བརྡ་སྦྱོར་བློ་གསལ་མགུལ་རྒྱན་བཞུགས་སོ། །

བརྡ་སྦྱོར་བློ་གསལ་མགུལ་རྒྱན་བཞུགས་སོ། །
གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན།

༄༅། །བདེ་གཤེགས་གསུང་གི་ངོ་བོ་ཉིད། །རྗེ་བཙུན་ཕྱ་ལ་གུས་བཏུད་ནས། །མགོན་ཁྱོད་མཁྱེན་བརྩེའི་འོད་དཀར་གྱིས། །བདག་བློའི་ཀུ་མུད་རྒྱས་པར་མཛོད། །བོད་ཀྱི་བརྡ་ལ་མཁས་འདོད་ཀྱི། །བློ་གསལ་རྣམས་ལ་ཕན་བྱའི་ཕྱིར། །ཕྲད་དང་རྣམ་དབྱེའི་སྦྱོར་ཚུལ་ནི། །གོ་སླ་ཉུང་ངུར་བཤད་པར་བྱ། །
ཨི་ཡིག་གི་ནི་རྐྱེན་རྣམས་ནི། །ཀྱི་གི་གྱི་འི་ཡི་དང་ལྔ། །རྗེས་འཇུག་མཐའ་དང་མཐུན་ལུགས་བཤད། །ད་བ་ས་ཀྱི་ག་ང་གི། །ན་མ་ར་ལ་བཞི་བོར་གྱི། །འ་མཐའ་ཅན་དང་མཐའ་རྟེན་མེད། །ཕྲད་ཀྱི་སྦྱོར་བ་གཅིག་པའི་ཕྱིར། །ཚིགས་བཅད་ཚང་ན་འི་སྦྱོར་ཞིང་། །ཚིག་རྐང་མ་ཚང་ཡི་ཐོབ་བོ། །དེ་ནི་དྲུག་པ་འབྲེལ་སྒྲ་སྟེ། །སྐབས་འགར་ཚིག་རྒྱན་གཉིས་ལའང་འཇུག །དེ་ལྔ་ལ་ནི་ས་མཐའ་སྦྱར། །རྣམ་དབྱེ་གསུམ་པ་བྱེད་པོའི་སྒྲ། །སྐབས་འགར་རྒྱུ་མཚན་ལ་ཡང་འཇུག །
ཨུ་ཡིག་རྐྱེན་ནི་ཏུ་དུ་རུ། །སུ་ར་ན་ལ་དང་བཅས་པ། །ག་བ་ད་དྲག་ཅན་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་མཐའ་ཅན་དང་མཐའ་རྟེན་མེད། །ཀུན་ལ་ཚིག་རྐང་ཚང་ན་ར། །ཚིག་རྐང་མ་ཚང་རུ་ཐོབ་བོ། །ས་མཐར་སུ་སྦྱར་ན་ལ་གཉིས། །རྗེས་འཇུག་ཡི་གེར་ལྟོས་པ་མེད། །དེ་དག་རྣམ་དབྱེ་གང་ཞེ་ན། །གཉིས་པ་ལས་དང་བཞི་བ་ཆེད། །བདུན་པ་གནས་གཞི་འམ་རྟེན་གནས། །ཚེ་སྐབས་དང་ནི་དེ་ཉིད་དོ། །
ཨེ་ཡིག་རྐྱེན་ནི་སྟེ་ཏེ་དེ། །ག་ང་བ་མ་འ་མཐར་སྟེ། །ན་ར་ལ་ས་བཞི་བོར་ཏེ། །ད་དེ་དེ་དག་ལྷག་བཅས་ཡིན། །དེ་ནི་ཐ་སྙད་དབང་དུ་གསུམ། །འདས་དང་ལྷག་བཅས་རྣམ་གྲངས་བརྗོད། །དངོས་པོའི་དབང་དུ་བཞི་ཡིན་ཏེ། །བདག་གི་བ་དང་ཕ་རོལ་པོ། །གསང་བའི་དངོས་དང་དེ་ཉིད་དངོས། །དུས་ཀྱི་དབང་དུ་འདས་མ་འོངས། །
ཨོ་ཡིག་གི་ནི་རྐྱེན་བཅུ་གཅིག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་དང་ཏོ་རྣམས་ཏེ། །རྗེས་འཇུག་རང་རང་ཡོད་རྗེས་སུ། །རང་རང་ཨོ་ལྡན་སྦྱོར་བ་དང་། །ད་དྲག་ཅན་ལ་ཏོ་སྦྱོར་རོ། །དེ་ནི་སླར་བསྡུ་འམ་རྫོགས་ཚིག །
ཨཾ་ཡིག་རྐྱེན་ནི་གཾ་ངཾ་དཾ་ནཾ་བཾ། །མཾ་འཾ་རཾ་ལཾ་སཾ་ཏཾ་བཅས། །བཅུ་གཅིག་རྣམ་པར་བརྟག་པ་ཅན། །དྲི་བ་ཐེ་ཚོམ་གདམ་ང་དང་། །འབྱེད་སྡུད་ལ་ཡང་སྐབས་འགར་འཇུག །རྗེས་འཇུག་མཐའ་དང་མཐུན་ལུགས་ནི། །རྫོགས་ཚིག་སྐབས་དང་འདྲ་བར་ཤེས། །
ཨང་ཡིག་རྐྱེན་ནི་ཀྱང་འང་ཡང་། །ག་ད་བ་ས་ད་དྲག་ཅན། །རྗེས་སུ་ཀྱང་དང་ང་འ་ན། །མ་ར་ལར་ཡང་མཐའ་རྟེན་མེད། །འང་དང་ཚིག་རྐང་མ་ཚང་ཡང་། །དེ་ནི་ཚིག་རྒྱན་མཐུན་མི་མཐུན། །སྡུད་པ་རྣམས་སུ་ཤེས་པར་བྱ། །
པ་བ་གཉིས་ཀྱི་ཐོབ་ཚུལ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་ལ་པ་སྦྱོར་ཞིང་། །ང་འ་ར་ལ་མཐའ་མེད་མཐར། །བ་ཕྱེད་ཝར་འབོད་རྣམས་ལ་བ། །དེ་མིན་གཞན་ལ་པ་སྦྱོར་རོ། །དེ་དག་བདག་པོའི་སྒྲ་རུ་འགྱུར། །
ཅི་རིགས་རྐྱེན་ནི་འདི་རྣམས་ཏེ། །ཅིང་ཞིང་ཤིང་གསུམ་འཕྲོ་མཐུད་ཡིན། །ཅེས་ཞེས་ཤེས་གསུམ་བརྗོད་པའི་ཚིག །སྔོན་མ་དེ་ཡི་ངེས་བཟུང་ཡིན། །དེ་དང་འདྲ་བའི་ཚིག་ཕྲད་ནི། །ཅེ་ན་ཞེ་ན་ཤེ་ན་དང་། །ཅེ་འོ་ཞེ་འོ་ཤེ་འོ་རྣམས། །ལན་དང་བཅས་པའི་སྒྲ་རུ་འགྱུར། །ཅིག་ཞིག་ཤིག་ནི་བསྐུལ་ཚིག་གམ། །གསལ་བྱེད་ཡིན་ནོ་དེ་རྣམས་ནི། །རྗེས་འཇུག་མཐའ་དང་མཐུན་ལུགས་ནི། །ག་ད་བ་མཐར་ཅིང་སོགས་སྦྱོར། །ང་ན་མ་འ་ར་ལ་དང་། །མཐའ་རྟེན་སྤངས་རྗེས་ཞིང་སོགས་སྦྱོར། །ས་མཐར་ཤིང་ཤེས་སོགས་ལྔ་སྦྱོར། །
མ་དང་མི་ནི་མིང་གང་གི། །ཐོག་མར་སྦྱར་བ་དགག་པ་སྟེ། །མ་ནི་འདས་དང་མ་འོངས་པ། །མི་ནི་ད་ལྟ་བ་ཡིན་ནོ། །
པུ་བུ་འུ་དང་པོ་བོ་འོ། །བདག་པོའི་སྒྲ་དང་ཆ་མཐུན་ཡིན། །ག་མཐར་པུ་དང་གཞན་རྣམས་བུ། །འུ་ནི་མཐའ་རྟེན་མེད་ལ་འོ། །པོ་ནི་ག་ང་ད་ན་བ། །མ་ར་ལ་སའི་མཐའ་རུ་སྦྱར། །བོ་དང་འོ་ནི་རྟེན་མེད་དང་། །འ་ཡི་རྗེས་སུ་ཐོབ་པ་སྟེ། །གསལ་འགྱུར་འ་ནི་ཀུན་གྱིས་དོར། །བདག་པོའི་དངོས་སྒྲ་པོ་འདི་ཉིད། །རྗེས་འཇུག་མཐའ་ལ་ལྟོས་པ་མེད། །
ཀྱེ་དང་ཀྭ་ནི་བོད་པའི་བརྡ། །མིང་དང་ཚིག་གི་ཐོག་མཐར་འཇུག །ཀྱེ་ནི་ཡུལ་མཆོག་རྣམས་ལ་ཐོབ། །ཀྭ་ནི་མཆོག་མིན་རྣམས་ལའོ། །གང་སུ་ཅི་ཇི་སྤྱི་ཁྱབ་སྒྲ། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །ཞིག་ལ་ཇི་དང་ཅི་ཡང་རུང་། །
གང་སུ་ཅི་གསུམ་མིང་གང་གི། །ཐོག་མཐའ་ཀུན་ཏུ་འབྱུང་བ་ཡིན། །ཇི་ནི་ཐོག་མ་ཁོ་ན་འོ། །གང་དང་ཅི་ནི་དངོས་ཀུན་ལ། །འཇུག་ཅིང་སུ་ནི་གང་ཟག་ལའོ། །
ནི་ཞེས་ཚིག་གི་ཁ་སྐོང་དང་། །ངོས་བཟུང་དང་ནི་བརྣན་པ་འོ། །
དང་ནི་འབྱེད་དང་སྡུད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །
ཨ་ལྡན་ནས་ལས་འབྱུང་ཁུངས་དང་། །དགར་སྡུད་ལྷག་བཅས་རྒྱུ་མཚན་ནོ། །
ན་ར་ལ་གསུམ་ཤམ་བུ་རུ། །སྒྲ་སྒྱུར་སྔ་མས་ད་དྲག་བཞེད། །ཕྱི་མས་དངོས་སུ་མི་སྦྱོར་ཡང་། །ད་དྲག་ཐོབ་ངེས་རྣམས་ལ་ནི། །ཕྲད་དང་རྣམ་དབྱེ་གང་སྦྱོར་ཡང་། །ད་མཐའ་ཡོད་པ་ཇི་བཞིན་སྦྱར། །
མཐའ་རྟེན་མེད་པའི་མིང་ཚིག་ཕྲད། །འ་མཐའ་ཅན་དང་ཐོབ་ཐང་འདྲ། །ཅི་ཕྱིར་རྗེས་འཇུག་མེད་པ་ཡི། །ཡི་གེའི་སྦྱོར་བ་མི་སྲིད་ཅིང་། །འ་མཐའ་འགའ་ཙམ་མ་གཏོགས་པ། །ཡིག་ཚོགས་ཉུང་ཕྱིར་བསྡུས་པའོ། །
གསུང་རབ་རྒྱ་མཚོའི་གོས་ཅན་ལ། །འབད་རྩོལ་དཔྱིད་དཔལ་རབ་དར་བས། །བརྡ་སྦྱོར་རྐང་འཐུང་རྒྱས་པའི་རྩེར། །ལེགས་བཤད་གཡུར་ཟས་ཕྱུག་འདི་མཚར། །འདི་ལ་སྡེབས་ཉེས་གྱུར་སྲིད་ན། །སྐྱབས་གནས་གསུམ་ལ་བཟོད་པར་གསོལ། །རྣམ་དཀར་དགེ་ཚོགས་གང་མཆིས་ཀྱིས། །དོན་གཉེར་བློ་གྲོས་རྒྱས་གྱུར་ཅིག །ཁོ་བོ་ཚུལ་ཁྲིམས་རྒྱལ་མཚན་གྱིས། །གཞན་ཕན་བསམ་པས་འདི་བཀོད་པས། །མཁའ་མཉམ་ཡིད་ཅན་མ་ལུས་པ། །རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག ། བཀྲ་ཤིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།