དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་བསྟན་པ།

དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་བསྟན་པ།
ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།

༄༅། ། དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་ནི། ཀྴ་ཀ་ཁ་ག་ང་ཧ་ཨ་ཨཾ་ནམ་མཁའི་ཁམས་ཨཱོྃ་ལས་བྱུང་། ཨེ་ཅ་ཆ་ཇ་ཉ་ར་བྷི་ཥྚ་མེ་ཁམས་རཾ་ལས་བྱུང་། ཨོ་ཏ་ཐ་ད་ན་ལ་མྷིང་ས་ཁམས་སྲུཾ་ལས་བྱུང་། ཨུ་པ་ཕ་བ་མ་ཟ་འ་ཨཿཆུ་ཁམས་ཁཾ་ལས་བྱུང་། ཨི་ཙ་ཚ་ཛ་ཝ་ཡ་ཤ་ཞ་རླུང་ཁམས་ཡཾ་ལས་བྱུང་།
འབྱུང་ཆུང་སྡེ་ལྔ་ལ། ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྚ། རླུང་སྡེ་ཆེན་པོ་སྟེ་གསལ་བྱེད་ཀུན་ལ་ཁྱབ་པའོ། ཁ་ཅ་ཏ་པ་ཙ་ཞ་ར་ཧ། དྲག་པོ་སྡེའོ། ཁ་ཆ་ཐ་ཕ་ཙ་ཟ་ལ་ཨ། འབྲིང་བོ་ཆུ་སྡེའོ། ག་ཇ་ད་བ་ཛ་འ་ཤ་བྷི། ཞན་པ་མ་སྡེའོ། ང་ཉ་ན་མ་ཝ་ཡ་ས་མྷིང་། རྔུབ་པ་ནམ་མཁའ་སྡེའོ།
སྒྲའི་སྐྱེ་གནས་བརྒྱད་ནི། ཀྴ་ཀ་ཁ་ག་ང་། མགྲིན་སྐྱེས་ཤིང་ཁམས་སོ། ཨེ་ཅ་ཆ་ཇ་ཉ། མེ་ཁམས་རྐན་ནས་སྐྱེས། ཨོ་ཏ་ཐ་ད་ན། ས་ཁམས་ལྕེ་ནས་སྐྱེས། ཨུ་པ་ཕ་མ་ཆུ་ཁམས་མཆུ་ནས་སྐྱེས། ཨོ་ཏ་ཐ་ད་ན་ས་ཁམས་སྣ་ནས་སྐྱེས། ཨཾ་ཞ་ཟ་འ་ཡ་ལྕགས་ཁམས་སོ་ནས་སྐྱེས། ཨཿར་ལ་ཤ་ས་མེ་ཁམས་སྤྱི་བོ་ལས་སྐྱེ། ཥྚ་ཧ་ཨ་བྷི་མྷིང་ནམ་མཁའི་ཁམས་ཁོག་པ་ནས་སྐྱེའོ། །
ཐང་བབ་ཀྱི་གོ་རིམ་ནི། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བྷི་མྷིང་། ཀྴ་ཨི་ཨེ་ཨུ་ཨོ་ཨཾ་ཨཿཥྚ། རྗེས་འཅུག་བཅུ་ནི། ག་ང་ད་ན་བ་མ་འ་ར་ལ་ཤ་ས། སྔོན་འཅུག་ལྔ་ནི། ག་ད་བ་མ་འ། སྔོན་རྗེས་གང་ལའང་མི་འཇུག་པའི་མིང་གཞི་ཉི་ཤུ་ནི། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཨ་རྣམས་སོ། སྔོན་རྗེས་འཇུག་ཡུལ་ས་ཡིག་ནི་ཀ་ཅ་ཏ་པ་ཙ་ལྔའོ། ཆུ་ཡིག་ནི་ཁ་ཆ་ཐ་ཕ་ཚ་ལྔའོ། མེ་ཡིག་ནི་ག་ཇ་ད་བ་ཚ་ཝ་ཞ་ཟ་འ་ཡ་ཤ་ས་བཅུ་གཉིས་སོ། མེའི་མེ་ནི། ང་ཉ་ན་མ་བཞིའོ། མེ་ཙམ་ནི་ར་ལ་ཧ་གསུམ་མོ། སྲོག་སྤྱི་ནི་ཨའོ། མེ་སྡེའི་ནང་ནས་རྗེས་འཇུག་ག་ད་བ་འ་ས་ལྔ་མེའི་ནང་ནས་བྱུང་ངོ་། རྗེས་འཇུག་གི་གོ་རིམ་གོང་དང་འདྲ་ལ་ན་ར་ལ་ཆུ་ཁམས་སོ། ང་ན་མ་གསུམ་མེའི་མེ་ནས་བྱུང་། ར་ལ་གཉིས་མེ་ཙམ་ནས་བྱུང་ངོ་། རྗེས་འཇུག་གི་གོ་རིམ་གོང་དང་འདྲ་ལ་ཁམས་ནི། ག་ད་བ་ས་ས་ཁམས་སོ། ང་མ་འ་མེ་ཁམས་སོ། ན་ར་ལ་ཆུ་ཁམས་སོ། དེའི་ནང་ནས་བྱུང་བའི་སྔོན་འཇུག་གི་གོ་རིམ་ནི། ག་ད་ཆུའོ། བ་སའོ། མ་ནམ་མཁའོ། འ་མེའོ།
ཨི་ལྡན་གྱི་རྐྱེན་ནི། ཀྱི་གི་གྱི་ཡི་འི་དང་། ཀྱིས་གིས་གྱིས་ཡིས་འིས་སོ། ཨུ་ཡིག་གི་རྐྱེན་ནི་སུ་རུ་དུ་ཏུ་ར་ན་ལ། ཨེ་ཡིག་གི་རྐྱེན་ནི་སྟེ་ཏེ་དེའོ། ཨོ་ཡིག་གི་རྐྱེན་ནི་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་རྣམས་རྫོགས་ཚིག་གོ ཞར་བྱུང་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ་རྣམ་པར་བརྟག་པ་ཅན་ནོ། ཨ་ཡིག་གི་རྐྱེན་ནས་ལས་གཉིས་འབྱུང་ཁུངས་དགར་སྡུད་ལྷག་བཅས་སོ། ཀྱང་ཡང་འང་ཚིག་རྒྱན་གཉིས་དང་སྡུད་པའོ། ཅི་རིགས་པའི་རྐྱེན་ནི། ཅིང་ཤིང་ཞིང་། ཅིག་ཤིག་ཞིག ཅེས་ཤེས་ཞེས། ཅེ་ན་ཤེ་ན་ཞེ་ནའོ། བདག་སྒྲ་ནི་པ་བ་མ། པུ་བུ་མུ། པོ་བོ་མོའོ། དགག་སྒྲ་ནི་མ་མིའོ། ཕྲད་རང་དབང་ཅན་ལས། བོད་པ་ཀྱེ་ཀྭའོ། དགག་བསྣན་ཙིག་སྐད་ནི། སྤྱི་ཁྱབ་སྒྲ་གང་སུ་ཅི་ཇི་འབྱེད་སྡུད་ཚེ་སྐབས་རྒྱུ་མཚན་གདམས་ངག་ལ་འཇུག་པའོ། དེ་དག་འཇུག་ཚུལ་ཞིབ་པ་གཞུང་འགྲེལ་ལ་གསལ་ལོ། ། བཀྲ་ཤིས། །
བདེ་གཤེགས་གསུང་གི་ངོ་བོ་ཉིད། ། རྗེ་བཙུན་ཕྱྭ་ལ་གུས་བཏུད་ནས། ། མགོན་ཁྱོད་མཁྱེན་བརྩེའི་འོད་དཀར་གྱིས། ། བདག་བློའི་ཀུད་མུད་རྒྱས་པར་མཛོད། ། བོད་ཀྱི་བརྡ་ལ་མཀས་འདོད་ཀྱི། ། བློ་གསལ་རྣམས་ལ་ཕན་བྱའི་ཕྱིར། ། ཕྲད་དང་རྣམ་དབྱེ་ཡི་ཚུལ་ནི། ། གོ་སླ་ཉུང་ངུར་བཤད་པར་བྱ། ། ཨི་ཡིག་གི་ནི་རྐྱེན་རྣམས་ནི། ། ཀྱི་གི་གྱི་ཡི་འི་དང་ལྔ། ། རྗེས་འཇུག་མཐའ་དང་མཐུན་ལུགས་བཤད། ། ད་བ་ས་ཀྱི་ག་ང་གི། ། ན་མ་ར་ལ་བཞི་བོར་གྱི། ། འ་མཐའ་ཅན་དང་མཐའི་རྟེན་མེད། ། ཕྲད་ཀྱི་སྦྱོར་བ་གཅིག་པའི་ཕྱིར། ། ཚིག་བཅད་ཚང་ན་འི་སྦྱོར་ཞིང་། ། ཚིག་རྐང་མ་ཚང་ཡི་ཐོབ་བོ། ། དེ་ནི་དྲུག་པ་འབྲེལ་སྒྲ་སྟེ། ། སྐབས་འགར་ཚིག་རྒྱན་གཉིས་ལའང་འཇུག ། དེ་ལྔ་ལ་ནི་ས་མཐའ་སྦྱར། ། རྣམ་དབྱེ་གསུམ་པ་བྱེད་པའི་སྒྲ། ། སྐབས་འགར་རྒྱུ་མཚན་ལའང་འཇུག ། ཨུ་ཡིག་རྐྱེན་ནི་ཏུ་དུ་རུ། ། སུ་ར་ན་ལ་དང་བཅས་པ། ། ག་བ་ད་དྲག་ཅན་མཐར་ཏུ། ། ང་ད་ན་མ་ར་ལ་དུ། ། འ་མཐའ་ཅན་དང་མཐའ་རྟེན་མེད།། ཀུན་ལ་ཚིག་རྐང་ཚང་ན་ར། ། ཚིག་རྐང་མ་ཚང་རུ་ཐོབ་བོ། ། ས་མཐར་སུ་སྦྱར་ན་ལ་གཉིས། ། རཇེས་འཇུག་ཡི་གེར་ལྟོས་པ་མེད། ། དེ་དག་རནམ་དབྱེ་གང་ཞེ་ན། ། གཉིས་པ་ལས་དང་བཞི་བ་ཆེད། ། བདུན་པ་གནས་གཞིའམ་རྟེན་གནས། ། ཚེ་སྐབས་དང་ནི་དེ་ཉིད་དོ། ། ཨེ་ཡིག་རྐྱེན་ནི་སྟེ་ཏེ་དེ། ། ག་ད་བ་མ་འ་མཐར་སྟེ། ། ན་ར་ལ་ས་བཞི་བོར་ཏེ། ། ད་དེ་དེ་དག་ལྷག་བཅས་ཡིན། ། དེ་ནི་ཐ་སྙད་དབང་དུ་གསུམ། ། འདས་དང་ལྷག་བཅས་རྣམ་གྲངས་བརྗོད། ། དངོས་པོའི་དབང་དུ་བཞི་ཡིན་ཏེ། ། བདག་གི་བ་དང་ཕ་རོལ་པོ། ། གསང་བའི་དངོས་དང་དེ་ཉིད་དང་། ། དུས་ཀྱི་དབང་དུ་འདས་མ་འོངས། ། ཨོ་ཡིག་གི་ནི་རཀྱེན་བཅུ་གཅིག ། གོ་ངོ་དོ་ནོ་བོ་མོ་འོ། ། རོ་ལོ་སོ་དང་ཏོ་རྣམས་ཏེ། ། རྗེས་འཇུག་རང་རང་ཡོད་རྗེས་སུ། ། རང་རང་ཨོ་ལྡན་སྦྱོར་བ་དང་། ། ད་དྲག་ཅན་ལ་ཏོ་སྦྱོར་རོ། ། དེ་ནི་སླར་སྡུའམ་རྫོགས་ཚིག ། ཨཾ་རྐྱེན་གམ་ངམ་དམ་ནམ་བམ། ། མམ་འམ་རམ་ལམ་སམ་ཏམ་བཅས། ། བཅུ་གཅིག་རྣམ་པར་བརྟག་པ་ཅན། ། དྲི་བ་ཐེ་ཚོམ་གདམ་ང་དང་། ། འབྱེད་སྡུད་ལའང་སྐབས་འགར་འཇུག ། རྗེས་འཇུག་མཐའ་དང་མཐུན་ལུགས་ནི། ། རྫོགས་ཚིག་སྐབས་དང་འདྲ་བར་ཤེས། ། ཨང་ཡིག་རྐྱེན་ནི་ཀྱང་ཡང་འང་། ། ག་ད་བ་ས་ད་དྲག་ཅན། ། རྗེས་སུ་ཀྱང་དང་ང་འ་ན། ། མ་ར་ལར་ཡང་མཐའ་རྟེན་མེད། ། འང་དང་ཚིག་རྐང་མ་ཚང་ཡང་། ། དེ་ནི་ཚིག་རྒྱན་མཐུན་མི་མཐུན། ། སྡུད་པ་རྣམས་སུ་ཤེས་པར་བྱ། ། པ་བ་གཉིས་ཀྱི་ཐོབ་ཚུལ་ནི། ། ག་ད་ན་བ་མ་ས་དང་། ། ད་དྲག་ཅན་ལ་པ་སྦྱོར་ཞིང་། ། ང་འ་ར་ལ་མཐའ་མེད་མཐར། ། བ་ཕྱེད་ཝར་འབོད་རྣམས་ལ་བ། ། དེ་མིན་གཞན་ལ་པ་སྦྱོར་རོ། ། དེ་དག་བདག་པོའི་སྒྲ་རུ་འགྱུར། ། ཅི་རིགས་རྐྱེན་ནི་འདི་ལྟར་ཏེ། ། ཅིང་ཤིང་ཞིང་གསུམ་འཕྲོ་མཐུད་ཡིན། ། ཅེས་ཤེས་ཞེས་གསུམ་བརྗོད་པའི་ཚིག ། སྔོན་མ་དེ་ཡི་ངེས་བཟུང་ཡིན། ། དེ་དང་འདྲ་བའི་ཚིག་ཕྲད་ནི། ། ཅེ་ན་ཞེ་ན་ཤེ་ན་དང་། ། ཅེ་འོ་ཞེ་འོ་ཤེ་འོ་རྣམས། ། ལན་དང་བཅས་པའི་སྒྲ་རུ་འགྱུར། ། ཅིག་ཞིག་ཤིག་ནི་བསྐུལ་ཚིག་གམ། ། གསལ་བྱེད་ཡིན་ནི་དེ་རྣམས་ནི། ། རྗེས་འཇུག་མཐའ་དང་མཐུན་ལུགས་ནི། ། ག་ད་བ་མཐར་ཅིང་སོགས་སྦྱོར། ། ང་ན་མ་འ་ར་ལ་དང་། ། མཐའ་རྟེན་སྤངས་རྗེས་ཞིང་སོགས་སྦྱོར། ། ས་མཐར་ཤིང་ཤེས་སོགས་ལྔ་སྦྱོར། ། མ་དང་མི་ནི་མིང་གང་གི། ། ཐོག་མར་སྦྱར་བ་དགག་པ་སྟེ། ། མ་ནི་འདས་དང་མ་འོངས་དང་། ། མི་ནི་ད་ལྟ་བ་ཡིན་ནོ། ། པུ་བུ་འུ་དང་པོ་བོ་འོ། ། བདག་པོའི་སྒྲ་དང་ཆ་མཐུན་ཡིན། ། ག་མཐར་པུ་དང་གཞན་རྣམས་བུ། ། འུ་ནི་མཐའ་རྟེན་མེད་ལའོ། ། པོ་ནི་ག་ང་ད་ན་བ། ། མ་ར་ལ་སའི་མཐའ་རུ་སྦྱར། ། བོ་དང་འོ་ནི་ལེན་མེད་དང་། ། འ་ཡིག་རྗེས་སུ་ཐོབ་པ་སྟེ། ། གསལ་འགྱུར་འ་ནི་ཀུན་གྱིས་དོར། ། བདག་པོའི་དངོས་སྒྲ་པོ་འདི་ཉིད། ། རྗེས་འཇུག་མཐའ་ལ་ལྟོས་པ་མེད། ། ཀྱེ་དང་ཀྭ་ནི་བོད་པའི་བརྡ། ། མིང་དང་ཚིག་གི་ཐོག་མཐར་འཇུག ། ཀྱི་ནི་ཡུལ་མཆོག་རྣམས་ལ་ཐོབ། ། ཀྭ་ནི་མཆོག་མིན་རྣམས་ལའོ། ། གང་སུ་ཅི་ཇི་སྤྱི་ཁྱབ་སྒྲ།། སྙེས་སྲིད་ལྟར་བཞིན་སྐད་ལ་ཇི། ། ཞིག་སྟེ་སླར་སྒྲ་ཕྱིར་ལ་ཅི། ། ཞིག་དང་ཅི་དང་ཇི་ཡང་རུང་། ། གང་སུ་ཅི་གསུམ་མིང་གང་གི། ། ཐོག་མཐའ་ཀུན་ཏུ་འབྱུང་བ་ཡིན། ། ཇི་ནི་ཐོག་མ་ཁོ་ནའོ། ། གང་དང་ཅི་ནི་དངོས་ཀུན་ལ། ། འཇུག་ཅིང་སུ་ནི་གང་ཟག་ལའོ། ། ནི་ཞེས་ཚིག་གི་ཁ་སྐོང་དང་། ། ངོས་བཟུང་དང་ནི་བསྣན་པའོ། ། དང་ནི་འབྱེད་དང་སྡུད་པ་དང་། ། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། ། ཧ་ལྡན་ནས་ལས་འབྱུང་ཁུངས་དང་། ། དགར་སྡུད་ལྷག་བཅས་རྒྱུ་མཚན་ནོ། ། ན་ར་ལ་གསུམ་ཤམ་བུ་རུ། ། སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། ། ཕྱི་མས་དངོས་སུ་མི་སྦྱོར་ཡང་། ། ད་དྲག་ཐོབ་ངེས་རྣམས་ལ་ནི། ། ཕྲད་དང་རྣམ་དབྱེ་གང་སྦྱོར་ཡང་། ། ད་མཐའ་ཡོད་པ་ཇི་བཞིན་སྦྱར། ། མཐའ་རྟེན་མེད་པའི་མིང་ཚིག་ཕྲད། ། འ་མཐའ་ཅན་དང་ཐོབ་ཐང་འདྲ། ། ཅི་ཕྱིར་རྗེས་འཇུག་མེད་པ་ཡི། ། ཡི་གེའི་སྦྱོར་བ་མི་སྲིད་ཅིང་། ། འ་མཐའ་འགའ་ཙམ་མ་གཏོགས་པ། ། ཡིག་ཚོགས་ཉུང་ཕྱིར་བསྡུས་པའོ། ། གསུང་རབ་རྒྱ་མཚོའི་གོས་ཅན་ལ། ། འབད་རྩོལ་དཔྱིད་དཔལ་རབ་དར་བས། ། བརྡ་སྦྱོར་རྐང་འཐུང་རྒྱས་པའི་རྩེར། ། ལེགས་བཤད་གཡུར་ཟའི་ཕྱུག་འདི་མཚར། ། འདི་ལ་སྡེབ་ཉེས་གྱུར་སྲིད་ན། ། སྐྱབས་གནས་གསུམ་ལ་བཟོད་པར་གསོལ། ། རྣམ་དཀར་དགེ་ཚོགས་གང་མཆིས་ཀྱིས། ། དོན་གཉེར་བློ་གྲོས་རྒྱས་གྱུར་ཅིག ། ཁོ་བོ་ཚུལ་ཁྲིམས་རྒྱལ་མཚན་གྱིས། ། གཞན་ཕན་བསམ་པས་འདི་བཀོད་པས། ། མཁའ་མཉམ་ཡིད་ཅན་མ་ལུས་པ། ། རྫོགས་པའི་བྱང་ཆུབ་གྱུར་ཐོབ་ཤོག ། བཀྲ་ཤིས་སོ། ། བརྡ་སྤྲོད་གཞུང་ལས་ཁོལ་ཕྱུང་བའི། ། ངོས་འཛིན་བདེ་ཁྱེར་པར་སྦྱིན་འདི། ། མཁན་མིང་ཤེས་བློས་གཡུང་གླིང་ནས། ། སྤེལ་བ་བརྟན་གཡོའི་དཔལ་གྱུར་ཅིག། །། དགེའོ།། །།

དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་བསྟན་པ།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།