བརྡ་སྤྲོད་ཉི་ཤུ་བདུན་པ་ཞེས་བྱ་བའི་གཞུང་བཞུགས་པ་ལགས་སོ།།

བརྡ་སྤྲོད་ཉི་ཤུ་བདུན་པ་ཞེས་བྱ་བའི་གཞུང་བཞུགས་པ་ལགས་སོ།།
ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མཛད།

༄༅།། ཞང་ཞུང་སྐད་དུ།། ཕྱོ་ཉིལ་ནི་བཅུ་སྣིས་བྷ་དཱ་ཡ།། བོད་སྐད་དུ་བརྡ་སྤྲོད་ཉི་ཤུ་བདུན་པ་ཞེས་བྱ་བ།། ཕུན་ཚོགས་ཡོན་ཏན་ལྷུན་ལ་རྫོགས།། བླ་མ་སངས་རྒྱས་རྟེན་གསུམ་དང༌།། ཕྱོགས་བཅུའི་གཤེན་རབ་ཐམས་ཅད་ལ།། སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
ལེའུ་དང་པོ། ཡི་གེའི་སྦྱོར་གཞི་ངེས་བཟུང་དང་རྣམ་གྲངས་བསྟན་པ།།
འཕྲུལ་གྱི་ཡེ་གེའི་དོན་བསྟན་པས།། སྨྲ་བའི་ངག་ཀུན་གསལ་མཛད་པ།། ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ།། མིང་ཚིག་གང་ཡང་སྦྱོར་བའི་གཞི།། ཡིག་སྦྱོར་ལག་ལེན་བསྟན་པར་བྱ།། ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར།། དོན་ལ་སྦྱོར་བའི་མཚན་ཉིད་འཛིན།། ངོ་བོ་འཕྲུལ་ཡིག་བཞི་བཅུའོ།། དཔའ་བོ་འབྲུ་ལྔ་ལས་འབྱུང་བའི།། འབྱུང་ཆེན་རིམ་པ་ཀྵ་ཀ་ཁ།། ག་ང་ཧ་ཨ་ཨཾ་བརྒྱད་པོ།། ནམ་མཁའི་ཁམས་ཡིན་ཨཱོྃ་ལས་བྱུང༌།། འོག་མ་རྣམས་ཀྱང་དེ་བཞིན་དེ།། ཨེ་ཎ་ར་བྷི་ཥྚ་བརྒྱད་པོ།། ས་ཁམས་ཡིན་ཏེ་སྲུཾ་ལས་བྱུང༌།། ཨུ་པ་ཟ་འ་ཨཿབརྒྱད་པོ།། ཆུ་ཡི་ཁམས་ཡིན་ཁཾ་ལས་བྱུང༌།། ཨི་ཙ་ཡ་ཤ་ཞ་བརྒྱད་པོ།། རླུང་གི་ཁམས་ཡིན་ཨཾ་ལས་བྱུང༌།། དེ་དག་འབྱུང་ཆུང་སྡེ་ལྔ་རུ།། དབྱེ་བའི་རིམ་པ་ཀྵ་ཨེ་ཨོ།། ཨུ་ཨི་ཨཾ་ཨཿ དང་བརྒྱད།། རླུང་གི་སྡེ་ཡིན་ཆེན་པོའོ།། ཀ་ཅ་ཏ་པ་ཙ་ཞ་ར།། ཧ་བརྒྱད་ས་སྡེ་དྲག་པོའོ།། ཁ་ཆ་ཐ་པ་ཚ་ཟ་ལ།། ཨ་བརྒྱད་ཆུ་སྡེ་འབྲིང་པོའོ།། ག་ཇ་ད་བ་ཛ་འ་ཤ།། བྷི་བརྒྱད་མེ་སྡེ་ཞན་པའོ།། ང་ཉ་ན་མ་ལྔ་ཡ་ས།། མྷིང་བརྒྱད་མཁའ་སྡེ་རྔུབ་པའོ།། འབྱུང་ཁུངས་སྡེ་ཚན་བརྒྱད་པོ་ལ།། ཡི་གེ་ལྔ་ལྔར་ཕྱེ་བ་ལས།། དང་པོ་ཀྵ་ཀ་ལ་སོགས་ལྔ།། མགྲིན་པའི་གནས་ལས་སྐྱེ་བ་ཡིན།། འོག་མ་བདུན་ཡང་དེ་བཞིན་ཏེ།། ཨེ་ཨོ་ཨུ་ཨི་ཨཾཿཥྚ།། སྡེ་ཚན་ལྷག་མ་བདུན་པོ་སྦྱར།། འབྱུང་ཁུངས་རིམ་པས་རྐན་ལྕེ་མཆུ།། སྣ་སོ་སྤྱི་ཁོག་བདུན་ལས་སྐྱེ།། འབྱུང་བ་རིམ་པས་ཤིང་མེ་ས།། ཆུ་རླུང་ལྕགས་རི་ནམ་མཁའོ།། ཡི་གེ་བཞི་བཞི་ཡོད་པ་ཡི།། ཀློག་པའི་ཐང་བབ་སྡེ་ཚན་བརྒྱད།། དབྱངས་ཡིག་ལྷག་མ་བརྒྱད་དང་བཅས།། ངེས་པའི་ཐོ་ཡིག་བཞི་བཅུར་འདོད།། རང་རང་སྡེ་ཚན་དེ་རྣམས་ལས།། ཀ་ཏ་པ་སྡེའི་མས་གཉིས་དང༌།། ཞ་སྡེའི་གསུམ་པ་ར་སོགས་ཀྱི།། གསུམ་པ་བོར་བ་རྗེས་འཇུག་སྟེ།། ས་མཐའ་ཅན་ཞེས་རྣམ་གྲངས་བཅུའོ།། དེ་རྣམས་ནང་ནས་ད་ས་གཉིས།། རྗེས་འཇུག་མཐར་ཡང་ཐོབ་པས་ན།། ཡང་འཇུག་ཅེས་སུ་གྲགས་པ་ཡིན།། རྗེས་འཇུག་བཅུ་བོའི་ནང་ནས་ཀྱང༌།། དང་པོ་གསུམ་ལྔ་དྲུག་དང་བདུན།། འ་མཐའ་ཅན་དུ་གྲགས་པ་སྟེ།། དེ་ལྔ་བོ་ནི་སྔོན་དུའང་འགྲོ། ཀ་སོགས་ལྷག་མ་ཉི་ཤུ་ནི།། སྔོན་རྗེས་གང་དུའང་འཇུག་མི་འགྱུར།། འཕུལ་ཅན་བརྒྱ་དང་བཞི་བསྟན་པ།། རྐྱང་འཕུལ་དང་ནི་བརྩེགས་འདོགས་འཕུལ།། རྐྱང་འཕུལ་བཞི་བཅུ་ཞེ་བརྒྱད་ནི།། ག་ཡིས་རྐྱང་འཕུལ་བཅུ་གཅིག་སྟེ།། དས་འཕུལ་དྲུག་དང་བས་འཕུལ་བཅུ།། མས་འཕུལ་བཅུ་གཅིག་འས་འཕུལ་བཅུ།། བརྩེགས་འདོགས་འཕུལ་ཅན་ལྔ་བཅུ་དྲུག། འདོགས་ཅན་ད་ཡིས་འཕུལ་བ་དགུ།། བ་ལ་བརྩེགས་འཕུལ་འདོགས་འཕུལ་དང༌།། སྦྲགས་འཕུལ་དང་ནི་གསུམ་ཡིན་ཏེ།། དེ་ཡང་བརྩེགས་འཕུལ་བཅུ་དགུ་ཡོད།། འདོགས་འཕུལ་དགུ་དང་སྦྲགས་འཕུལ་དྲུག ། དྲིལ་བས་སུམ་ཅུ་རྩ་བཞིའོ།། འདོགས་ཅན་མ་ཡིས་འཕུལ་བ་བཞི།། འ་ཡིས་འདོགས་འཕུལ་དགུ་ཡིན་ནོ།། ཅིས་ཀྱང་མི་འཕུལ་དྲུག་ཡོད་དེ།། ཝ་འ་ར་ལ་ཧ་ཨ་འོ།། མིང་གཞིའི་ཡི་གེ་གང་དང་གང༌།། ག་སོགས་རྗེས་འཇུག་རེ་རེས་ཀྱང༌།། ཀུན་གྱི་མཐའ་ནི་མ་རྟེན་མེད།། ད་སའི་ཡང་འཇུག་གཉིས་པོ་ལས།། ད་ནི་ན་ར་ལ་གསུམ་དང༌།། ས་ནི་ག་ང་བ་མར་དབང༌།། སྐབས་སྦྱོར་ཡན་ལག་བཅུ་བསྟན་པ།། ཀྵ་ནི་མགོ་ཡི་ལམ་འདྲེན་ཡིན།། ཨཿནི་ཚེག་དྲེག་བར་ཡང་འབྱེད།། ཥྚ་ནི་ཤད་དེ་མདོ་ཡང་གཅོད།། བྷི་ནི་ར་སྟ་མྷིང་ཡ་སྟ།། ཨི་ནི་གུ་གུ་ཨུ་ཞབས་ཀྱུ།། ཨེ་ནི་འགྲེང་བུ་ཨོ་ན་རོ།། ཨཾ་ནི་མ་བཞག་ཐིག་ལེ་ཡིན།། ཡ་སྟ་ཐོབ་པའི་ཡི་གེ་བདུན།། ཀ་ཁ་ག་པ་ཕ་བ་མ།། ར་སྟ་ཐོབ་པ་བཅུ་གཉིས་ཏེ།། ཀ་ཁ་ག་ཏ་ད་པ་ཕ།། བ་མ་ཤ་ས་ཧ་རྣམས་སོ།། ལ་བཏགས་ཐོབ་པ་དྲུག་ཏུ་ཡོད།། ཀ་ག་བ་ཟ་ར་ས་འོ།། ཝ་སྟ་ལྡན་པ་བཅོ་ལྔ་སྟེ།། ཀ་ཁ་ག་ཉ་ད་ཙ་ཚ།། ཞ་ཟ་ར་ལ་ཤ་ས་དང༌།། ཧ་ཨ་བཅས་པ་དེ་རྣམས་སོ།། ར་མགོ་ལྡན་པ་བཅུ་གཉིས་ཏེ།། ཀ་ག་ང་ཇ་ཉ་ཏ་ད།། ན་བ་མ་ཙ་ཛ་རྣམས་སོ།། ལ་མགོ་ལྡན་པའི་ཡི་གེ་བཅུ།། ཀ་ག་ང་དང་ཅ་ཇ་ཏ།། ད་དང་པ་བ་ཧ་རྣམས་སོ།། ས་མགོ་ལྡན་པ་བཅུ་གཅིག་ནི།། ཀ་ག་ང་དང་ཉ་ཏ་ད། ། ན་པ་བ་མ་ཙ་རྣམས་སོ།། ཞེས་བརྡ་སྤྲོད་པའི་བསྟན་བཅོས་ཉི་ཤུ་བདུན་པ་ལས།། ཡི་གེའི་སྦྱོར་གཞི་ངེས་བཟུང་དང་རྣམ་གྲངས་བསྟན་པ་སྟེ།། ལེའུ་དང་པོའོ།།
ལེའུ་གཉིས་པ། ཡི་གེའི་སྦྱོར་བ་བཤད་པ།།
དེ་ནས་མིང་གཞི་སྔོན་འཇུག་གསུམ།། སྦྱོར་ཚུལ་རིམ་པས་བཤད་པར་བྱ།། འབྱུང་ཆུང་སྡེ་ཚན་ལྔར་བྱས་པའི།། རླུང་སྡེ་བརྒྱད་དང་བྷི་མྷིང་གཉིས།། བོར་བའི་ལྷག་མ་སུམ་ཅུ་པོ།། སྡེ་ཚན་ལྔ་རུ་བསྡུ་དགོས་ཏེ།། ས་ཆུ་མེ་དང་མེ་ཡི་མེ།། སྡེ་ཚན་བཞི་ཡི་ཐོག་མ་ཡི།། ཡི་གེ་བཞི་བཞི་རང་སར་བཞག ། དེ་ལྷག་ཙ་ནི་ས་སྡེར་བཞག ། ཚ་ནི་ཆུ་སྡེ་ཛ་ནི་མེ།། ཝ་དང་དེ་ལྷག་ཞ་ཟ་འ།། ཡ་ཤ་ས་ཡང་མེ་སྡེར་སྦྱར།། ར་ལ་ཧ་གསུམ་མེ་ཙམ་མོ།། ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས།། མེ་ཡི་སྡེ་ཚན་ནང་ནས་ནི།། རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ།། གོ་རིམ་ཀ་མད་བཞིན་དུ་བཞག ། དེ་ལས་སྔོན་འཇུག་ལྔ་དབྱུང་བྱ།། དེ་རྣམས་ལ་ཡང་ཆུ་དང་ས།། ནམ་མཁའ་མེ་དང་བཞི་རུ་དབྱེ།། དང་པོ་གཉིས་ནི་ཆུ་ཡིན་ལ།། གསུམ་པ་ས་ཡིན་བཞི་བ་མཁའ།། ལྔ་བ་མེ་ཡི་ཡི་གེར་འདོད།། འཇུག་དང་མི་འཇུག་གང་ཞེ་ན།། ཆུ་གཉིས་ས་དང་མེ་ལ་འཇུག ། ས་ཡང་ས་མེ་གཉིས་ལའོ།། མཁའ་ནི་ཆུ་དང་མེ་གཉིས་ལ།། མེ་ནི་མེ་དང་ཆུ་ལ་འཇུག ། མི་འཇུག་ངེས་པ་འདི་རྣམས་ཏེ།། ཆུ་གཉིས་ཆུ་ལ་མི་འཇུག་ཅིང༌།། ས་ནི་ཆུ་ལ་འཇུག་པ་མིན།། མཁའ་ནི་ས་ལ་མི་འཇུག་སྟེ།། མེ་ནི་ས་ལ་འཇུག་མི་འགྱུར།། རང་གི་སྡེ་ཚན་དང་ཕྲད་ན།། ས་ཡང་མེ་ལ་མི་འཇུག་ཅིང༌།། ཆུ་མཁའ་མེ་ཡང་དེ་ལྟར་མཚུངས།། འཇུག་པའི་ཚུལ་ནི་ཇི་ལྟ་ན།། ཆུ་གཉིས་རན་པའི་ཚུལ་གྱིས་ཏེ།། ས་ནི་དྲག་པོར་འཇུག་པ་ཡིན།། མཁའ་ནི་མཉམ་པའི་ཚུལ་གྱིས་འཇུག ། མེ་ནི་ཞན་པའི་ཚུལ་གྱིས་སོ།། འཇུག་པའི་དགོས་པ་ཅི་ཞེ་ན།། ཆུ་ཡིག་གཉིས་ཀ་ད་ལྟའི་ཆེད།། ས་ནི་འདས་པ་སྟོན་ཕྱིར་དང༌།། ནམ་མཁའ་དུས་གསུམ་མཉམ་པའི་ཕྱིར།། མེ་ནི་མ་འོངས་བསྒྲུབ་ཕྱིར་རོ།། བྱ་བར་ཆུ་གཉིས་སྦྱར་བ་ན།། དེ་ཡི་བྱེད་པར་མེ་ཡང་འཇུག ། ས་འཇུག་པ་ཡི་བྱ་བ་དེའི།། བྱེད་པར་མེའམ་འཕུལ་མེད་དོ།། ནམ་མཁའ་འཇུག་པའི་བྱ་བ་ནི།། བྱེད་པ་གའམ་འཕུལ་མེད་ཀྱང༌།། མེ་འཇུག་པ་ཡི་བྱ་བྱེད་ནི།། གཉིས་ཀ་རང་ལས་གཞན་མ་ཡིན།། འ་མཐའ་ཅན་ནི་སྤངས་པ་ཡི།། བྱ་བྱེད་གཉིས་ཀ་མི་འགྱུར་རོ།། ལུས་སྲོག་གཉིས་ཀ་གཞན་འགྱུར་བའི།། བྱ་བྱེད་དག་ནི་ཅི་རིགས་སོ།། ད་ལྟ་བ་དང་བསྐུལ་ཚིག་གཉིས།། ཕལ་ཆེར་ཨོས་བརྒྱན་སྐུལ་ཚིག་ལ།། འ་མཐའ་ཅན་ནི་སྤངས་པ་མང༌།། དེ་ནས་རྗེས་འཇུག་བཅུ་བོ་ཡང༌།། ས་དང་མེ་ཆུ་གསུམ་དུ་དྲིལ།། ས་ནི་ག་ད་བ་ས་བཞི།། མེ་ནི་ང་མ་འ་དང་གསུམ།། ཆུ་ནི་ན་ར་ལ་གསུམ་མོ།། ས་ལ་རབ་འབྲིང་ཐ་མ་གསུམ།། མེ་ལ་མེ་དང་མེ་ཡི་མེ།། ཆུ་ལ་འགྱུར་དང་འགྱུར་ཙམ་དང༌།། འགྱུར་མེད་དང་ནི་གསུམ་ཡིན་ནོ།། འཇུག་ཚུལ་སྒྲ་དོན་གཉིས་ཡིན་ཏེ།། ས་གསུམ་མེ་གཉིས་ཆུ་གསུམ་པོ།། གདངས་སྐད་དྲག་ཞན་འབྲིང་དུ་འགྱུར།། དྲག་པོ་ས་གསུམ་ནང་ཕྲད་དམ།། འབྲིང་དང་ཞན་པ་ནང་ཕྲད་ཀྱང༌།། དེ་དག་ནང་གསེས་དྲག་ཞན་དབྱེ།། ཆུ་ཡིག་གསུམ་ལས་གང་ཡིན་པ།། དྲག་པོ་ནང་ཕྲད་དྲག་པོར་འགྱུར།། ཞན་པ་ནང་ཕྲད་ཞན་པར་འགྱུར།། གཉིས་ཀ་ཅན་དང་ཕྲད་པ་ན།། དེ་ཚེ་གཉིས་ཀ་ཅན་དུ་འགྱུར།། གཉིས་ཀ་ཅན་དང་མ་ཕྲད་ན།། དྲག་ཞན་གང་དུའང་མི་འགྱུར་རོ།། ཡང་འཇུག་འདས་བསྐུལ་ཕལ་ཆེར་ལའོ།། དོན་ནི་སྔ་མའི་སྦྱར་ཚུལ་དང༌།། ཕྱི་མའི་སྦྱོར་བ་གཉིས་ཡོད་དེ།། སྔ་མ་སྔོན་འཇུག་གང་བཞིན་སྦྱོར།། ཕྱི་མ་ཇི་ལྟར་སྦྱོར་ཞེ་ན།། དྲག་པོ་དྲག་པོའི་མིང་མཐར་སྦྱར།། འབྲིང་དང་ཞན་པའང་དེ་བཞིན་ནོ། ། རང་རང་མིང་མཐའི་སྒྲ་མཐུན་པའི།། རྣམ་དབྱེ་ཕྲད་སོགས་སྦྱོར་བའོ།། དེ་དག་དགོས་པ་བསྟན་པ་ནི།། ཡི་གེ་གཅིག་གམ་དུ་མ་འཚོགས།། དེ་ལས་མིང་ཕྱུང་མིང་ལས་ཚིག ། ཚིག་གིས་ལུགས་གཉིས་རྣམ་བཞག་གི།། དོན་རྣམས་མ་ལུས་སྟོན་པར་བྱེད།། སྤྱིར་ན་ཡི་གེ་མེད་པ་ན།། མིང་ཚིག་མེད་ཕྱིར་དོན་བརྗོད་མེད།། ཁྱད་པར་མེ་ཡིག་མེ་པ་ན།། འཇུག་པ་མེད་ཕྱིར་སྔོན་འཇུག་མེད།། སྔོན་འཇུག་དབྱངས་ནི་བརྩེགས་འདོགས་དང༌།། དབྱངས་རྣམས་ཡོད་དམ་མེད་པའང་རུང༌།། རྗེས་འཇུག་གང་རུང་ཞིག་མེད་ན།། ཡིག་སྦྱོར་མི་ནུས་དེ་ཡི་ཕྱིར།། གྲུབ་མཐའ་ཀུན་ལ་འཇུགལ་མི་ནུས།། དག་སྦྱོར་གསལ་བྱེད་མེད་པར་འགྱུར།། ཞེས་བརྡ་སྤྲོད་པའི་བསྟན་བཅོས་ཉི་ཤུ་བདུན་པ་ལས། ཡི་གེའི་སྦྱོར་བ་བཤད་པའི་ལེའུ་སྟེ་གཉིས་པའོ།།
ལེའུ་གསུམ་པ། མཚམས་སྦྱོར་བཤད་པ།
དེ་ནས་གོང་འོག་མཚམས་སྦྱོར་གྱི།། རྣམ་དབྱེ་ཕྲད་རྣམས་རིམ་པས་བཤད།། ཡི་གེ་རྐྱང་བ་འཕུལ་རྟེན་དང་། ། བརྩེགས་འདོགས་གང་དགོས་སྦྱར་བ་ཡིས། ། རང་རང་གི་ནི་མིང་གྲུབ་སྟེ། ། དོན་གྱི་ངོ་བོ་སྟོན་པར་འགྱུར། ། དེ་ལས་ཕ་རོལ་རྣམ་དབྱེ་སྟེ། ། རྗེས་འཇུག་གསུམ་ལྔ་བཅུ་མཐར་ཀྱ། ། དང་པོ་གཉིས་ལ་དང་པོ་དངོས། ། བཞི་དྲུག་བརྒྱད་དགུ་རྣམས་ལ་གྱ། ། བདུན་པར་ཡ་འམ་བདུན་པ་སྟེ། ། དེ་རྣམས་ཨི་སྦྱར་རྒྱན་གཉིས་དང་། ། རྣམ་དབྱེ་དྲུག་པ་འབྲེལ་བའི་ས། ། དེ་མཐའ་རྣམས་སུ་བཅུ་བ་བྱིན། ། རྣམ་དབྱེ་གསུམ་པ་བྱེད་པོ་སྟེ། ། སྐབས་འགར་རྒྱུ་མཚན་ཡང་ཡིན་ནོ། ། རྗེས་འཇུག་ཡི་གེ་བཅུ་བོ་ལས། ། བཅུ་བའི་ཕ་རོལ་བཅུ་བ་དང་། ། བདུན་པ་ལ་ནི་བརྒྱད་པ་སྦྱར། ། གཉིས་གསུམ་བཞི་དྲུག་བརྒྱད་དགུ་དང་། ། དྲག་ཅན་རྣམས་ལ་ཏ་ཡང་སྟེ། ། དེ་རྣམས་ཨི་ཡིག་སོ་སོར་སྦྱར། ། བརྒྱད་པ་བཞི་བ་དགུ་བ་གསུམ། ། རྐྱང་བ་བཞག་པ་བདུན་པོ་སྟེ། ། གཉིས་པ་ལས་དང་བཞི་བ་ཆེད། ། བདུན་པ་ལས་གཞི་དེ་ཉིད་དང་། ། ཚེ་སྐབས་ལྔ་སྟེ་ན་ལར་མཐུན། ། རྗེས་འཇུག་བཅུ་ལས་གཅིག་གཉིས་ལྔ། ། དྲུག་བདུན་རྣམས་ལ་སྟ་དང་སྦྱར། ། གསུམ་པ་ལ་ནི་གསུམ་པ་སྟེ། ། བཞི་བརྒྱད་དགུ་བཅུ་རྣམས་ལ་ཏ། ། དེ་དག་ཨེ་སྦྱར་ལྷག་བཅས་ས། ། དེ་ལས་གསུམ་པ་ཐོག་བར་མཐའ། ། གནས་པ་ཐ་སྙད་དབང་དུ་གསུམ། ། འདས་དང་ལྷག་བཅས་རྣམ་གྲངས་བརྗོད། ། དུས་ཀྱི་དབང་དུ་འདས་མ་འོངས། ། དངོས་པོའི་དབང་དུ་བདེན་པ་དང་། ། བདག་གི་བ་དང་ཕ་རོལ་པོ། ། གསང་བའི་དངོས་དང་བཞི་ཡིན་ནོ། ། མ་མཐའ་ཅན་གྱི་ཡི་གེ་བཅུ། ། རང་རང་མིང་མཐར་ཡོད་པ་དང་། ། དྲག་ཅན་མཐའ་རུ་ཏ་དང་བཅས། ། ཀུན་ལ་ཨོ་སྦྱར་རྫོགས་ཚིག་ཡིན། ། དེ་དག་ཨོ་ཕྱིས་དྲུག་པ་སྦྱར། ། རྣམ་པར་བརྟགས་པ་ཅན་ཡིན་ཏེ། ། འབྱེད་སྡུད་གཉིས་དང་ཐེ་ཚོམ་དང་། ། དྲི་དང་གདམ་ང་རྣམས་སུ་འགྱུར། ། ས་མཐའ་ཅན་ལས་བཞི་བ་དང་། ། དགུ་བ་གཉིས་ལ་བཅུ་བ་སྦྱར། ། དེ་དག་ལྔ་བ་འབྱུང་ཁུངས་ས། ། དགར་སྡུད་དང་ནི་ལྷག་བཅས་སོ། ། ཨི་ལྡན་གྱི་ནི་གཉིས་གསུམ་དང་། ། དབྱངས་རྣམས་སོ་སོར་དབྱེ་བལ། ། གཉིས་པ་བྱིན་པས་དང་པོ་དང་། ། གསུམ་ལྔ་བཅུ་ལ་དང་པོ་སྦྱར། ། ལྷག་མ་རྣམས་ལ་གཞན་གཉིས་སྦྱར། ། སྡུད་དང་མཐུན་མི་མཐུན་སྟོན་པའི། ། ཚིག་རྒྱན་གཉིས་སུ་འགྱུར་བ་ཡིན། ། ཡང་ནི་བསྐྱར་བསྣན་དོན་དུའང་འགྱུར། ། ས་མཐའ་ཅན་ལས་དང་པོ་དང་། ། གསུམ་ལྔ་རྣམས་ཀྱི་རྗེས་སུ་ཅ། ། བཅུ་བར་བདུན་པའི་གསུམ་པ་དང་། ། དེ་དག་དྲུག་པའི་དང་པོ་སྦྱར། ། ཨི་དང་གཉིས་པ་ཁ་ཁར་སྦྱར། ། དེ་ནི་ཚིག་གི་འཕྲོ་མཐུད་ཡིན། ། ས་མཐའ་ཅན་ཕྱིས་དང་པོ་སྦྱར། ། དེས་བཟུང་བསྐུལ་ཚིག་གསལ་བྱེད་དོ། ། བདུན་པ་བཅུ་བར་གཅིག་ཀྱང་ངོ། ། དེ་ཡི་དབྱངས་དང་རྟེན་ཡིག་བོར། ། ཁ་ཁར་ཨེ་དང་བཅུ་བ་ཕྱིན། ། བརྗོད་ཚིག་སྔོན་མའི་ངེས་བཟུང་ཡིན། ། ས་མཐའ་ཅན་ཕྱིས་ཕ་རོལ་དུ། ། རྗེས་འཇུག་བཞི་བ་དང་ལྡན་ན། ། དེ་ནི་ལན་དང་བཅས་པའོ། ། བཞི་བའི་གཉིས་པ་དབྱི་ལྷག་གསུམ། ། དང་པོ་གསུམ་བཞི་ལྔ་དྲུག་དང་། ། བཅུ་བ་རྣམས་ལ་ཐོག་མ་སྦྱར། ། བདུན་པ་ལ་ནི་བར་བ་སྦྱར། ། ལྷག་མ་ལ་ཡང་དེ་གཉིས་ཀ། ། ཕྱི་མ་ལ་སོགས་ཀུན་ལའོ། ། དང་པོ་ཨི་ལྡན་དང་པོ་ལ། ། གཉིས་པ་ཨུ་ལྡན་ལྷག་རྣམས་དང་། ། བདུན་པར་བདུན་པ་ཨུ་ལྡན་ཀྱང་། ། དབྱངས་ཕྱིས་གསུམ་གར་ཨོ་ཡིག་སྦྱར། ། ས་མཐའ་ཅན་ལ་དང་པོ་དང་། ། བདུན་པ་བར་བ་ཐམས་ཅད་ལ། ། ཕྱི་མ་སྦྱར་བ་བདག་པོའི་ས། ། གང་མིང་ཐོག་མར་ཕྱི་མ་ནི། ། རྐྱང་བར་གནས་སམ་ཨི་ལྡན་པ། ། སྔ་ཕྱི་ད་ལྟའི་ཁྱད་པར་ཏེ། ། དེ་ནི་དགག་པའི་སར་འདོད་དོ། ། གང་བརྗོད་པ་ཡི་ཐོག་མཐའ་རུ། ། ཀྱ་ལ་ཨེ་སྦྱར་བོད་པ་ཡིན། ། མིང་གང་གི་ནི་བར་མཐའ་ན། ། བཞི་བ་ཉིད་ལ་ཨི་སྦྱར་བ། ། དགག་བསྣན་གཉིས་དང་ཚིག་སྐོང་ཡིན། ། དང་པོར་གཉིས་པ་བྱིན་པ་དང་། ། ཨུ་ལྡན་གྱི་ནི་དང་པོ་དང་། ། གཉིས་པའི་དང་པོ་གསུམ་པ་ལ། ། ཨི་སྦྱར་མིང་གི་ཐོག་མཐའ་སྦྱར། ། དེ་དག་སྤྱི་ལ་ཁྱབ་པའི་ས། ། རང་རང་མིང་གི་བར་མཚམས་སུ། ། གསུམ་པ་ལ་ནི་གཉིས་པ་བྱིན། ། དེ་ནི་འབྱེད་དང་སྡུད་པ་དང་། ། ཚེ་སྐབས་རྒྱུ་མཚན་གདམ་ངག་ལྔའོ། ། ཕྲད་དང་རྣ་དབྱེ་གཞནརྣམས་ཀྱང་། ། དེ་རྣམས་དཔྱད་པས་གོ་བར་ནུས། ། ཞིབ་མོར་བཀོད་ཀྱིས་མི་ལང་ངོ། ། ཞེས་བརྡ་སྤྲོད་པའི་བསྟན་བཅོས་ཉི་ཤུ་བདུན་པ་ལས། མཚམས་སྦྱོར་བཤད་པའི་ལེའུ་སྟེ་གསུམ་པའོ། ། བདེར་བཤེགས་བཀའ་དང་བསྟན་བཅོས་ཀྱི། ། བརྡ་སྐད་གསལ་བྱེད་ཡི་གེ་སྟེ། ། དེ་ཙམ་མ་ཟད་ལུགས་གཉིས་ཀྱི། ། རྣམ་བཞག་ལམ་ཡངས་འགྱུར་མཐོང་ནས། ། གཞུང་ལུགས་འགའ་ལ་གོམས་འདྲིས་བློས། ། བཀའ་དང་ལུང་གི་དོན་བཏུས་ནས། ། ཡོན་ཏན་ཀུན་གྱི་གཞིར་གྱུར་བ། ། ཡི་གེའི་སྦྱོར་བ་འདི་ཉིད་བཀོད། ། འགལ་འཁྲུལ་ཉེས་པར་གྱུར་བ་གང་། ། སྐྱབས་ཡུལ་བཞི་ལ་བཟོད་པར་གསོལ། ། དགེ་ཚོགས་འདི་དང་དུས་གསུམ་དུ། ། རྣམ་དཀར་ཅི་བགྱིས་འགྲོ་ལ་བསྔོ། ། ཡུན་དུ་གཤེན་བསྟན་དར་རྒྱས་ཤིང་། ། དེ་འཛིན་སྐྱེས་བུའི་ཞབས་པད་བརྟན། ། འགྲོ་རྣམས་བློ་མུན་ཀུན་སངས་ནས། ། མཁྱེན་པའི་ཡེ་ཤེས་རྒྱས་པར་ཤོག ། ཅེས་པ་བརྡ་སྤྲོད་པའི་བསྟན་བཅོས་ཉི་ཤུ་བདུན་པ་ཞེས་བྱ་བ། སྙིགས་མའི་འདྲེན་པ་གཤེན་སྟོན་ཏིན་པོ་ཆེ་མི་འགྱུར་གཙུག་ཕུད་དབང་རྒྱལ་གྱིས། འདི་བཞིན་དགོས་ཚུལ་གྱི་བཀའ་རང་ལོ་ཉེར་ལྔ་བ་མེ་ཡོས་ལོར་སྤྱི་བོར་ཕེབས་པ་དང་། སླར་ཡང་བཀའ་གསུང་ཡང་ཡང་བབས་པས་བཀའ་བཞིན་དང་དུ་ལེན་པ་ཡིད་ལ་བརྣགས་ཀྱང་། རྣམ་གཡེང་ཁོལ་བོར་འཕྱན་པ་ཟིན་མེད་ཀྱི་དབང་གིས་རེ་ཞིག་ལྷོད་ཤོར་དུ་འགྱང་ཡང་། རང་ལོ་ཉེར་དགུ་བ་ལྕགས་ལུག་ལོར་རང་ཉིད་ཀྱང་གཤེན་གྱི་བསྟན་ལ་སྲི་ཞུ་བགྱིད་བློས་ཀུན་ནས་བླངས་ཏེ། གང་དེའི་ཞབས་རྡུལ་སྤྱི་བོར་ལེན་པ་ཐོས་ཆུང་ཚུལ་ཁྲིམས་ཕུན་ཚོགས་ཞེས་པ་བདག་གིས་བསྡེབས་ཤིང་བརྩམས་པ་རྫོགས་སོ། ། དགེའོ། ། ཤེས་བྱ་ཀུན་གཞི་བརྡ་སྤྲོད་ནོར་བུའི་ཕྲེང་། ། རབ་བཀྲ་པར་གྱི་མགྲིན་པར་ལེགས་བསྟར་ཏེ། ། བློ་གསལ་འདུ་གནས་དཔལ་ལྡན་གཡུང་གླིང་ནས། ། བསྟན་འགྲོར་རིས་མེད་ཕན་བདེའི་རྒྱུ་རུ་སྤེལ། ། བཀྲ་ཤིས།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།