་མེད་ཁམས་གསུམ་མོ།། རིགས་དྲུག་ནི། དམྱལ་བ་དང་། ཡི་དྭགས། བྱོལ་སོང་། མི། ལྷ་མིན། ལྷ་སྟེ་དྲུག་གོ། སྒོ་གསུམ་ནི། ལུས་ངག་ཡིད་གསུམ་མོ།།

གསུམ་པ་མི་རྟག་པའི་སྐབས།

ཆགས་གནས་འཇིགས་སྟོང་བཞི་ནི། རླུང་རི་ཆགས་པ་ནས་བཟུང་སྟེ་དམྱལ་བ་མ་ཆགས་པའི་བར་ལ་ཆགས་བསྐལ་ཟེར། བར་བསྐལ་གཅིག་ལ་སྣོད་ཆགས་ཤིང་། བར་བསྐལ་བཅུ་དགུ་ལ་བཅུད་ཆགས་པ་ཡིན། གནས་བསྐལ་ནི། ཆགས་བསྐལ་གྱི་མཇུག་རྫོགས་ནས་ཚེ་ལོ་བརྒྱད་ཁྲི་ནས་བཅུ་བའི་བར་བར་བསྐལ་གཅིག་སོང་བ་ལ་ཡ་ཐོག་ཟེར། དེ་ནས་བརྒྱད་ཁྲིར་འཕེལ་ཞིང་ཡང་བཅུ་བར་མར་འགྲིབ་པའི་བར་བསྐལ་གཅིག་གི་ཡུན་ལ་བར་ཁུག་ཟེར། དེ་འདྲའི་བཅོ་བརྒྱད་སོང་རྗེས། ཡང་བརྒྱད་ཁྲིར་འཕེལ་བའི་བར་ཁུག་བསྐལ་གཅིག་དེ་མ་ཐོག་ཡིན། དེ་ལྟར་བར་བསྐལ་ཉི་ཤུ་དེར་གནས་བསྐལ་ཟེར། འཇིག་བསྐལ་ནི། གནས་བསྐལ་རྫོགས་རྗེས་བར་བསྐལ་བཅུ་དགུ་ལ་བཅུད་ཀྱི་སེམས་ཅན་འཇིགབར་བསྐལ་གཅིག་ལ་སྣོད་འཇིགདེའི་འཇིག་ཚུལ་ནི། དམྱལ་བ་རྣམས་བདེ་འགྲོར་སྐྱེ་ཞིང་། ཞིང་འདིར་དམྱལ་བར་གསར་སྐྱེས་མེད་ཅིང་། ཚེ་ཚད་མ་རྫོགས་པ་རྣམས་འཇིག་རྟེན་གཞན་གྱི་དམྱལ་བར་འཕོ་བ་ཡིན། བདེ་འགྲོ་རྣམས་ཀྱང་གནས་རིས་འོག་མ་ནས་གོང་མར་འཕོ་བ་ཡིན་ནོ།། སྣོད་འཇིག་ཚུལ་ནི། བསྐལ་ཆེན་བདུན་ལ་མེས་འཇིག་པ་ཁོ་ནའོ།། མེས་འཇིག་བདུན་སོང་རྗེས་ཆུ་འཇིག་གཅིག དེ་འདྲའི་ཆུ་འཇིག་བདུན་སོང་རྗེས་སུ་སླར་མེ་འཇིག་བདུན་སོང་ན་དེ་ནས་རླུང་འཇིག་འོང་བ་ཡིན། དེས་ན་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་བྱས་པའི་བསྐལ་ཆེན་དྲུག་ཅུ་རྩ་བཞིའི་མཐའ་མར་བར་བསྐལ་གཅིག་པོ་དེ་རླུང་གིས་འཇིག་པའི་སྐབས་ཡིན་ནོ།། མེ་ལ། གནམ་ལ་གསེར་གྱི་ཉི་བདུན་ཤར།། རྫ་སོལ་མེ་བཏང་བཞིན་དུ་སྲེག། ཅེས་དང་། ཆུ་ལ། ཟླ་བ་དགུ་ཤར་ཆུ་ཀླུང་འཁྱིལ་ཅེས་དང་།། རླུང་ལ། རླུང་དམར་རླུང་སྔོ་དགུ་ཡིས་གཏོར།། ཞེས་མཛོད་ལས་བཤད་དོ།། ནད་མུག་མཚོན་གསུམ་ནི། ནད་ལ། མི་ནད་ལང་དགུ་སོགས། ནད་རིགས་བཞི་བརྒྱ་རྩ་བཞི་དུས་གཅིག་ཏུ་འབྱུང་།། མུ་གེ་ལ་ག་དུར་རུས་ཀོང་དམར་ནག་ཉིང་ཤ་ཅན་དང་གསུམ་བྱུང་། མཚོན་ནི།གནམ་ལ་ཆར་བཞིན་འབབ། ས་ལས་རྩི་བཞིན་སྐྱེ། ཐ་ན་མས་བུ་ལ་ཐལ་ལྕག་བརྒྱབ་པའང་མཚོན་དུ་འགྱུར་བར་བཤད།

ཞང་ཞུང་གི་ཡུལ་པདྨ་རྒྱས་པའི་ཞིང་ཁམས་ན། མི་རྟག་པ་སྒོམ་པའི་སྡེ་བཞི་ནི། དུར་ཁྲོད་པ་དང་། ལ་ཁ་པ།ཆུ་ཁ་པ། ཤིང་ཁ་པ་དང་བཞིའོ།། ཐ་མ་བཞི་ནི། མལ་གྱི་ཐ་མ་འཆི་བའི་ཉལ་ས་ན།། གཏམ་གྱི་ཐ་མ་སྨྲེ་ངག་ཁ་ཆེམས་འཇོག། གྲོགས་ཀྱི་ཐ་མ་གཉེན་འདུན་མཐའ་ནས་བསྐོར།། ཟས་ཀྱི་མཐའ་མ་འཆི་ཆུ་དུར་རྒྱགས་སྙོད།། ཅེས་སོ།།

བཞི་བ་འཁོར་བའི་ཉེས་དམིགས་སྐབས།

འཁོར་བ་ཞེས་པ་གང་ལ་ངོས་འཛིན་ན། ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པའི་གང་ཟག་གི་རྒྱུད་ཀྱི་འཇིག་པའི་བོན་ཅན་གྱི་ཕུང་བོ་ལྔའམ་མིང་བཞིའི་ཕུང་བོ་ནི་འཁོར་བ་ཡིན་ལ། དེ་ལ་འཁོར་བ་ཞེས་འདོགས་པའི་རྒྱུ་མཚན་གང་ཞེ་ན། རང་ཅག་འཆི་བའི་ཚེ་སྔ་མའི་ལུས་ལ་ཆགས་ཞེན་དྲག་པོ་དང་། ཕྱི་མ་ལུས་འདི་ལྟ་བུ་ཞིག་བླངས་ན་སྙམ་པའི་སྲེད་ལེན་གྱི་དབང་གིས་ལས་ལ་གསོས་བཏབ་སྟེ། སྐྱེ་བ་ཕྱི་མའི་ལུས་འགྲུབ་དགོས་པས། སྔ་མ་ཕུང་བོ་ལས་སྲེད་ལེན་སོགས་བྱུང་། དེ་ལས་ཚེ་འདིའི་ཕུང་བོ་གྲུབ། འདི་ལས་ཀྱང་སྲེད་ལེན་སོགས་བྱུང་། དེ་ལས་ཀྱང་ཚེ་ཕྱི་མའི་ཕུང་བོ་འགྲུབ་པ་སོགས་ཀྱིས་མཚོན། ཚེ་རབས་སྔ་ཕྱི་ཀུན་ཏུ་རྒྱུ་ཀུན་འབྱུང་ལས་ཉོན་གྱི་དབང་གིས་འབྲས་བུ་སྡུག་བདེན་ཕུང་བོ་ལྔ་བརྒྱུད་མར་ལེན་པས་ན་འཁོར་བ་ཞེས་ཟེར་རོ།། དེ་ལྟར་ཚེ་སྔ་མའི་ཉོན་མོངས་ཀྱི་ཉེར་ལེན་ལས་ད་ལྟའི་ཕུང་བོ་བྱུང་བས་སམ་ད་ལྟའི་ཕུང་བོ་ལས་ཉེར་ལེན་ཉོན་མོངས་རྣམས་འབྱུང་བས་ན། ཉེར་ལེན་གྱི་ཕུང་བོ་ཞེས་བཏགས། དེ་ལ་འཆིང་བྱེད་ལས་ཉོན་གྱིས་བཅིངས་པ་ལ་འཁོར་བར་འཁྱམས་པ་དང་། གཉེན་པོའི་སྟོབས་ཀྱིས་དེ་ལས་གྲོལ་ཏེ་སླར་ལས་ཉོན་གྱིས་སྐྱེ་བ་མི་ལེན་པ་ལ་འཁོར་བ་ལས་ཐར་བ་ཞེས་བྱའོ།། དེས་ན་འཇིག་རྟེན་ཕལ་བའི་བཤད་སྲོལ་ལྟར། འཁོར་བ་ཞེས་པ་ས་ཞིང་ཡུལ་མཁར་སོགས་དང་། ཐར་བ་ཞེས་པ་བདེ་བའི་གནས་གཞན་དུ་འགྲོ་བ་ཙམ་ལ་འཁྲུལ་བར་མི་བྱའོ།།

སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མོ།།

དམྱལ་བའི་སྤྱི་སྡེ་བཞི་ནི། ཚ་དམྱལ། གྲང་དམྱལ། ཉི་ཚེ། ཉེ་འཁོར་དང་བཞིའོ།། སྒོས་རིགས་བཅོ་བརྒྱད་ལ། ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། ཚ་བ་ཆེན་པོ། མནར་མེད་དང་བརྒྱད་དོ།། དེའི་གནས་ནི། མངོན་པ་མཛོད་ལས། འདི་ནས་དཔག་ཚད་ཉི་ཁྲི་ན།། མནར་མེད་པ་ཡི་དམྱལ་བ་ཡོད།། ཅེས་བཤད། ཐེག་ཆེན་མདོ་ལས། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་ན།། ཚ་དམྱལ་ཐོག་མ་ཡང་སོས་ཡོད་པར་བཤད།། འདི་གཉིས་དགོངས་པ་གཅིག་ཏུ་འབབ་པ་བཤད་ཚུལ་ཡོད། ཚ་དམྱལ་བརྒྱད་ཀྱི་བྱང་གི་ཐད་སོ་ཐད་སོ་ན་གྲང་དམྱལ་བརྒྱད་ཡོད་པ་ནི། ཆུ་བུར་ཅན་དང་ཆུ་བུར་བརྡོལ།། ཨ་ཆུ་ཀྱི་ཧུད་སོ་འཐམས་པ།། ཨུཏྤལ་ལྟར་གས་པདྨ་དང་།། པདྨ་ཆེ་ལྟར་གས་པའོ།། ཚ་དམྱལ་རེ་རེའི་བར་ན་དཔག་ཚད་བཞི་སྟོང་རེ་ཡོད་པ་དང་། གྲང་དམྱལ་རེ་རེའི་བར་ན་དཔག་ཚད་ཉིས་སྟོང་རེ་ཡོད་པའང་། ཕན་ཚུན་ཐད་མཉམ་དུ་གནས་པ་མི་འགལ་བའི་བཤད་ཚུལ་ཡོད།

དཔག་ཚད་ནི། མཛོད་ལས། ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་།། ལྕགས་ཆུ་རི་བོང་ལུག་དང་གླང་།། ཉི་ཟེར་རྡུལ་དང་སྲོ་མང་རྡུལ།། ཤིག་ལས་ནས་བསྐྱེད་བདུན་འགྱུར་སོར།། སོར་ཚིགས་ཉི་ཤུ་རྩ་བཞི་ཁྲུ།། ཁྲུ་བཞི་ལ་ནི་གཞུ་འདོམ་གང་།། གཞུ་འདོམ་ལྔ་བརྒྱ་རྒྱང་གྲགས་གཅིག། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག། ཅེས་སོ།།

ཉི་ཚེ་བ་ནི། གནས་ངེས་མེད་ན་སྡུག་བསྔལ་ངེས་མེད་མྱོང་བ་དང་། ཚ་གྲང་དུས་གཅིག་ཏུ་མྱོང་བ་རྣམས་སོ།། ཉེ་འཁོར་བཅུ་དྲུག་ནི། མཛོད་ལས། མེ་མ་མུར་དང་རོ་མྱག་འདམ།། རལ་ཀྱུ་ཐལ་ཚན་ཆུ་བོ་ཡོད།། ཅེས་སོ།།

ཡི་དྭགས་སྤྱི་སྡེ་གསུམ་ནི། གནས་ན་འདུག་པའམ་བྱིང་གནས། མཁའ་ལ་རྒྱུ་བ། རྒྱུ་དྲུག་འཁོར་བ་གསུམ་མོ།། བྱིང་གནས་གསུམ་ནི། ཕྱི་སྒྲིབ་དང་ནང་སྒྲིབ། གཉིས་སྒྲིབ་གསུམ། མཁའ་ལ་རྒྱུ་བ། ཕྱོགས་བཅུའི་གདོན་གྱི་རིགས་སུ་གྱུར་བའི་ཡི་དྭགས་བཅུ་སྟེ། ཤར་དྲི་ཟ་ཁ་འཁོར།བྱང་མེ་ཏྲུམ་ཤུ་བ། ནུབ་ཆུ་བདག་ཀླུ་དབང་། ལྷོ་སྤྲུལ་བོ་གདུག་པ་ཅན། བྱང་ཤར་གྲུལ་བུམ། བྱང་ནུབ་ནམ་མཁའ་ལྡིང་། ལྷོ་ནུབ་འཇིགས་བྱེད་གཏུམ་པོ། ལྷོ་ཤར་རྗེད་བྱེད་མཆུ་རིང་། སྟེང་ཕྱོགས་མཐུ་དབང་ལྷ་ལས་གྱུར་བ། འོག་ཕྱོགས་ལྟོ་ཕྱེ་ཀླུ་ལས་གྱུར་བ་རྣམས་སོ།། རྒྱུ་དྲུག་འཁོར་བའི་ཡི་དྭགས་གཉིས་ཏེ་སྒོས་རིགས་བཅོ་ལྔའོ།།

བྱོལ་སོང་སྤྱི་སྡེ་གསུམ་ནི། གནས་ན་ལས་ཀྱིས་སྦྱོང་བ། བར་ན་དུས་ཀྱིས་འཐུམས་པ། མཁའ་ལ་རྐྱེན་གྱིས་ཐར་བ་དང་གསུམ་མོ།། དང་པོ་གཉིས་བྱིང་གནས་ཡིན། ཕྱི་མ་ནི་ཁ་འཐོར་བ་ཡིན་ནོ།།

ངན་འགྲོ་གསུམ་ནི། སྐྱེ་གནས་ནི་དམྱལ་བ་རྫུས་སྐྱེས་ཡིན། ཡི་དྭགས་རྫུས་སྐྱེས་ཡིན་ལ་མངལ་སྐྱེས་ཀྱང་ཡོད་པར་གྲགས། དུད་འགྲོ་ལ་སྐྱེ་གནས་བཞི་བོ་ཡོད། ཚེ་ཚད་ནི། མི་ལོ་ལྔ་བཅུ་རྒྱལ་ཆེན་ཞག་གཅིག་སྟེ། རྒྱལ་ཆེན་ལོ་ནི་ལྔ་བརྒྱ་ཡང་སོས་ཀྱི།། ཞག་གཅིག་ཡིན་ལ་རང་ལོ་ལྔ་བརྒྱ་ཐུབ།། དེ་བཞིན་མི་ལོ་བརྒྱ་ལ་རྩ་གསུམ་པའི།། ཞག་གཅིག་བྱས་པའི་ལོ་ནི་སྟོང་ཕྲག་གཅིག། ཐིག་ནག་ཞག་གཅིག་དེར་བརྩིས་ལོ་སྟོང་ཐུབ།། མི་ལོ་ཉིས་བརྒྱ་འཐབ་བྲལ་ཉིན་ཞག་གཅིག། དེའི་ལོ་ཉིས་སྟོང་བསྡུས་འཇོམས་ཞག་གཅིག་ཏུ།། བྱས་པའི་ལོ་ནི་ཉིས་སྟོང་ཚེ་ཚད་ཡིན།། མི་ལོ་བཞི་བརྒྱ་དགའ་ལྡན་ཞག་གཅིག་ཡིན།། དགའ་ལྡན་ལོ་ནི་བཞི་སྟོང་ངུ་འབོད་ཀྱི།། ཞག་གཅིག་ཡིན་ལ་རང་ལོ་བཞི་སྟོང་ཐུབ།། མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག་ལ།།དེའི་ལོ་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག། དེ་ཡི་ཚེ་ཚད་རང་ལོ་བརྒྱད་སྟོང་ཡིན།། མི་ལོ་ཆིག་སྟོང་དྲུག་བརྒྱ་གཞན་འཕྲུལ་ཞག། ལྷའི་ལོ་སྟོང་ཕྲག་བཅུ་དྲུག་ཚ་བ་ཡི།། ཞག་གཅིག་རང་ལོ་ཆིག་ཁྲི་དྲུག་སྟོང་ཐུབ།། ཚ་བ་ཆེན་པོ་བར་བསྐལ་ཕྱེད་དུ་གནས།། མནར་མེད་བར་བསྐལ་གཅིག་ལ་གནས་པའོ།། གྲང་དམྱལ་ཆུ་བུར་ཅན་གྱི་ལུས་ཤོང་བའི།། དོང་ལ་ཏིལ་གྱིས་བཀང་བ་མི་ལོ་བརྒྱར།། ཏིལ་འབྲུ་གཅིག་ཕྱུངས་ཟད་ན་ཚེ་ཚད་ཡིན།། འོག་མ་རྣམས་ལ་ཉི་ཤུ་ཉི་ཤུར་འགྱུར།། ཡི་དྭགས་ཕྱི་སྒྲིབ་བསྐལ་བ་གཅིག་ཏུ་གནས།། ནང་སྒྲིབ་མི་ཡི་ཟླ་གཅིག་ཞག་བརྩིས་པའི།། རང་ལོ་ལྔ་བརྒྱ་གཉིས་སྒྲིབ་ཚངས་ཆེན་མཉམ།། དུད་འགྲོ་ཀླུ་བརྒྱད་བར་བསྐལ་ཉི་ཤུ་ཐུབ།། ཕྲ་བ་ཡུད་ཙམ་ལས་ནི་འཆི་བའང་ཡོད།། མི་ལ་སྒོས་རིགས་བརྒྱད་དམ་བཅུ་གཉིས་ཡོད་པ་ནི། ཤར་གླིང་དྲོད་སྐྱེས་བྱང་གླིང་རྫུས་སྐྱེས་དང་།། ནུབ་གླིང་སྒོང་སྐྱེས་ལྷོ་གླིང་ད་ལྟ་མངལ།། དེ་སྟེང་དཔག་པའི་མི་རིགས་བཞི་ཡོད་དེ།། འཁོར་ལོ་དབང་བསྒྱུར་སྨྲ་མི་གྲོང་བདུན་དང་།། མེ་ཏོག་སྦུབས་གནས་དྲུམ་ཤིང་བཅུད་འཐུང་བཞི།། མིའམ་ཅི་ལ་ལྗོན་པ་སྐྱེས་དྲུག་དང་།། ཏིང་ཙུག་མགོ་བརྙན་ཅན་དང་བཞི་ཡོད་དོ།། ཚེ་ཚད་སྒྲ་མི་སྙན་གྱིས་ལོ་སྟོང་ཐུབ།། བ་ལང་སྤྱོད་ཀྱིས་ལྔ་བརྒྱ་ལུས་འཕགས་པོས།། ཉིས་བརྒྱ་ལྔ་བཅུ་ལྷོ་གླིང་ངེས་མེད་དེ།། དང་པོ་དཔག་མེད་ཐ་མ་བཅུ་ལའང་ཐུག། མི་ཡི་སྡུག་བསྔལ་སྐྱེ་རྒ་ན་འཆི་བཞི།། དགྲ་དང་འཕྲད་དོགས་གཉེན་དང་འབྲེལ་བར་དོགས།། ཡོད་པས་འཚོ་སྐྱོང་མེད་པས་མི་རྙེད་བཞི།། བརྒྱད་པོ་དེ་ལ་དངོས་དང་དོགས་པ་རེས།། ཕྱེས་ན་ཟུང་བརྒྱད་ཡོད་པ་སྒོམ་འབར་བཞེད།། ལྷ་མིན་སྤྱི་བདེ་ཡར་གཡེན་མ་གཡེན་དང་།། བར་གཡེན་གསུམ་སྟེ་སྒོས་རིགས་སུམ་ཅུ་གསུམ།། དེ་ལ་ཡར་གཡེན་གཉན་པོ་བཅུ་གསུམ་ནི།། དབལ་ཡོག་ཁྲིན་གསུམ་གཉེན་འོད་མཚམས་དང་གསུམ།། སྲིད་སྐོས་ཕྱྭ་གསུམ་དམུ་བདུད་བཙན་དང་གསུམ།། གཉེན་པོ་ལྷ་མིན་ཉིད་དང་བཅུ་གསུམ་མོ།། མར་གྱི་ས་གཡེན་ཆེ་བ་བཅུ་གཅིག་ནི།། ཀླུ་གཉན་རྒྱལ་གསུམ་སྨན་གཤེད་འབྲོག་གསུམ་དང་།། འདྲེ་སྲིན་བྱུར་གསུམ་གཤིན་རྗེ་ཆུད་གཉིས་སོ།། བར་གྱི་གཡེན་ཁམས་གཏོད་པོ་རིགས་དགུ་ནི།། ཉི་ཟླ་སྐར་ཁམས་ཟེར་ལོ་རྫི་ཁམས་དང་།། གཞའ་སྤྲིན་དལ་ཁམས་དགུ་སྟེ་སོ་གསུམ་མོ།། སྐྱེ་གནས་མངལ་རྫུས་ཚེ་ཚད་མ་ངེས་པའོ།། སྡུག་བསྔལ་དཔག་མེད་ཡོད་པ་ལུང་ལས་གསུངས།། ལྷ་ལ་སྤྱི་སྡེ་གསུམ་ནི་འདོད་པའི་ལྷ།། གཟུགས་ཁམས་ལྷ་དང་གཟུགས་མེད་ལྷ་སྟེ་གསུམ།། སྒོས་རིགས་ཉི་ཤུ་རྩ་བདུན་ཡོད་པ་ནི།། འདོད་ལྷ་རིགས་དྲུག་གཟུགས་ཁམས་བཅུ་བདུན་དང་།། གཟུགས་མེད་བཞི་སྟེ་ལྷ་ཡི་དབྱེ་བའོ།། དང་པོ་འདོད་པ་ཁམས་ཀྱི་ལྷ་དྲུག་ནི།། རྒྱལ་ཆེན་རིས་བཞི་སུམ་ཅུ་རྩ་གསུམ་དང་།། མཐའ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དྲུག། འདོད་ལྷའི་ཚེ་ཚད་གོང་དུ་བཤད་པས་ཤེས།། འཆི་ལྟས་ལྔ་ནི་ལུས་ཀྱི་དྲི་མི་ཞིམ།། མེ་ཏོག་རྒྱན་རྙིང་ལུས་ཀྱི་འོད་བཀྲག་ཉམས།། ཁྲུས་ཀྱིས་མི་འདག་སྟན་ལ་འདུག་མི་འདོད།།མཆོད་གཏོར་འགྲེལ་བར་འཆི་ལྟས་བརྒྱད་དུ་བཤད།། འཆི་ཁའི་ཞག་མ་བདུན་ལ་མྱོང་བར་གསུངས།། གཟུགས་ཁམས་བསམ་གཏན་རིགས་བཞིའི་ལྷ་བཅུ་གཉིས།། སྡེ་སྣོད་མཛོད་ལས། དེའི་སྟེང་དགའ་བས་སྐྱེ་བ་མདུན་ན་འདོན།། ཚངས་པ་ཀུན་འཁོར་ཚངས་པ་འབུམ་ཁྲི་གསུམ།། དེའི་སྟེང་བདེ་བས་སྐྱེ་བ་འོད་ཆུང་ལྷ།། འོད་གསལ་ཚད་མེད་འོད་ལུས་ཕྱི་ནང་གསལ།། དེའི་སྟེང་ཏིང་འཛིན་ལས་སྐྱེ་དགེ་ཆུང་ལྷ།། དགེ་རྒྱས་ལྷ་དང་ཚད་མེད་དགེ་ཞེས་བྱ།། དེའི་སྟེང་བདེན་པས་སྐྱེ་བ་སྤྲིན་མེད་འདི།། བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་གསུམ།། ཞེས་གསུངས་སོ།། བཅུ་གཉིས་སྟེང་དུ་གཙང་མ་རིགས་ལྔ་ནི།། མི་ཆེ་བ་དང་མི་གདུང་ཤིན་ཏུ་མཐོང་།། གྱ་ནོམ་སྣང་དང་འོག་མིན་གནས་ཀྱི་ལྷ།། ལྔ་བོ་དེ་ལ་གནས་གཙང་མ་ཞེས་གྲགས།། ཤིན་ཏུ་མཐོང་དང་གྱ་ནོམ་སྣང་བ་གཉིས།། གོང་འོག་བརྗེས་ནས་བཤད་པའི་ཚུལ་ཡང་ཡོད།། གཟུགས་ཁམས་གཟུགས་མེད་གཉིས་ཀྱི་ཚེ་ཚད་ནི།། ཚངས་ཆུང་ལུས་ཚད་དཔག་ཚད་ཕྱེད་ཡོད་ལ།། ཚེ་ཚད་བར་བསྐལ་ཉི་ཤུ་ཐུབ་པ་ཡིན།། ཚངས་པ་ཀུན་འཁོར་ལུས་ཚད་དཔག་ཚད་གཅིག།ཚེ་ཚད་བར་བསྐལ་བཞི་བཅུ་ཡིན་པར་བཤད།། ཚངས་ཆེན་ལུས་ཚད་དཔག་ཚད་ཕྱེད་དང་གཉིས།། ཚེ་ཚད་བར་བསྐལ་བརྒྱད་ཅུ་ཐུབ་པའོ།། འོད་ཆུང་དཔག་ཚད་གཉིས་དང་བསྐལ་ཆེན་གཉིས།། འོད་གསལ་དཔག་ཚད་བཞི་དང་བསྐལ་ཆེན་བཞི།། ཚད་མེད་འོད་ནི་དཔག་ཚད་བརྒྱད་དང་བསྐལ་ཆེན་བརྒྱད།། དགེ་ཆུང་དཔག་ཚད་བཅུ་དྲུག་བསྐལ་ཆེན་བཅུ་དྲུག་དང་།། དགེ་རྒྱས་དཔག་ཚད་བསྐལ་ཆེན་སོ་གཉིས་ཡིན།། ཚད་མེད་དགེ་ནི་དཔག་བསྐལ་རེ་བཞི་ཡིན།། སྤྲིན་མེད་བརྒྱ་དང་ཉི་ཤུ་རྩ་ལྔའོ།། བསོད་ནམས་སྐྱེས་ནི་ཉིས་བརྒྱ་ལྔ་བཅུའོ།། འབྲས་བུ་ཆེ་བ་དཔག་བསྐལ་ལྔ་བརྒྱ་རེ།། མི་ཆེ་བ་ནི་དཔག་བསྐལ་སྟོང་རེ་ཡིན།། མི་གདུང་བ་ནི་དཔག་བསྐལ་ཉིས་སྟོང་དང་།། གྱ་ནོམ་སྣང་བ་དཔག་བསྐལ་བཞི་སྟོང་ངོ་།། ཤིན་ཏུ་མཐོང་བ་དཔག་བསྐལ་བརྒྱད་སྟོང་རེ།། འོག་མིན་ཁྲི་དང་དྲུག་སྟོང་དེ་བཞིན་ཤེས།། ཚངས་རིས་དང་ནི་ཚངས་མདུན་བརྗེས་པ་དང་།། དེ་བཞིན་ཚད་མེད་འོད་དང་འོད་གསལ་གཉིས།། ཚད་མེད་དགེ་དང་དགེ་རྒྱས་ལ་སོགས་པ།། གོང་འོག་བརྗེས་པའི་ཚུལ་ནི་མང་པོ་མཐོང་།། གཟུགས་མེད་ཁམས་ལ་སྐྱེ་མཆེད་མུ་བཞི་ནི།། ནམ་མཁའ་མཐའ་ཡས་བསྐལ་ཆེན་ཉི་ཤུ་ཐུབ།།རྣམ་ཤེས་མཐའ་ཡས་བསྐལ་ཆེན་བཞི་ཁྲིར་ཐུབ།། ཅི་ཡང་མེད་པ་བསྐལ་ཆེན་དྲུག་ཁྲིའི་ཚེ།། སྲིད་རྩེ་བསྐལ་ཆེན་བརྒྱད་ཁྲིར་གནས་པའོ།། གནས་པར་དབང་མེད་སླར་ཡང་ལྟུང་བ་ཡོད།། མི་ཁོམ་བརྒྱད་ཀྱི་ཚེ་རིང་ལྷ་དེ་ཡང་།། འདོད་ལྷའི་ལོངས་སྤྱོད་དག་ལ་གཡེང་བ་དང་།། གཟུགས་ཁམས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན།། སྐྱེ་འཆི་མ་གཏོགས་འདུ་ཤེས་མེད་པའི་ལྷ།། གཟུགས་མེད་སོ་སྐྱེས་ཕལ་བའང་ཡིན་པར་བཤད།། རང་རང་ལས་ཀྱི་བསོད་ནམས་ཟད་པ་ན།། སླར་ཡང་ངན་འགྲོར་ལྟུང་བ་ཡོད་པའི་ཕྱིར།། ལྷ་རྣམས་སྡུག་བསྔལ་དག་ལས་འོང་བ་མིན།།

ལྔ་བ་ལས་འབྲས་སྐབས།

ལས་འབྲས་སྤྱིའི་དོན་ལ། བདེ་སྡུག་ཐམས་ཅད་ལས་ཀྱི་འབྲས་བུར་ངེས་པ།ལས་བྱས་པ་ཆུད་མི་ཟ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་འཕེལ་ཆེ་བ། ལས་དགེ་སྡིག་གི་རྣམ་དབྱེ། ལས་བསགས་པའི་འབྲས་བུ་བཞི་སྨིན་ཚུལ། བྱས་བསགས་ཀྱི་དབྱེ་བ། ལྕི་ཡང་གི་ཁྱད་པར། མྱོང་མི་མྱོང་གི་ངེས་པ། འཕེན་རྫོགས་ཀྱི་ཞིབ་ཆ་སོགས་རིམ་བཞིན་ངེས་དགོས་སོ།། དགེ་བ་དང་མི་དགེ་བའི་རྣམ་གྲངས་ཞིབ་ཏུ་སྨོས་ན་མཐའ་ཡས་པ་ཡོད་ཀྱང་རགས་བསྡུས་ནི། སྒོ་གསུམ་གྱི་ལས་བཅུ་ལ་འདུ་སྟེ། ལུས་ལས་གསུམ་གྱི་སྲོག་གཅོད་ནི། འདུ་ཤེས་མ་འཁྲུལ་བར་གཞན་གྱི་སྲོག་གཅོད་པའོ།། དབྱེ་ན། ཞེ་སྡང་དབང་གིས་སྲོག་གཅོད་པ། འདོད་ཆགས་དབང་གིས་སྲོག་གཅོད་པ། གཏི་མུག་གི་དབང་གིས་སྲོག་གཅོད་པ་གསུམ་དུ་བཤད། འདི་ཀུན་སློང་སྒོ་ནས་ཡིན། སྦྱོར་བའི་སྒོ་ནས། རང་གིས་བྱས་པ།གཞན་ལ་བྱེད་དུ་བཅུག་པ། རྗེས་སུ་ཡི་རང་བྱས་པ་གསུམ་མོ།། ལོག་གཡེམ་ནི། ཕོ་མོ་གཉིས་འཁྲིག་ཅིང་སྦྱོར་བའི་ལས་བྱེད་པའོ།། དབྱེ་ན། རིགས་ཀྱིས་བསྲུང་བ་དང་། བདག་པོས་བསྲུང་བ། ཁྲིམས་ཀྱིས་བསྲུང་བ་དང་གསུམ། མ་བྱིན་ལེན་ནི། གཞན་ནོར་ལེན་པ། དབྱེ་ན། མཐུས་ལེན་པ་དང་། འཇབ་བུས་ལེན་པ། གཡོ་སྒྱུས་ལེན་པ་དང་གསུམ་མོ།། ངག་ལས་བཞི་ལས།ཚིག་རྩུབ་ནི། ཕ་རོལ་བའི་རྒྱུད་འཁྲུགས་པར་བྱེད་པའི་ཚིག་སྨྲ་བའོ།། དབྱེ་ན། དངོས་སུ་ཚིག་རྩུབ། བརྒྱུད་ནས་ཚིག་རྩུབ། གཞོལ་ཏེ་ཚིག་རྩུབ་གསུམ། ངག་འཁྱལ་ནི། འབྲེལ་མེད་ཀྱི་གཏམ་སྨྲ་བའོ།། དབྱེ་ན། རང་བཞིན་གྱི་ངག་འཁྱལ། ཁྱད་དུ་ངག་འཁྱལ།ལོག་པའི་ངག་འཁྱལ་ལོ།། རྫུན་ནི། གཞན་ལ་བདེན་བློ་བསྐྱེད་པར་བྱེད་པའི་མི་བདེན་པའི་ཚིག་སྨྲ་བའོ།། དབྱེ་ན། ཕན་གནོད་མེད་པའི་རྫུན། ཕན་གནོད་ཡོད་པའི་རྫུན། བླ་མར་སྨྲ་བའི་རྫུན་ནོ།། ཕྲ་མ་ནི།ཕ་རོལ་སོ་སོར་འབྱེད་པའི་ཚིག་སྨྲ་བའོ།། དབྱེ་ན། བཙན་ཕྲ། ལྐོག་ཕྲ། གཞོག་ཕྲ་གསུམ། ཡིད་ལས་གསུམ་གྱི་བརྣབ་སེམས་ནི། ཡིད་དུ་འོང་བའི་དངོས་པོ་སོགས་རང་གིས་ཐོབ་འདོད་དེ་ཡིན། དབྱེ་ན།གཞན་གྱི་ཟས་ནོར་རང་གིས་ཐོབ་འདོད། གཞན་ལ་མེད་པར་དགའ་བའི་ཞེ་ངན། དེ་གཉིས་ཀ་དུས་གཅིག་ཏུ་སྐྱེས་པའོ།། གནོད་སེམས་ནི།ཡིད་དུ་མི་འོང་བའི་ཡུལ་ལ་གནོད་པར་སེམས་པའོ།། དབྱེ་ན། ཞེ་སྡང་གི་ཆ་ལས་གྱུར་བ། ཕྲག་དོག་གི་ཆ་ལས་གྱུར་བ། འཁོན་འཛིན་གྱི་ཆ་ལས་གྱུར་བའོ།། ལོག་ལྟ་ནི། བདེན་པའི་དོན་ལ་བློ་ཕྱིན་ཅི་ལོག་ཏུ་ལྟ་བའོ།། དབྱེ་ན། ལས་འབྲས་ལ་ལོག་པར་ལྟ་བ། དཀོན་མཆོག་ལ་ལོག་པར་ལྟ་བ། བདེན་བཞི་ལ་ལོག་པར་ལྟ་བའོ།། མི་དགེ་བ་བཅུ་བོ་དེ་དག་སྤོང་བའི་སེམས་པ་རྒྱུན་ཆགས་སུ་གནས་པ་དེ་ལ་དགེ་བ་བཅུ་ཟེར་རོ།། དགེ་མི་དགེ་དེ་དག་གི་འབྲས་བུ་སྨིན་ཚུལ་ནི། རྣམ་སྨིན་གྱི་འབྲས་བུ། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ། བདག་པོའི་འབྲས་བུའོ།། ལུགས་གཞན་ན། དབང་འབྲས་དང་བདག་འབྲས་གཅིག་ཏུ་བྱས་ནས། སྐྱེས་བུས་བྱེད་འབྲས་ཟུར་དུ་བཞག་པའོ།། བྱས་བསགས་ཀྱི་དབྱེ་བ་ནི། སྲོག་གཅོད་ལྟ་བུར་མཚོན་ན། གསོད་སེམས་ཡུན་རིང་དུ་བརྩམས་ཀྱང་སྲོག་མ་བཅད་པའི་ལས་དེ། སྲོག་གཅོད་བསགས་ལ་མ་བྱས་པ། བསམ་བཞིན་དུ་མ་ཡིན་པར་སྲོག་བཅད་པ་ནི། སྲོག་གཅོད་བྱས་ལ་མ་བསགས་པ། བསམ་བཞིན་དུ་སྲོག་གཅོད་པ་སྲོག་གཅོད་བྱས་བསགས་ཚང་བ། གསོད་སེམས་སྐད་ཅིག་དང་པོ་སྐྱེས་པ་ཙམ་དེ་སྲོག་གཅོད་བྱས་བསགས་མ་ཚང་བ་ཡིན་ནོ།། ལུས་ངག་གི་བདུན་པོ་ལ་བྱས་བསགས་མུ་བཞི་རེ་འཇོག་ཀྱང་། ཡིད་ལས་ལ། བསགས་མ་བྱས་པ་མེད་དོ།། མྱོང་མི་མྱོང་གི་ཁྱད་པར་ནི། གེགས་བྱེད་ཀྱི་རྐྱེན་དང་འཕྲད་ན་མྱོང་བར་མ་ངེས་པ་དང་། གེགས་བྱེད་ཀྱི་རྐྱེན་དང་མ་འཕྲད་ན་མྱོང་ངེས་པའོ།། འཕེན་རྫོགས་ནི། འཕེན་བྱེད་དགེ་བས་འཕང་བ་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ། འཕེན་བྱེད་མི་དགེ་བས་འཕང་བ་ལ་རྫོགས་བྱེད་དགེ་བས་རྫོགས་པ། འཕེན་རྫོགས་གཉིས་ཀ་དགེ་བ། འཕེན་རྫོགས་གཉིས་ཀ་མི་དགེ་བ་སྟེ་མུ་བཞི་ཡོད། ས་བཅུ་ནི། ས་དང་པོ་རབ་ཏུ་དགའ་བའི་ས། གཉིས་པ་དྲི་མ་མེད་པའི་ས། གསུམ་པ་འོད་ཟེར་འཕྲོ་བའི་ས། བཞི་བ་ཕྱག་རྒྱ་བསྒྱུར་བའི་ས། ལྔ་བ་བོན་ཉིད་སྤྲིན་ཚོགས་ས། དྲུག་པ་བདེ་ལྡན་རྟོགས་པའི་ས། བདུན་པ་ཡིད་བཞིན་འགྲུབ་པའི་ས། བརྒྱད་པ་མ་ཆགས་དག་པའི་ས། དགུ་བ་ཡི་གེ་འཁོར་ལོའི་ས། བཅུ་བ་མི་འགྱུར་གཡུང་དྲུང་ས་སྟེ་བཅུའོ།། ལམ་ལྔ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་ལྔའོ།། སྲིད་ལ་མི་ཆགས་ཞེས་པ་འཁོར་བ་ལ་མི་གནས་པ་དང་། ཞི་ལའང་མི་གནས་ཞེས་པ་རང་ཉིད་ཞི་བདེ་ཐོབ་པ་ཙམ་ལ་ཡང་མི་གནས་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་པའི་དོན་ནོ།།

དྲུག་པ་ཐར་བའི་ཕན་ཡོན་སྐབས།

བསོད་ནམས་ཆ་མཐུན་གྱི་དགེ་བ་ནི། ཐབས་ཤེས་ཁྱད་པར་ཅན་གྱིས་མ་ཟིན་པའི་དགེ་བ་འཁོར་བའི་མངོན་མཐོ་ཐོབ་བྱེད་ཙམ་ལ་བཤད། ཐར་བ་ཆ་མཐུན་གྱི་དགེ་བ་ནི། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་དགེ་བ་སྟེ།ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ་ལ་ཟེར། ས་བཅུ་ལམ་ལྔ་ནི་གོང་དུ་བཤད་ལ། ཐེག་དམན་ལ་ས་བཅུའི་རྣམ་བཞག་མེད་ཅིང་། དམན་པའི་ས་བརྒྱད་འཇོག་པ་ཡིན། ལམ་ལྔ་ནི་ཉན་རང་བྱང་སེམས་གསུམ་ལ་ཡོད། སྐུ་གསུམ་ནི། བོན་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་མོ།།

བདུན་པ་ཡང་དག་པའི་དད་པ་བཤད་པའི་སྐབས།

དད་པའི་ངོ་བོ་གང་ལ་སྐྱེ་བའི་ཡུལ་དེ་ལ་ཤིན་ཏུ་མོས་པའི་བློ་དེ་ཡིན་ནོ།། བརྩོན་འགྲུས་ཀྱི་ངོ་བོ་དགེ་བ་ལ་མངོན་པར་སྤྲོ་བའི་སེམས་པ་ཡིན་ནོ།། ཀུན་རྫོབ་སྣང་ཆའི་དགེ་བ་ནི། སྦྱིན་པ་གཏོང་བ། ཚུལ་ཁྲིམས་བསྲུང་བ་སོགས་དང་། སྔགས་ལྟར་ན་བསྐྱེད་རིམ་སོགས་མཚན་བཅས་ཀྱི་དགེ་བ་རྣམས་ཡིན། དོན་དམ་ཤེས་རབ་ཀྱི་དགེ་བ་ནི། ཟབ་མོ་སྟོང་བ་ཉིད་སྒོམ་པ་དང་། སྔགས་ལྟར་ན་རྫོགས་རིམ་སོགས་མཚན་མེད་ཀྱི་དགེ་བ་རྣམས་ཡིན།ཟུང་འཇུག་ཆ་མཉམ་ནི། ཐབས་ཤེས་ཟུང་འཇུག་གམ་བསྐྱེད་རྫོགས་ཡ་མ་བྲལ་བར་ཟུང་འཇུག་ལ་བཤད།

བརྒྱད་པ་སྐྱབས་འགྲོའི་སྐབས།

སྐྱབས་འགྲོའི་རྒྱུ་ནི། འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པའི་བློ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ཀྱི་དད་པ་ཡིན་ནོ།། རྒྱུ་དེ་བཅོས་མ་མ་ཡིན་པ་སྐྱེས་པའི་སྒོ་ནས་དཀོན་མཆོག་ལ་སྙིང་ཐག་པ་ནས་བློ་གཏོད་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན་ནོ།། སྐྱབས་ནི་རྟེན་དང་གཞིའི་དོན་ཡིན་པས། དཀོན་མཆོག་གསུམ་སྐྱབས་སུ་བཟུང་ནས། རང་གི་བློ་དེའི་ཕྱོགས་སུ་འགྲོ་བ་ནི་སྐྱབས་འགྲོ་ཞེས་པའི་ངེས་ཚིག་ཀྱང་ཡིན། སྐྱབས་ཡུལ་ངོས་འཛིན་ཚུལ་ནི། སངས་རྒྱས་དཀོན་མཆོག་ནི་རང་དོན་བོན་སྐུ་དང་གཞན་དོན་གཟུགས་སྐུས་བསྡུས་པའི་དོན་གཉིས་མཐར་ཕྱིན་པའི་མཚན་ཉིད་ཅན་ཡིན་ནོ།། བོན་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པའི་རང་བཞིན་ཅན་ཡིན་ནོ།། དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་ཅི་རིགས་དང་ལྡན་པའི་འཕགས་པའི་གང་ཟག་ལ་འདོད་དགོས་པར་སྐྱབས་འགྲོ་ཉི་ཤུ་པའི་ཊཱིཀ་ལས་གསུངས་སོ།། རིག་གྲོལ་ཡོན་ཏན་བརྒྱད་ནི། ཇི་ལྟ་བ་གཟིགས་པའི་ཡོན་ཏན། ཇི་སྙེད་པ་གཟིགས་པའི་ཡོན་ཏན། ནང་ཡེ་ཤེས་གཟིགས་པའི་ཡོན་ཏན་དང་གསུམ། ཆགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། ཐོག་སྒྲིབ་ལས་གྲོལ་བའི་ཡོན་ཏན། དམན་སྒྲིབ་ལས་གྲོལ་བའི་ཡོན་ཏན་དང་གསུམ་སྟེ་དྲུག དབྱེ་གཞི་རིག་དང་གྲོལ་བ་གཉིས་ཏེ་བརྒྱད་དོ།། ནང་གི་སྐྱབས་ཡུལ་གྱི་བླ་མ་བྱིན་རླབས་ཀྱི་རྩ་བ། ཡི་དམ་དངོས་གྲུབ་ཀྱི་རྩ་བ། མཁའ་འགྲོ་འཕྲིན་ལས་ཀྱི་རྩ་བའོ།། གསང་བའི་སྐྱབས་ཡུལ་གྱི་རྩ་བ་ནི། རྣམ་པར་ཤེས་པ་རྒྱུ་བའི་ལམ་ཡིན་ལ། རླུང་ནི་དེའི་བཞོན་པའི་རྟ་དང་། ཐིག་ལེ་ནི་སེམས་དེ་བརྟེན་པའི་གནས་ཡིན་པའི་ཕྱིར་གསང་བའི་སྐྱབས་ཡུལ་དུ་བཞག་པའོ།། དེ་དག་ལ་སྐྱབས་སུ་འགྲོ་ཚུལ་ནི། སངས་རྒྱས་སྐྱབས་སྟོན་པ་པོ། བོན་སྐྱབས་དངོས་སམ་ལམ་དངོས། དགེ་འདུན་སྐྱབས་སྒྲུབ་པའི་གྲོགས་སུ་ཞུས་ཏེ་སྐྱབས་སུ་འགྲོ་བའོ།། ཡང་། བླ་མ་ནི་ལེགས་པར་བསྟེན། ཡི་དམ་ཚུལ་བཞིན་དུ་སྒྲུབ། མཁའ་འགྲོ་ཐུགས་མཉེས་པར་བྱས་ཏེ་སྐྱབས་སུ་འགྲོ་བའོ།། ཡང་། རྩ་གསུམ་འཁོར་ལོ་བཞི་སོགས་རང་ལུས་ལ་ཡོད་པ་བསྐྱེད་དེ། རླུང་ཉི་ཁྲི་ཆིག་སྟོང་སྦྱངས་ནས་ཞུགས་གནས་ཐིམ་གསུམ་བྱ། ཐིག་ལེ་ལ་རིག་པ་བྱང་ཆུབ་ཀྱི་སེམས་དེ་བསྒོམས་ནས། ཉམས་སུ་ལེན་པ་ནི། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་རྣམ་པར་མཚུངས་སོ།།   སྐྱབས་འགྲོའི་ཕན་ཡོན་བརྒྱད་ནི། སྡེ་སྣོད་མཛོད་ལས།ནང་པའི་ཁྱུར་ཚུད་སྡོམ་པའི་གཞི་རྟེན་བྱེད།། སྔོན་བསགས་སྡིག་སྒྲིབ་འཛད་ཅིང་ཕྱིས་མི་གསོག། གནོད་པས་མི་ཚུགས་ཐར་བའི་ས་བོན་ཐེབས།། ངན་འགྲོའི་གཡང་བསྲུང་ཡོན་ཏན་གོང་འཕེལ་འགྲོ།། ཞེས་གསུངས་སོ།།

སྐྱབས་འགྲོའི་བསླབ་བྱ་ནི། ཐུན་མོང་གི་བསླབ་བྱ་ནི།རྒྱུན་དུ་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ་ཞིང་སྤྱོད་ལམ་བཞི་ལ་སྐྱབས་འགྲོ་མི་བརྗེད། སྲོག་ལ་བབ་ཀྱང་སྐྱབས་འགྲོ་མི་འདོར་བར་བསླབ་བྱ་མིག་གི་འབྲས་བུ་བཞིན་དུ་བསྲུང་བའོ།། སོ་སོའི་བསླབ་བྱ་དང་ཆ་མཐུན་གྱི་བསླབ་བྱ་རྣམས་གཞུང་དུ་གསལ་ལོ།། ལམ་ཁྲིད་ལས།སངས་རྒྱས་ཀྱི་སའི་དག་པ་གཉིས་ལྡན་གྱི་སྐུ་དེ་བོན་དཀོན་མཆོག་མཐར་ཐུག་པ་ཡིན། དེ་ཐོབ་ན་དེས་ནི་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་བྱེད། དེ་འཐོབ་པ་ལ་འགོག་ལམ་གཉིས་ཀྱིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པའི་རང་བཞིན་གྱི་བོན་དཀོན་མཆོག་དེ་འཐོབ་དགོས། དེས་ནི་འཁོར་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད། དེ་འཐོབ་པ་ལ་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་ལ་རིམ་པར་སློབ་དགོས། དེ་ནི་བོན་སྐྱབས་དངོས་འགོག་ལམ་གྱི་དོད་ཡིན།དེས་ནི་རྒྱུ་ཉོན་མོངས་དང་འབྲས་བུ་འཁོར་བའི་སྡུག་བསྔལ་ལས་རིམ་པར་བསྐྱབས་ནས་མཐར་ཐུག་གི་སྐྱབས་དེ་མངོན་དུ་བྱེད་པའམ་ཉེ་རུ་གཏོང་བ་ནི་སྐྱབས་སུ་འགྲོ་བའི་འགྲོ་བ་ཞེས་པའི་དོན་ཡིན་ནོ།། ཞེས་གསུངས་སོ།།

དགུ་བ་སེམས་བསྐྱེད་སྐབས།

ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ནི། སེམས་བསྐྱེད་ཀྱི་མདོ་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་པ་ལྟར་རོ།། སྨོན་འཇུག་གི་ཁྱད་པར། སེམས་ཅན་གཞན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློ་ཁྱད་པར་ཅན་དེ་སྨོན་སེམས་ཡིན། སངས་རྒྱས་འཐོབ་པའི་ཆེད་དུ་ལམ་སྒྲུབ་པར་འདོད་པའི་བློ་དེ་འཇུག་སེམས་ཡིན། འགྲོ་བ་ཉིད་དང་འགྲོ་བར་འདོད།། ཅེས་པ་ལྟར་རོ།། རྒྱུ་འབྲས་མན་ངག་བདུན་ནི། དང་པོ་མར་ཤེས་པ། གཉིས་པ་དྲིན་དྲན་པ། གསུམ་པ་དྲིན་གཟོ་བ། བཞི་བ་ཡིད་འོང་གི་བྱམས་པ། ལྔ་བ་སྙིང་རྗེ། དྲུག་པ་ལྷག་བསམ། བདུན་པ་བྱང་ཆུབ་ཀྱི་སེམས་སོ།། ཚད་མེད་པ་བཞི་ནི། སྙིང་རྗེ་ཚད་མེད་པ། བྱམས་པ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་དང་བཞིའོ།། མ་བསྒྲལ་བ་རྣམས་བསྒྲལ་བ་ཞེས་པ་ནི། ཐེག་དམན་ཉན་རང་རྣམས་ཐེག་ཆེན་གྱི་གོ་འཕང་ལ་འགོད་འདོད་དང་། མ་གྲོལ་བ་རྣམས་དགྲོལ་བ་ཞེས་པ་ནི། སོ་སྐྱེ་རྣམས་འཕགས་ལམ་དུ་འགོད་འདོད་དང་། དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞེས་པ། ངན་འགྲོ་རྣམས་བདེ་འགྲོར་འགོད་འདོད་དུ་སེམས་བསྐྱེད་པ་ཡིན། བྱམས་མའི་སྡོམ་ཆོག་གི་སྐབས་སུ། འཁོར་བའི་བོན་རྣམས་ཞེས་རིམ་པ་གསུམ་ཡོད་པའི་དང་པོ་དང་དབུགས་མ་དབྱུང་བ་མཚུངས། གཉིས་པ་དང་མ་གྲོལ་བ་རྣམས་ཞེས་པ་མཚུངས། གསུམ་པ་དང་མ་བསྒྲལ་བ་རྣམས་ཞེས་པ་དོན་མཚུངས་སོ།། རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཞེས་སོགས་ནི། བྱང་སེམས་རྣམས་མི་སློབ་ལམ་དུ་འགོད་འདོད་ཡིན་ནོ།། སེམས་བསྐྱེད་ཀྱི་བསླབ་བྱ་ནི། ནག་པོའི་བོན་བཞི་སྤངས་ནས་དཀར་པོའི་བོན་བཞི་སྒྲུབ་དགོས་ཏེ། སྡེ་སྣོད་མཛོད་ལས། དམ་པ་བསླུ་དང་གཞན་ལ་འགྱོད་པ་བསྒྲུབ།། མི་སྙན་སྒྲོགས་དང་གཡོ་སྒྱུས་གཞན་མགོ་བསྐོར།། ནག་པོ་བོན་བཞིས་སེམས་ཉམས་ལྡོག་པས་འཕེལ།། རྫུན་མི་སྨྲ་ཞིང་གདུལ་བྱ་ལམ་ལ་བཀྲི།། བྱང་སེམས་ལྡན་ལ་བསྔགས་བརྗོད་གཞན་མི་བསླུ།། ཞེས་སོ།། ཐུགས་རྗེ་སེམས་དཔའི་ལུགས་ལ་བྱང་སེམས་ཀྱི་བསླབ་པ་ཉི་ཤུ་དང་། སེམས་དཔའ་སྤྲོས་མེད་པའི་ལུགས་ལ་མདོར་བསྡུས་ན། མདོ་ལས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་དྲུག་ལ་སྤྱོད་ཅིག ཅེས་གསུངས་པས། དང་པོ་ལྟ་བ་ལ། ཐུགས་རྗེ་སེམས་དཔའི་ལུགས་ཀྱི་ལྟ་བ་ནི་སེམས་ཙམ་པའི་ལྟ་བ་ཡིན། སྤྲོས་མེད་ལུགས་ཀྱི་ལྟ་བ་ནི། དབུ་མའི་ལྟ་བ་ཡིན་ནོ།། གཉིས་པ་སྤྱོད་པ་ནི། བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་སོ་ཐར་གྱི་སྡོམ་པ་མི་དགོས་པར་འདོད་པའི་ལུགས་དང་། བྱང་སྡོམ་གྱི་རྟེན་དུ་སོ་སྡོམ་དགོས་པར་འདོད་པའི་ལུགས་གཉིས་ཡོད། གང་ལྟར་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱིས་དབྱེ་བ་ཕྱེས་ན་བསླབ་པ་རྒྱས་པ་སུམ་བརྒྱ་ཡོད། འབྲིང་བོ་བརྒྱ་རྩ་བརྒྱད། བསྡུས་པ་ཉེར་བརྒྱད། ཡོངས་སུ་བསྡུས་པ་མ་བཞི། ཡང་དག་པར་བསྡུས་པ་སྡོམ་པ་སྣ་གཅིག་པ་སོགས་ཡོད། དེས་ན་བྱང་སེམས་ཀྱི་བསླབ་པ་ཕྱིན་དྲུག་གི་ནང་དུ་མ་འདུས་པ་མེད་པས་ན། དང་པོ་སྦྱིན་པ་ནི། སྦྱིན་བྱའི་དངོས་པོ་ཡོངས་སུ་གཏོང་བ་ལ་འཇུག་པའི་དུས་ཀྱི་མ་ཆགས་པའི་སེམས་པ་ནི་སྦྱིན་པའི་ངོ་བོར་འཇོག དབྱེ་བ་ནི། བོན་གྱི་སྦྱིན་པ། མི་འཇིགས་པའམ་སྐྱབས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ་གསུམ། ཟང་ཟིང་ལ་ཡང་། གཏོང་བ་དང་གཏོང་བ་ཆེན་པོ་དང་། ཡོངས་སུ་གཏོང་བ་གསུམ་ཡོང་།ཚུལ་ཁྲིམས་ཀྱི་ངོ་བོ་ནི།ཉེས་སྤྱོད་སྤོངས་པའི་སེམས་པ་རྒྱུན་ཆགས་པ་སྟེ། དབྱེ་ན། དགེ་བ་བོན་སྡུད་ཀྱི་ཚུལ་ཁྲིམས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡོད། སེམས་ཅན་དོན་བྱེད་ལ་ཡང་། ཕན་གདགས་པ་དང་། གདགས་པ་ཆེན་པོ་དང་། ཤིན་ཏུ་གདགས་པ་ཆེན་པོ་གསུམ་ཡོད། བཟོད་པ་ནི། བོན་གྱི་ཕྱིར་སྡུག་བསྔལ་དང་གནོད་པ་ལ་སྲན་ཚུགས་པ་བཟོད་པའི་ངོ་བོ་ཡིན། དབྱེ་ན། གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་གསུམ་ཡོད། བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་མངོན་པར་སྤྲོ་བའི་སེམས་པ་ཡིན། དབྱེ་ན། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། ཡོངས་སུ་མཐར་ཕྱིན་པའི་བརྩོན་འགྲུས་གསུམ་ཡོད། གོ་ཆ་ལ་ཡང་། མི་ཞུམ་པའི་གོ་ཆ། མི་ཕམ་པའི་གོ་ཆ། མི་སྐྲག་པའི་གོ་ཆ་གསུམ་ཡད་དོ།། བསམ་གཏན་ནི། དམིགས་པ་ལས་གཞན་དུ་མི་གཡོ་བར་སེམས་རྩེ་གཅིག་ཏུ་གནས་པ་དེ་བསམ་གཏན་གྱི་མཚན་ཉིད་ཡིན། དབྱེ་ན། གཞུང་འདིའི་འགྲེལ་བར། ཡོན་ཏན་མངོན་པར་གྲུབ་པའི་བསམ་གཏན་དང་། དམིགས་པ་ལས་གཞན་དུ་མི་གཡོ་བའི་བསམ་གཏན་དང་། དེ་ལ་དབང་འབྱོར་བའི་བསམ་གཏན་གསུམ་དུ་གསུངས། སྡེ་སྣོད་མཛོད་ལས། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། དོན་རབ་ཏུ་འབྱེད་པའི་བསམ་གཏན། དེ་བཞིན་གཤེགས་དགེའི་བསམ་གཏན་གསུམ་དུ་གསུངས་སོ།། ཤེས་རབ་ནི། བོན་རབ་ཏུ་རྣམ་པར་འབྱེད་པ་ཤེས་རབ་ཀྱི་མཚན་ཉིད་དོ།། དབྱེ་ན། སྒྲ་ཡུལ་དུ་འཛིན་པ་ཐོས་པའི་ཤེས་རབ། དོན་ཡུལ་དུ་འཛིན་པ་བསམ་པའི་ཤེས་རབ། སྒྲ་དོན་ཟུང་འབྲེལ་དུ་འཛིན་པ་སྒོམ་པའི་ཤེས་རབ་གསུམ་མོ།།

བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་གཏོང་བ། སྙན་པར་སྨྲ་བ། དོན་སྤྱོད་པར་བྱེད་པ། དོན་མཐུན་པར་བྱེད་པའོ།། དེ་རྣམས་ནི་ཐེག་ཆེན་སེམས་བསྐྱེད་ཀྱི་བསླབ་བྱ་ཡིན་ནོ།།

སེམས་བསྐྱེད་མི་ཉམས་པའི་ཐབས་བདུན་ནི། ཚེ་འདིར་མི་ཉམས་པའི་ཐབས། སེམས་བསྐྱེད་ཀྱི་ཕན་ཡོན་དང་། སེམས་བསྐྱེད་ཉམས་པའི་ཉེས་དམིགས་དང་། སེམས་དེ་ཐོབ་དཀའ་བ་གསུམ་རྒྱུན་དུ་དྲན་པར་བྱ། ཚེ་ཕྱི་མར་མི་ཉམས་པའི་ཐབས། ཡན་ལག་བདུན་པ་དང་སེམས་བསྐྱེད་ཀྱི་ཆོ་ག་གཉིས། ཉིན་མཚན་དུས་དྲུག་གམ་གསུམ་དུ་མི་ཆགས་པར་བྱ་བ་དང་། འདུས་བྱས་ཀྱི་དགེ་རྩ་རྣམས་དང་དུ་ལེན་པ་དང་། དགེ་བ་གང་བྱས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱེད་པ་དང་གསུམ་སྤྱད་པར་བྱའོ།། འདི་ཕྱི་གཉིས་ཀར་མི་ཉམས་པའི་ཐབས། ཐེག་ཆེན་གང་ཟག་བྱང་ཆུབ་ཀྱི་སེམས།གཡུང་དྲུང་གི་བོན། འཁོར་བའི་སེམས་ཅན་རྣམས་གཅེས་པར་བཟུང་བ་སྟེ་བདུན་ནོ།།

བཅུ་བ་བཤགས་སྦྱང་གི་སྐབས།

སྟོབས་བཞི་ནི། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས་དང་བཞིའོ།། འདི་བཞི་བོ་རིམ་པ་བཞིན། འཆི་བར་ངེས་པའི་དུག་ཁོང་དུ་སོང་བ་ལྟར་འཁོར་བའི་སྡུག་བསྔལ་ལ་སྦྱོར་བའི་བྱེད་པའི་སྔར་བྱས་ཀྱི་ལས་མི་དགེ་བ་རྣམས་ལ་འགྱོད་པ་དྲག་པོ་སྐྱེ་བ་དང་། དུག་སེལ་བའི་ཐབས་ལ་མཁས་པའི་སྨན་པ་མཆོག་ལ་བརྟེན་པ་ལྟར་བཤགས་པ་ཞུ་བའི་ཡུལ་སྐྱབས་གནས་དམ་པ་ལ་བརྟེན་པ་དང་། དུག་སྦྱོང་བའི་གཉེན་པོ་སྨན་གང་བཟང་བཟང་རྣམས་ཡུན་རིང་དུ་བསྟེན་དགོས་པ་ལྟར། སྡིག་པ་མི་དགེ་བའི་གཉེན་པོ་དགེ་བ་གང་ཟབ་ཟབ་སོགས་ཁྱད་པར་སྟོང་ཉིད་རྒྱུན་དུ་བསྒོམ་པ་དང་། ཕྱིན་ཆད་དུག་མི་ཟ་བར་དམ་བཅའ་བྱེད་ནུས་པ་ལྟར། སླར་ཉེས་པའི་ཕྱོགས་ཕྲ་ཞིང་ཕྲ་བ་ལ་འཛེམས་ནས་མི་བྱེད་པར་སྡོམ་སེམས་བརྟེན་པ་དང་བཞི་ཡོན་ནོ།།

སྡོམ་པ་གསུམ་ནི། སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་སྡོམ་པ། གསང་བ་སྔགས་ཀྱི་སྡོམ་པ་དང་གསུམ་མོ།།

བླ་མ་གསུམ་ནི། ཕྱི་སྡོམ་པ་འབོགས་པའི་བླ་མ། ནང་དབང་བཞི་བསྐུར་བའི་བླ་མ། གསང་བ་སེམས་ངོ་སྤྲོད་པའི་བླ་མ། ཕྱིའི་མིག་ལྟ་བུ། ནང་གི་སྙིང་ལྟ་བུ། གསང་བ་སྲོག་ལྟ་བུའོ།།

བཅུ་གཅིག་པ་ཚོགས་གསོག་མཎྚལ་སྐབས།

སྟོང་གསུམ་ཞེས་པ་ནི། ཚངས་པའི་འཇིག་རྟེན་སྟོང་ལ་སྟོང་དང་པོ་ཟེར། སྟོང་དང་པོ་སྟོང་ལ་སྟོང་གཉིས་པ་ཟེར། སྟོང་གཉིས་པ་སྟོང་ལ་སྟོང་གསུམ་ཟེར་ཏེ་བྱེ་བ་ཕྲག་བརྒྱའོ།།

བཅུ་གཉིས་པ་བླ་མའི་རྣལ་འབྱོར་སྐབས།

སྐུ་ལྔ་ནི། བོན་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ། མངོན་པར་བྱང་ཆུབ་ཀྱི་སྐུ་དང་ལྔའོ།།

དུག་ལྔ་ནི། ཞེ་སྡང་། འདོད་ཆགས། གཏི་མུགང་རྒྱལ། ཕྲག་དོག་དང་ལྔའོ།།

ཡེ་ཤེས་ལྔ་ནི། སྟོང་བ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ།།

དབང་བཞི་ནི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་དང་བཞིའོ།།

ཞེས་པ་འདི་ནི་བདག་གི་བླ་མ་དམ་པ་བོན་བརྒྱ་གྲུབ་པའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་རིན་པོ་ཆེས་སྔོན་འགྲོའི་ཁྲིད་གནང་ཚེ་བློར་འཛིན་དགོས་གསུངས་པ་རྣམས།བོན་བརྒྱ་སྤྲུལ་མིང་འཛིན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་རང་ལོ་བཅུ་བཞི་བའི་དུས་སུ་རང་དང་རང་འདྲ་རྣམས་ལ་འཛིན་བདེ་བར་བྲིས་པ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།