སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ཅེས་བྱ་བ་བཞུགས།

སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ཅེས་བྱ་བ་བཞུགས།
མཛད་པ་པོ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན།

   ༄༅། །སཾ་སྐྲྀ་ཏའི་སྐད་དུ། ག་བི་རཧྲ་བ་ཏི་ན་མ། བོད་སྐད་དུ། སྙན་ངག་རིན་ཆེན་ལྡེ་མིག་ཅེས་བྱ་བ། བདེར་གཤེགས་གསུང་གི་ལྷ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་སྤྱི་གཟུགས་བླ་མ་རྗེ། །སྤངས་རྟོགས་ཕུན་ཚོགས་རྫོགས་སངས་རྒྱས། ། བདེན་གཉིས་ཟུང་འབྲེལ་གཡུང་དྲུང་བོན།  །གཤེན་རབ་སེམས་དཔའི་ཚོགས་བཅས་བསྟོད།  །ཁྱད་པར་ལམ་འདིའི་སྲོལ་འབྱེད་པ།  །ཐུགས་རྗེ་ཐབས་མཁས་ཤེས་རབ་ཕུལ།  །སྟག་གཟིག་རྒྱ་ཞང་བོད་པཎ་ལ།  །རྩེ་གཅིག་དད་པའི་མེ་ཏོག་འབུལ།  །བདག་འདྲའི་བློ་ཆུང་ཁོང་དགེ་རྣམས།  །རྩོམ་པ་ནོར་བུའི་བང་མཛོད་ལ།  །འཇུག་ཐབས་རིན་ཆེན་ལྡེ་མིག་ཅེས།  །གཤེན་བསྟན་མཛེས་པའི་རྒྱན་དུ་གཟབས། །

ལེའུ་དང་པོ། ལུས་སྲོག་ཐུན་མིན་གྱི་རྒྱན་བསྟན་པ།

     དགོས་སོགས་ཁྱད་པར་བཞི་ལྡན་གྱི།  བརྗོད་པ་ཡིད་འོང་སྙན་ངག་སྟེ།  །ངོ་བོ་ལུས་སྲོག་རྒྱན་དང་གསུམ།  །བརྗོད་པའི་ཡན་ལག་ཇི་སྙེད་ཀྱི།  །གྱེས་གཞི་གྱུར་པའི་སྙན་བྱ་ལུས། །ངོ་བོ་མིང་ཚིག་ཡི་གེ་གསུམ། །འདོད་རྒྱལ་རྗེས་གྲུབ་གང་རུང་གི །བརྡར་བརྟེན་དོན་དེ་གོ་བྱེད་མིང་།  །དངོས་དང་བཏགས་མིང་རྣམ་པ་གཉིས།  །འདོད་རྒྱལ་ཐོག་མའི་བརྡར་བརྟེན་ནས།  །དོན་དེ་གོ་བྱེད་དངོས་མིང་སྟེ། །མིང་སྒྲ་རིག་སྒྲ་གཉིས་སུ་ཤེས། །གནས་སྐབས་གཞན་མིང་གཡར་བའི་བརྡས།  །དོན་དེ་གོ་བྱེད་བཏགས་མིང་སྟེ།  །འདྲ་དང་འབྲེལ་བའི་སྒོ་ནས་གཉིས།  །འབྲེལ་བ་རྒྱུ་འབྲས་ཚོགས་པ་དང་།  །ཡ་གྱལ་རྣམ་པ་བཞི་རུ་གསུངས།  །མིང་ཚོགས་འདུས་པའི་བརྡར་བརྟེན་ནས།  །དོན་ཁྱད་སྟོན་པའི་མཉན་བྱ་ཚིག  །དོན་དང་མཐུན་དང་མི་མཐུན་གཉིས།  །དེ་ཡང་བཅད་ལྷུག་སྤེལ་མ་གསུམ།།ཤད་བར་ཚེག་གྲངས་མཉམ་པ་ཡི།  །རྐང་ཚན་བསྡེབས་པ་བཅད་པ་སྟེ།  །རྐང་བ་གཅིག་ནས་ཉེར་བདུན་བར།  །རིམ་བཞིན་ཟླ་བའི་ཕྲེང་བ་དང་།  །མེ་ཏོག་ཚོམ་བུ་ཡོན་ཏན་དཔལ།  །རྒྱ་མཚོའི་རླབས་དང་མཁྱེན་པ་འོད།  །སྟག་མོ་རྣམ་བརྩེ་གཞོན་ནུ་རོལ།  །འཁོར་ལོ་རྔམ་ཡན་རྐྱང་པའི་གྲངས།  །ཚངས་པའི་དབྱངས་དང་དབང་པོའི་གཏེར།  །ཞི་བའི་བློ་གྲོས་སེང་གེ་རོལ།  །དྲི་མེད་འོད་འཕྲོ་རྣམ་པར་རོལ།  །མེ་ཏོག་ཕྲེང་མཛེས་ཉི་འོད་རྒྱན།  །གཡུང་དྲུང་སྤེལ་ལེགས་རྒྱུ་སྐར་ཕྲེང་།  །རྗེས་འབྲེལ་རེ་བཅས་ཁུག་པའི་གྲངས།  །དེ་ཕྱིན་རབ་བསགས་ལྷུག་པའི་སྡེ།  །ཤད་བར་བཞི་ལ་ཤོ་ལོ་ཀ  །དེ་བསགས་མི་ཡི་དག་ཚིག་དང་།  །གཤེན་གྱི་མཁྱེན་ཚིག་བོན་གྱི་ནི།  །སྡོམ་ཚིག་བམ་པོ་འབུམ་ལ་སོགས།  །སྙན་ངག་ཆེན་པོ་ཞེས་སུ་གྲགས།  །སྡེབ་སྦྱོར་སྒོ་ནས་ཡི་གེ་དང་།  །ཕྱི་མོ་བགྲངས་པའི་ཁྱད་པར་གྱིས།  །ཤྲིངྷ་ཛ་ཏི་གཉིས་སུ་ངེས།  །རྣམ་བཤད་སྡེབ་སྦྱོར་གཞུང་ལས་ཤེས།  །རིགས་ཀྱི་སྒོ་ནས་གྲོལ་བ་དང་།  །རིགས་མཛོད་འདུས་པ་བཞི་རུ་བཤད།  །ཚིགས་བཅད་གཅིག་གི་བརྗོད་བྱའི་དོན།  །རྫོགས་པར་སྟོན་ནུས་གྲོལ་བ་སྟེ།  །དུང་སེང་པད་ཉི་ཟླ་བའི་སྟེང་།  །བུམ་པ་མེ་ལོང་བཅུ་གསུམ་རྒྱན།  །འཆང་བའི་གསེར་མདངས་འཇོ་སྒེག་ཅན།  །རྒྱལ་ཡུམ་ཤེས་རབ་བྱམས་མ་བསྟོད།  །ཡུལ་གཅིག་བརྗོད་བྱའི་ཤོ་ལོ་ཀ  །དུ་མ་བྱ་ཚིག་གཅིག་གསལ་རིགས།  །མཚར་སྡུག་ཆ་ཤས་ཡོངས་རྫོགས་ཤིང་།  །རྗེས་བརྩེའི་འཛུམ་དཀར་འབུམ་གཡོ་བའི།  །བཞིན་བཟང་ཉ་རྒྱས་ཟླ་བ་ནི།  །སེམས་དཔའ་སྐར་ཚོགས་དབུས་ན་སྤ།  །ཨུཏྤལ་མཐིང་ཀའི་མདངས་ཆགས་པའི།  །སྨིན་མ་འཁྱོག་པོའི་གོང་རས་དང་།  །གཞའ་ཚོན་འཁྱིལ་འདྲའི་འོད་རིས་ཅན།  །དཀྱུས་རིང་རྣམ་བཀྲ་ཀུན་དགའི་དཔལ།  །མཆུ་སྒྲོས་ཧ་ལོ་དམར་པོའི་དབུས།  །ཚེམས་ཕྲེང་ཟེའུ་འབྲུ་ཚར་དངར་བའི།  །གཤེན་ལྷའི་ཞལ་དཀྱིལ་ལྟ་ན་སྡུག  །མཐོང་ཐོས་དད་པའི་སྤུ་ལོང་རྒྱས།  །བརྗོད་དོན་སྣ་ཚོགས་ཚིགས་བཅད་དང་།  །གཅོད་མཚམས་བྱེད་ཚིག་ངེས་མེད་མཛོད།  །འཇམ་མཉེན་ཞི་བའི་ལང་ཚོ་ལ།  །མཛེས་སྡུག་འོད་ལྔའི་དྲྭ་བ་ཅན།  །ལྟ་བའི་དབང་པོ་དོན་ཡོད་བྱེད།  །གསུང་དབྱངས་ཚངས་པའི་ཏམ་བུ་ར།  །ཐེག་སྒོའི་སྙན་འགྱུར་གྲངས་མེད་ཀྱིས།  །ཐོས་ལྡན་བསྐལ་བཟང་དཔལ་ལ་བཀོད།  །ཐུགས་ཉིད་མཐིང་མཆོག་དྭངས་མའི་མཁར།  །མཁྱེན་བརྩེའི་འོད་མདངས་རབ་རྒྱས་པས།  །ཇི་ལྟ་ཇི་སྙེད་ས་ལེ་བ།  །སངས་པོ་འབུམ་ཁྲི་སྐྱེ་དགུའི་མགོན།  །ཡུལ་གཅིག་བརྗོད་པའི་ཤོ་ལོ་ཀ  །དུ་མ་བྱེད་ཚིག་མང་བ་འདུས།  །རྣམ་འདྲེན་རྒྱལ་བ་གཤེན་གྱི་གསུང་།  །ལེགས་ཟབ་འཕྲུལ་ངག་བདེན་པའི་བོན།  །ཐོས་པའི་བུ་གར་ཞུགས་པ་གང་།  །སྡུག་བསྔལ་འཁོར་བའི་འཇིགས་སྒོ་གཅོད།  །ཐོས་བསམ་སྒོམ་པས་ཉམས་བླངས་ནས།  །མ་རིག་དུག་ལྔའི་ནད་ལས་གྲོལ།  །བློ་སྦྲམ་རིག་པའི་སྒོ་འབྱེད་དེ།  །མི་འཇིགས་གཟུངས་དང་སྤོབས་པ་བསྐྱེད།  །འཆད་རྩོད་རྩོམ་པའི་ལམ་བཟང་ལ།  །ཞུགས་ཏེ་བཀྲོལ་བཤད་སྤེལ་བ་ན།  །རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན།  །མཐར་ཐུག་འབྲས་བུ་ངེས་པར་སྦྱིན།  །དེས་མཚོན་སྙན་ངག་ཆེ་ཆུང་རིགས།  །ཀུན་ལ་རིག་པའི་མདའ་མོ་བསྣུན།  །བརྗོད་བྱ་རགས་ཞིབ་དང་བསྟུན་པའི།  །བརྗོད་པ་རིང་ཐུང་སྣ་ཚོགས་པ།  །རྣམ་དབྱེ་རྒྱ་ཆེ་གཞུང་ལས་ཤེས།  །བརྗོད་དོན་རྫོགས་བསྟུན་བརྗོད་བྱེད་དག  །བཅད་ལྷུག་འདྲེས་མ་སྤེལ་བ་སྟེ།  །རྣམ་དབྱེ་ངེས་མེད་ལུང་ལས་ཤེས།  །མིང་ཚིག་སོགས་གཞིའི་བརྗོད་བྱེད་སྒྲ།  །ཕྲ་བར་གྱུར་པ་ཡི་གེ་སྟེ།  །དབྱངས་གསལ་འཕྲུལ་ཡིག་བཞི་བཅུའོ།  །བཀའ་དང་བསྟན་བཅོས་ཀུན་གྱི་ལུས།  །ཚུལ་འདིས་མ་བསྡུས་གཅིག་ཀྱང་མེད།  །མིང་ཚིག་ཡི་གེ་གང་རུང་སྒྲས།  །བརྗོད་རུང་ལུས་རྒྱན་འཁྱག་རྟེན་སྲོག  །བོན་ནོར་འདོད་པ་ཐར་པ་སྟེ།  །བོན་ནི་འཁོར་འདས་བསྒྲུབ་པའི་རྒྱུ།  །ནོར་ནི་བཅུ་རིག་ཐོས་པའི་དོན།  །འདོད་པ་ཡིད་འོང་ལོངས་སྤྱོད་པ།  །ཐར་པ་གཏན་བདེ་བསྒྲུབ་པ་སོགས།  །བརྗོད་བྱའི་དོན་དེ་བཟང་པོར་འདོད།  །ལུས་སྲོག་མཛེས་བྱེད་རྒྱན་ཙམ་ལ།  །ངོ་བོ་སྐད་ཀྱི་རྣམ་དབྱེ་དང་།  །ཁྱད་པར་རྒྱན་གྱི་རྣམ་བཞག་གཉིས།  །བརྡ་དོན་སྤྲོད་པའི་སྒྲ་སྐད་དེ།  །མཆོག་དང་ཕལ་བའི་སྐད་རིགས་གཉིས།  །སོ་སོའི་ལུང་མཐུན་ཐ་སྙད་ཀྱིས།  །ངེས་པའི་ལུང་སྟོན་ནུས་པ་མཆོག  །གཡུང་དྲུང་ལྷ་སྐད་སཾ་སྐྲྀ་ཏ།  །སྟག་གཟིག་བོན་དང་ཞང་ཞུང་སྨར།  །པུ་རྒྱལ་བོད་ཀྱི་སྐད་དང་ལྔ།  །དེ་ཡང་གཡུང་དྲུང་ལྷ་སྐད་ལས།  གྲོལ་བའིསཾ་སྐྲྀ་ཏ་སྐད་དང་།  །ཡེ་སྲིད་ལྷ་དང་ཀ་པི་ཏ།  །ད་རན་ཀ་ངྷ་སེང་ང་ལྷ།  །ཀ་ལ་པིང་ཀ་ལྷ་སྐད་དྲུག །ཡེ་སྲིད་ལྷ་སྐད་ལས་གྲོལ་བའི།  །སྟག་གཟིག་བོན་གྱི་སྐད་ལ་ཡང་།  །གཙང་མ་ལྷ་དང་དག་པ་ལྷ།  །སཾ་སྐྲྀ་ཏ་དང་ཁྲི་ཝེར་ལྷ།  །ཧོ་ཅི་འཕྲུལ་དང་ཡོ་ཅི་འཕྲུལ།  །ཅི་གུང་འཕྲུལ་དང་ཅུ་ཙེ་འཕྲུལ།  །སྟག་གཟིག་ཕོ་བྲང་གླིང་བརྒྱད་སྐད།  །སྟག་གཟིག་སྐད་ཆེན་བརྒྱད་པོ་ལས།  །གྲོལ་བའི་ཞུང་ཞུང་སྨྲར་སྐད་ལ།  །དར་མའི་སྒྲ་དང་དིར་མའི་སྒྲ།  །དར་མ་དིར་དང་གུ་གེ་སྨར།  །ཕལ་སྐད་གླང་སྟེ་རྩ་སྐད་ལྔ།  །ཡན་ལག་ཁྱུང་ལུང་ཕྱོགས་མཚམས་ནས།  །བསྒྱུར་བའི་སྐད་རིགས་ཆེན་པོ་བརྒྱད།  །སྒོ་ཕུག་བར་ཁྱད་ཉེར་བཞི་འགྱུར།  །ལྷ་སྐད་དྲུག་ལས་ཉེར་གྲོལ་བའི།  །འཛམ་གླིང་མི་ཡི་སྐད་རིགས་ལ།  །ཚིག་གི་འབྱུང་གནས་བཅུ་གཉིས་ཞེས།  །ཡེ་སྲིད་ལྷ་སྐད་ལས་གྲོལ་བའི།  །སྟག་གཟིག་ཞང་ཞུང་ཡུལ་སྐད་གཉིས།  །ད་རན་ཀ་སྐད་ལས་གྲོལ་བ།  །བྲུ་ཤ་ཨོ་རྒྱན་ཡུལ་སྐད་གཉིས།  །ཀ་པི་ཏ་སྐད་ལས་གྲོལ་བའི།  །ཟ་ཧོར་སྤུ་གུའི་ཡུལ་སྐད་གཉིས།  །སཾ་སྐྲྀ་ཏ་སྐད་ལས་གྲོལ་བའི།  །རྒྱ་གར་བལ་བོའི་ཡུལ་སྐད་གཉིས།  །སེང་ངའི་སྐད་ལས་རྒྱལ་ནམ་ལྡོང་།  །བོད་དང་མེ་ཉག་སྐད་རིགས་གྲོལ།  །ཀ་ལ་པིང་ཀ་ལས་རྒྱ་ནག  །ཕྲོམ་དང་གེ་སར་སྐད་རིགས་གྲོལ།  །བྷ་ད་ཧོར་དང་བྷ་རོ་འཇང་།  །བྷ་བ་གར་ལོག་བྷ་ལི་མོན།  །ཅོལ་མིན་སྐད་བཞི་ཞེས་བྱ་སྟེ།  །སྒྲ་སྐད་རྒྱལ་འབངས་བཅུ་དྲུག་བཅས།  །སྒྲ་སྒྲོག་སྐད་ཀྱི་དྭངས་མ་སྟེ།  ། འཆད་རྩོད་རྩོམ་པའི་རྒྱུ་ཤིང་ཡིན།   །དེ་ལས་སོ་སོར་གྱེས་པ་ཡི།  །སྐད་རིགས་སུམ་བརྒྱ་དྲུག་བཅུ་ནི།  །ལྷོ་ཕྱོགས་འཛམ་གླིང་ལྗོངས་འདིར་ཚང་།  །ངེས་པའི་ལུང་སྟོན་མི་ནུས་པའི།  །ཕལ་སྐད་སྙན་པའི་ངག་ལ་མིན།  །ལུས་སྲོག་མཛེས་པར་བྱེད་པའི་ངག  །མཚམས་སྦྱོར་ཡིད་འོང་རྒྱན་ཡིན་ལ།  །ཐུན་མོང་མིན་དང་ཐུན་མོང་གཉིས།  །རྣམ་ཀུན་མིན་པའི་བརྡ་དོན་དག  །མཚམས་སྦྱོར་ཡིད་འོང་ཐུན་མོང་མིན།  །སྒྲ་དང་དོན་གྱི་ཁྱད་པར་གཉིས།  །རྣམ་པ་ཀུན་ཏུ་མ་ཡིན་པའི།  །སྒྲ་སྦྱོར་ཡིད་འོང་སྒྲ་ཁྱད་དེ།  །རྩུབ་དང་སྙོམས་དང་འཇམ་པ་དང་།  །ལྷོད་པ་རྗེས་ཁྲིད་ལྔ་རུ་བཤད།  །ཀ་ཅ་ཏ་པ་ཙ་ཞ་ར།  །ཧ་བརྒྱད་གང་རུང་ཤས་ཆེ་རྩུབ།  །ཞྭ་དཀར་བསྟན་པ་རིན་པོ་ཆེ།  །ཕྱོགས་བཅུ་ཀུན་ཏུ་རབ་སྤེལ་བའི།  །བཅུ་རིག་སྨྲ་བའི་པཎྚི་ཏ།  །ཞབས་པད་གཙུག་གི་ཏོག་ཏུ་བཀོད།  །ཁ་ཆ་ཐ་ཕ་ཚ་ཟ་ལ།  །ཨ་བརྒྱད་གང་རུང་ཤས་ཆེ་སྙོམས།  །ཁ་འཐོར་ལུས་འཆང་ཕལ་མོ་ཆེ།  །ཕུན་ཚོགས་ཐེག་ཆེན་ལམ་བཟང་ལ།  །ལེགས་འཁྲིད་ཐུགས་རྗེ་ཐབས་མཁས་མཆོག  །ལོ་ཆེན་འཕགས་པའི་ཚོགས་ལ་འདུད།  །ག་ཇ་ད་བ་ཛ་འ་ཤ།  །གང་རུང་ཤས་ཆེ་འཇམ་པ་སྟེ།  །གངས་གླིང་གཤེན་གྱི་འདུ་ར་ན།  །རྣམ་དག་འདུལ་འཛིན་བྱེ་བའི་དབུས།  །འོད་བརྒྱ་འབར་འདྲའི་གཟི་མདངས་ཅན།  །འགྲོ་མགོན་འ་ཞ་བློ་གྲོས་རྒྱལ།  །ང་ཉ་ན་མ་ཝ་ཡ་ས།  །གང་རུང་ཤས་ཆེ་ལྷོད་པ་སྟེ།  །ཉོན་མོངས་མི་མངའ་རྣལ་མའི་ཐུགས།  །མཉམ་སྙོམས་ཉི་མའི་ངང་ཉིད་ཅན།  །སྲིད་གསུམ་ཡེ་མཁྱེན་ཡར་མེ་བས།  །མི་དམིགས་ངང་ནས་ས་ལེ་གསལ།  །གསལ་བྱེད་སུམ་ཅུ་གང་རུང་གིས།  །ཡང་ཡང་བསྐོར་བ་རྗེས་ཁྲིད་དེ།  །ཀུན་ཁྱབ་ཀུན་བཟང་ཀུན་ངོར་སྤྲུལ།  །རྣམ་ཀུན་ཞི་ཀུན་འགྲོ་ཀུན་གྱི།  །ཀུན་དཀྲིས་ཀུན་འདུལ་ཀུན་འོད་སར།  །ཀུན་འདྲེན་ཀུན་མཁྱེན་ཀུན་ལ་འདུད།  །འདིས་མཚོན་གཟུགས་འགྱུར་བསམ་མཐའ་ཡས།  །ཇི་སྙེད་མཁས་པའི་བློ་ཡིས་དཔོག  །རྣམ་ཀུན་མིང་གི་བརྗོད་དོན་ཅན།  །མཚམས་སྦྱོར་ཡིད་འོང་དོན་ཁྱད་དེ།  །གསལ་དང་རྒྱ་ཆེ་བརྗིད་པ་དང་།  །མཛེས་པ་ཏིང་འཛིན་རྣམ་ལྔ་བཞེད།  །འདོད་དོན་གབ་སྦས་མེད་པ་རུ།  །གསལ་བར་སྟོན་པ་གསལ་བ་སྟེ།  །ཡ་ཀི་དཔག་ཚད་བཞི་ཁྲིའི་ཐད།  །དགུང་སྔོན་ཡངས་པའི་མཐོངས་རིམ་ན།  །ཀུན་དགའ་ནོར་བུའི་ཐིག་ལེ་ཡི།  །གཟི་བརྗིད་འཛམ་གླིང་ཀུན་ཏུ་ལྷག  །བརྗོད་བྱའི་ཡོན་ཏན་རྒྱ་ཆེ་བའི།  །ཁྱད་པར་སྟོན་པ་རྒྱ་ཆེ་སྟེ།  །གདུང་སོབ་ཆེན་པོའི་རྣམ་དཔྱོད་ཀྱིས།  །བཀའ་འཁོར་ཟབ་མོ་དཀྲོལ་བཤད་ཀྱི།  །རྣམ་ཐར་ཆ་རེ་ཐོས་པས་ཀྱང་།  །མིག་ནས་དད་པའི་ཆར་རྒྱུན་འབྲུབ།  །ཚིག་སྡུད་མང་པོའི་ཕག་ལ་དོན།  །ཅུང་ཟད་གབ་པ་བརྗིད་པ་ཞེས།  །ཁྲི་གདུགས་བཞིན་གྱི་དཔྱོད་ལྡན་ཁྱེད།  །འོད་ཟེར་པད་མོའི་ཚོགས་ལ་བཞིན།  །མཁྱེན་བརྩེས་འགྲོ་བའི་བློ་གྲོས་ཏེ། །མུན་པ་ཇི་བཞིན་རྨོངས་ཚོགས་ལའང་།  །ལུགས་གཉིས་གཏམ་དང་མི་འགལ་བའི།  །མཆོག་ཕལ་འདོད་མཐུན་མཛེས་པ་ཞེས།  །ཨེ་མ་བསྟན་གཙོ་བླ་མེད་དེས།  །རྒྱ་ཆེ་གཏིང་ཟབ་བརྟག་དཀའི་གནས།  །སྲིད་དང་ཞི་བའི་ཤེས་བྱ་ཀུན།  །ཐུགས་སུ་ཆུད་དེ་ཨེ་རེ་མཚར།  །སེམས་ལྡན་བོན་རྣམས་སེམས་མེད་ལ།  །བཀོད་པའི་སྒྲོ་བཏགས་ཏིང་འཛིན་ཞེས།  །ཀུ་མུད་རྣམས་ལ་ཟླ་འོད་དང་།  །རྩེ་ཞིང་རོལ་སྟབས་ཉི་མ་ལ།  །སྐྱེངས་ཏེ་ལྟ་ཡང་མ་བཟོད་པས།  །པད་མ་རྣམས་ནི་མཚར་ཏེ་བཞད།  །དེས་མཚོན་གཞན་ཡང་རིག་པས་གཞོལ།  །སྒྲ་དོན་གང་ལ་གྲོང་ཚིག་དག  །འཇུག་པ་མ་ཡིན་སྤང་བྱ་སྟེ།  །སྒྲ་དོན་ཡིད་དུ་མི་འོང་བའི།  །མཚམས་སྦྱོར་སྡེབ་པ་གྲོང་ཚིག་སྟེ།  །སྒྲ་དང་དོན་གྱི་གྲོང་ཚིག་གཉིས།  །སྒྲ་མཚམས་སྦྱོར་བའི་ཁྱད་པར་འགས།  །ལོག་པར་གོ་བ་སྒྲའི་གྲོང་ཚིག  །གཅོད་མཚམས་ལོག་དང་དོན་གཉིས་པ།  །ཕོ་མཚན་བཟང་ལྡན་པའི་རིགས་འཛིན།  །མོ་མཚན་དང་ལྡན་མ་མཁའ་འགྲོ།  །ཟས་དང་འཛིན་ཟབ་མོ་རོལ་བས།  །ལུས་འབྱུང་ལྔ་རང་དབང་ཐོབ་བོ།  །སྔོ་བསངས་མ་ཡི་མཚན་མས་ནི།  །ཀུན་ངྷ་དཀར་པོ་གཡོ་བར་བྱེད།  །སྲེད་ལྡན་རྩེ་དགའ་དག་གི་མཆུ།  །འཛིན་མའི་པད་མ་རྣམས་ལ་སྦྱོར།  །འདི་དང་འདི་འདྲའི་མཚམས་སྦྱོར་ནི།  །ནམ་ཡང་བྱ་བ་མ་ཡིན་ནོ།  །རྣམ་དག་དོན་ལྡན་རྒྱུད་དྲེགས་པས།  །གཞན་སྲོག་གཅོད་དང་མ་བྱིན་ལེན།  །གཡེམ་དང་མི་ལྡན་སྨྲ་བ་རྣམས།  །གཅེས་པའི་སྲོག་ལ་ཐུག་ཀྱང་མིན།  །འདི་འདྲ་སྐྱོན་དུ་མི་བརྩི་སྟེ།  །བོན་ཁྱད་ཟུར་ནས་གསལ་བས་སོ།  །སྐྱེངས་དང་ཡི་ག་ལྡོག་པའི་གཏམ།  །དྲང་བརྗོད་དོན་གྱི་གྲོང་ཚིག་སྟེ།  །ཚེ་སྟོད་ལང་ཚོ་དར་བའི་དུས།  །ཡིད་འོང་མ་དེའི་ཨེ་དབྱིངས་སུ། །དབང་ཕྱུག་ཁྲོས་པའི་ལས་སྦྱོར་ལ། །ཚིམས་པ་མེད་པར་ཡང་ཡང་ཞུགས།  །འདི་འདྲའི་མཚམས་སྦྱོར་གྱ་ཉེས་པ།  །སྙན་ངག་མཁན་གྱིས་ནམ་ཡང་མིན།  །སྙན་ངག་གཞུང་དང་དཔེར་བརྗོད་འགར།  །འདི་འདྲ་ཤ་སྟག་མ་ཡིན་ནམ།  །ཞེ་ན་སྲེད་ལྡན་སྐམ་ཆགས་ཀྱིས།  །མནར་བའི་ངག་ལ་ཡིད་རྟོན་ཅི།  །རང་རེའི་བཀའ་ལུང་ཕལ་མོ་ཆེ།  །སྙན་པའི་ངག་དང་མི་ལྡན་པའི།  །ཚིག་གཅིག་མེད་ཀྱང་འདི་ལྟ་ནི།  །རུལ་སྦལ་སྤུ་བས་དཀོན་ལ་སོམས།  །དགོངས་པ་ཅན་དང་གབ་ཚིག་ལ།  །སྐབས་དང་བསྟུན་པ་འགའ་ཞིག་སྟེ།  །ཐབས་དང་ཤེས་རབ་རོལ་བ་ལས།  །སྐྱེ་མེད་ཡུམ་གྱི་བྷ་ག་ནས།  །བྱང་སེམས་དཀར་དམར་ཅི་ལི་ལི།  །ལྟ་བུ་སྐྱོན་དུ་མི་བརྩི་འོ།  །སྒྲ་དོན་ཁྱད་དང་སྐྱོན་སྤངས་བཅས།  །ཐུན་མོང་མིན་པའི་རྒྱན་ཟིན་ཏོ།  །སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ལས།  ལུས་སྲོག་ཐུན་མིན་རྒྱན་བཅས་བསྟན་པའི་སྐབས་ཏེ་དང་པོའོ།  །།

ལེའུ་གཉིས་པ།  ཐུན་མོང་གི་རྒྱན་བསྟན་པ།

     དེ་ནས་ཐུན་མོང་རྒྱན་བསྟན་ཏེ།  །གང་ལ་ཅི་ཡང་བརྗོད་རུང་བའི།  །མཚམས་སྦྱོར་ཡིད་འོང་ཐུན་མོང་རྒྱན།  །དོན་སྒྲ་གབ་ཚིག་སྐྱོན་སེལ་བཞི།  །བརྗོད་བྱའི་དོན་གྱི་རྣམ་པ་གང་།  །མཛེས་པར་བྱེད་པ་དོན་རྒྱན་ཏེ།  །རང་བཞིན་དཔེ་གཟུགས་གསལ་བྱེད་སྐོར།  །འགོག་པ་དོན་གཞན་ལྡོག་པ་སྲིད།  །བསྡུས་བརྗོད་ཕུལ་བྱུང་རབ་བཏགས་རྒྱུ།  །ཕྲ་མོ་ཆ་རིམ་དགའ་ཉམས་ལྡན།  །གཟི་བརྗིད་རྣམ་གྲངས་ཀུན་ཕན་དང་།  །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་།  །ཁྱད་པར་མཚུངས་སྦྱོར་འགལ་སྐབས་མིན།  །ཟོལ་བསྟོད་ངེས་བསྟན་ལྷན་ཅིག་བརྗོད།  །ཡོངས་བརྗེས་ཤིས་བརྗོད་རབ་སྤེལ་དང་།  །དགོངས་པ་ཅན་དང་སོ་ལྔའོ།  །བརྗོད་བྱའི་གནས་ཚུལ་ཇི་ལྟ་བ།  །དྲང་བོར་བརྗོད་པ་རང་བཞིན་རྒྱན།  །རིགས་དང་བྱ་བ་ཡོན་ཏན་རྫས།  །ངོ་བོའི་གནས་ལུགས་མ་བཅོས་པ།  །དྲང་བརྗོད་རིགས་ཀྱི་རང་བཞིན་ཏེ།  །ཟག་མེད་མཚན་དཔེའི་འབྲུ་ཆགས་པའི།  །དམར་སེར་ཞལ་གཅིག་ཕྱག་གཉིས་པ།  །གཞོན་ནུ་བཅུ་དྲུག་ལང་ཚོ་ཅན།  །ལྷག་པའི་ལྷ་མཆོག་སྨྲ་བའི་སེང་།  །བྱེད་པོས་བྱ་བ་ཇི་ལྟར་བྱེད།  །དྲང་བརྗོད་བྱ་བའི་རང་བཞིན་ཏེ། །ཐམས་ཅད་མཁྱེན་པས་འཕྲུལ་ངག་བོན། །ཐུགས་ལ་བཀོད་ཅིང་མགུལ་ནས་དྲངས།  །ལྗགས་བཀྲམ་དུང་གི་ཚེམས་བར་ནས།  །གདུལ་བྱའི་བློ་དང་སྐད་མཐུན་བསྟན།  །ཡོན་ཏན་དག་གི་ཁྱད་པར་གང་།  །དྲང་བརྗོད་ཡོན་ཏན་རང་བཞིན་ཏེ།  །བདེན་གཉིས་དོ་མཉམ་གཡུང་དྲུང་བོན།  །ཐོས་པས་འཁོར་བའི་འཇིགས་ལས་གྲོལ།  །བསམ་པས་བྱང་གྲོལ་དཔལ་ལ་དབང་།  །གོམས་པས་སྐུ་གསུམ་མངོན་དུ་གྱུར།  །སྐབས་ཐོབ་སྤྱོད་བྱའི་རྫས་གང་རིགས།  །དྲང་བརྗོད་རྫས་ཀྱི་རང་བཞིན་ཏེ།  །གཞའ་གུར་གཡུ་འབྲུག་པད་ཉི་ཟླ།  །གསལ་སྒྲོན་རལ་གྲི་གླེགས་བམ་དང་།  །ལྷབ་ལྷུབ་རིགས་རྟགས་གཡུ་ཟུར་སོགས།  །རྣམ་བཀྲའི་རྒྱན་རྫོགས་སྨྲ་བའི་སེང་།  །དེས་མཚོན་རང་བཞིན་བརྗོད་པའི་རྒྱན།  །མཐའ་ཀླས་དཔྱོད་ལྡན་བློ་ཡིས་དཔོག  །རང་བཞིན་བརྗོད་པའི་རྒྱན་ཞེས་པ།  །དྲང་བོར་སྨྲ་བའི་སྙན་ངག་ཡིན།  །མཚོན་བྱའི་དཔེ་ཅན་མཚོན་བྱེད་ཀྱི།  །དཔེ་དང་མཚུངས་བརྗོད་དཔེ་རྒྱན་ཏེ།  །བོན་དཔེ་དངོས་པོ་ལྡོག་པ་དང་།  །ཕན་ཚུན་ངེས་དང་ངེས་མེད་བསྡུས།  །ཕུལ་བྱུང་རབ་བཏགས་རྨད་བྱུང་རྨོངས།  །ཐེ་ཚོམ་གཏན་འབེབས་སྦྱར་བ་དང་།  །མཉམ་ཉིད་སྨད་དང་བསྔགས་པའི་དཔེ།  །བརྗོད་འདོད་འགལ་བ་དགག་ངོ་བསྟོད།  །དེ་ཉིད་བརྗོད་དང་ཐུན་མོང་མིན།  །འབྱུང་མིན་སྲིད་མིན་མང་བ་དང་།  །རྣམ་འགྱུར་ཕྲེང་བ་ངག་དོན་གཉིས།  །ཟླ་བོ་དངོས་པོ་མཚུངས་སྦྱོར་དང་།  །རྒྱུ་དང་དཔེ་སྟེ་སུམ་ཅུ་གསུམ།  །ཁྱད་གཞི་དཔེ་དང་དཔེ་ཅན་གྱི།  །ཁྱད་བོན་མཚུངས་བརྗོད་བོན་དཔེ་ཞེས།  །རྣམ་འདྲེན་རྒྱལ་བའི་དབང་པོ་ཡི།  །སྐུ་མཆོག་གསེར་རི་བཞིན་དུ་བརྗིད།  །གསུང་ནི་རྒྱ་མཚོའི་གཏིང་ལྟར་ཟབ།  །ཐུགས་ཡིད་འཆི་མེད་ལམ་བཞིན་ཡངས།  །དཔེ་ཅན་དཔེ་ཡི་ངོ་བོ་དང་།  །མཚུངས་ཙམ་བརྗོད་པ་དངོས་པོའི་དཔེ།  །རྒྱལ་ཡུམ་ལྷ་མོའི་ཞལ་དཀྱིལ་ནི།  །ཆ་ཤས་གང་བའི་སྟོན་ཟླར་འཁུ།  །འགྲོ་ལ་རྗེས་བརྩེའི་འཛུམ་རླབས་ནི།  །བསིལ་ཟེར་གཡོ་བའི་རྗེས་སུ་འགྲོ།  །དཔེ་ཅན་ངོ་བོ་ཁྱད་པར་ལ།  །དཔེ་ཉིད་མཚུངས་བརྗོད་བཟློག་པའི་དཔེ།  །ཐོད་དཀར་སྲས་ཀྱི་གཟི་བརྗིད་བཞིན།  །ནམ་མཁའི་ཐིག་ལེ་འོད་དུ་འབར།  །འཕྲིན་ལས་ཕྱོགས་མེད་འཆར་བ་ལྟར།  །ཚ་ཟེར་ཉི་འོག་ཀུན་ཏུ་ཁྱབ།  །གང་ཞིག་དཔེ་དང་དཔེ་ཅན་གཉིས།  །ཕན་ཚུན་མཚུངས་བརྗོད་ཕན་ཚུན་དཔེ།  །དབལ་ཆེན་གདངས་དྲག་རྔམ་པའི་གསུང་།  །གཡུ་འབྲུག་དར་མའི་གདངས་ཀྱིས་མཚོན།  །དབྱར་སྐྱེས་རྔ་གསང་དར་མའི་སྒྲ།  །ལྷ་རྒོད་ཐོག་པའི་གསུང་ལྟར་གྲགས།  །དཔེ་ཅན་མཚོན་བྱེད་དཔེ་གཅིག་ལས།  །མཐུན་དཔེ་གཞན་འགོག་ངེས་པའི་དཔེ།  །བྱེ་བྲག་དངོས་མེད་མཚན་དཔེའི་རྟེན།  །བྱུ་རུའི་རྡུལ་བརྩེགས་ཁོ་ནར་མཐུན།  །དེ་དང་ངེས་མཚུངས་སྲིད་པ་གཞན།  །རྒྱ་ཆེ་ཡངས་པའི་ཁམས་འདིར་དབེན།  །དཔེ་ཅན་མཚོན་དཔེ་གཅིག་ཁོ་ནར།  །མ་ངེས་གཞན་འདྲེན་ངེས་མེད་དཔེ།  །ཡེ་མཁྱེན་ཕྱྭ་སྲས་ཀེང་ཙེའི་སྐུ།  །གངས་ལ་ཉི་མ་ཤར་བ་འདྲ།  །དེ་མཚུངས་སྣང་ཆ་གཞན་སྲིད་ཚེ།  །དེ་ཡི་རྗེས་སུ་ཅིས་མི་འགྲོ།  །དཔེ་ཅན་ཆ་རེས་དཔེར་མཚུངས་མིན།   །དུ་མའི་སྒོས་མཐུན་བསྡུས་པའི་དཔེ།  །འདི་ལྟའི་སྣང་ཆ་མི་རྟག་པ།  །གཅིག་པུས་གཞའ་དང་མཚུངས་མིན་ཏེ།  །ཡིད་འོང་རྣམ་པར་བཀྲ་བ་དང་། །དོན་གྱི་སྙིང་པོས་དབེན་པས་ཀྱང་།  །དཔེ་དང་དཔེ་ཅན་འབྱེད་བྱེད་ཀྱི།  །ཁྱད་བོན་བཀོད་པ་ཕུལ་བྱུང་དཔེ།  །ལྷ་མོའི་ཞལ་དང་ཟླ་གསར་གཉིས།  །ཁྱད་པར་ལྷ་ཞལ་སྤྱན་ཟུང་དང་།  །ཟླ་གསར་རི་དྭགས་གཟུགས་ཀྱིས་མཛེས།  །དེ་མིན་གང་ལ་གཞིགས་ཀྱང་མིན།  །དཔེ་ཅན་སྙེམས་པ་གཞོལ་བྱེད་བོན།  །ནུས་ལྡན་བཀོད་པ་རབ་བཏགས་དཔེ།  །མུ་ཏིག་དྭངས་མའི་དཔལ་འཛིན་ཞེས།  །དངུལ་ཆུའི་ཐིག་ལེ་སྙེམས་མི་འཚལ།  །རྩྭ་ལྗང་མཆོག་མའི་ཟིལ་བ་ཡིས།  །མུ་ཏིག་བསྐལ་བཟང་འཕྲོག་པར་ནུས།  །ད་དུང་དཔེ་ལ་དཔེ་ཅན་བོན།  །གཅིག་ལྡན་དཔེ་འགྱུར་རྨད་བྱུང་དཔེ།  །ཡིད་འོང་དཀར་འཇམ་མཛེས་སྡུག་ཅན།  །ལ་སྟོད་གངས་དཀར་ཏི་སེ་ལ།  །སློབ་ཚོགས་སྐྱོང་ནུས་བློ་ཡོད་ན།  །ཕྱྭ་སྲས་དཔའ་བོའི་སྐུ་ཟླར་འོས།  །དཔེ་དང་དཔེ་ཅན་འདྲ་བའི་ཕྱིར།  །མ་ཕྱེད་ནོར་བ་རྨོངས་པའི་དཔེ།  །ཟླ་འོད་ཐིག་ལེ་འོ་མའི་མཚོར།  །རློམ་སྟེ་སོ་གོས་རླབས་ཀྱིས་རྔུབ།  །སླར་ཡང་འོ་མཚོ་ཟླ་བའི་མདངས།  །ཡིན་སྙེམས་ཡུག་པས་འབོག་རྩམ་མོ།  །དཔེ་དང་དཔེ་ཅན་འདྲ་ཕྱིར་གང་།  །བརྟགས་ཀྱང་མ་ཕྱེད་ཐེ་ཚོམ་དཔེ།  །དཀར་གསལ་རྣམ་བཀྲའི་སྣང་བ་ཅན།  །གངས་རྒྱལ་དབང་གཞུས་འཁྱུད་པའམ།  །སྨྲ་དབང་རྒྱན་གྱིས་སྤྲས་པ་གང་།  །བརྟགས་ཀྱང་སོམ་ཉི་ལྡོག་མ་གྱུར།  །དཔེ་དང་དཔེ་ཅན་མཚུངས་པ་ལས།  །དཔེ་ཅན་ཁྱད་འདོན་གཏན་འབེབས་དཔེ།  །དམར་སེར་ལི་ཁྲིའི་མདངས་འཛིན་འདི།  །བརྟན་བརྗིད་ལྡན་ཀྱང་རི་རྒྱལ་མིན།  །མཆོག་ཐུན་དངོས་གྲུབ་འབྱུང་བས་ན།  །བརྟན་པའི་འཁོར་ལོའི་སྐུ་དཀྱིལ་ངེས། །དཔེ་དང་ཅན་གཉིས་ཀྱི་བོན།  །མ་ཕྱེད་མཉམ་སྦྱོར་སྦྱར་བའི་དཔེ།།སྒྲིབ་མེད་འོད་ཀྱི་རྣམ་པ་ཅན། །བལྟ་རུ་ཡོད་ལ་འཛིན་དུ་མེད།  །བདག་མདུན་གསལ་བའི་ལྷ་ཚོགས་རྣམས།  །ཆུ་ཟླའི་དཀྱིལ་འཁོར་ཉིད་དང་མཚུངས།  །མཚུངས་དཔེ་མཉམ་པའི་རྒྱུ་མཚན་ལ།  །བརྟེན་ནས་མཚུངས་བརྗོད་མཉམ་ཉིད་དཔེ།  །དགེ་བཅུའི་སྣང་བ་རྟག་འབར་བའི།  །གངས་ལྗོངས་རྩ་གསུམ་ལྷ་གནས་བཞིན།  །ཀོོའུ་ཤི་ཀ་ཡི་དཔལ་ཡོན་གྱིས།  །ཀུན་ནས་ཡོངས་སུ་བརྒྱན་པས་སོ།  །དཔེ་ལ་མངོན་སྨད་དཔེ་ཅན་ནི།  །བསྟོད་བཞིན་ཤུགས་སྨད་སྨད་པའི་དཔེ།  །ལྷ་ལམ་མི་སྲུན་དྲེགས་སྡེས་འགེངས།  །ཆུ་གཏེར་དུག་ཅན་ཀླུ་ཡི་གནས།  །རྣམ་འདྲེན་ཁྱེད་ཐུགས་མཁྱེན་བརྩེའི་གཏེར།  །ཡིན་ཕྱིར་མཚུངས་ལས་ཁྱད་པར་འཕགས།  །དཔེ་ལ་མངོན་བསྟོད་དཔེ་ཅན་ནི།  །ཤུགས་ཀྱིས་བསྟོད་པ་བསྔགས་པའི་དཔེ།  །འཆི་མེད་རྫིང་རིང་ཉི་ཟླའི་ཞིང་།  །ཟླ་བའི་མ་མ་ནོར་བུའི་མཛོད།  །རྣམ་འདྲེན་དམ་པ་ཁྱེད་ཀྱི་ཐུགས།  །རྣམ་ཀུན་དེ་དང་ཡང་དག་འགྲན།  །གཉིས་ཀར་སྐྱོན་ཡོན་ཇི་ལྡན་རུང་། །མཚུངས་ཞེས་བརྗོད་སེམས་བརྗོད་འདོད་དཔེ། །ཐམས་ཅད་མཁྱེན་པའི་ཁྱད་ལྡན་ནམ།  །རྨོངས་པའི་བག་རྒྱར་འཐུམས་ཀྱང་རུང་།  །དྲན་དབང་ཁྱེད་དང་རྒྱལ་གཤེན་གཉིས།  །མཚུངས་ཞེས་བརྗོད་འདོད་སྙིང་ལ་གནས།  །དཔེ་དང་དཔེ་ཅན་བོན་མཚུངས་ཀྱང་།  །ངོ་བོ་ཐ་དད་འགལ་བའི་དཔེ།  །དལ་འབྱོར་ལྡན་པའི་མི་ལུས་དང་།  །ལྷ་གཉན་འཚོས་པའི་ཤེལ་སྒོང་དང་།  །ཡིད་བཞིན་ནོར་བུར་མཚུངས་མོད་ཀྱང་།  །གཞི་གཅིག་སྟེང་དུ་མཐུན་པ་འགལ།  །དཔེ་ལ་དཔེ་ཅན་དང་མཉམ་ནུས།  །ཁྱད་བོན་འགོག་པ་དགག་པའི་དཔེ།  །མིང་ཚིག་བརྗོད་པ་དང་བྲལ་བའི།  །དཔྱིད་ཀྱི་དཔལ་མོའི་འགྱུར་ཁུགས་ཀྱིས།  །འཆད་པ་སྒྲ་རིག་བྱུང་བའི་ཁུངས།  །བྱ་རྒྱལ་གསུང་ལ་ནམ་ཞིག་འགྲན།  །དཔེ་དང་དཔེ་ཅན་ཐ་དད་ཀྱང་།  །མཚུངས་བོན་གཅིག་བརྗོད་ངོ་བསྟོད་དཔེ།  །མུ་ཆོ་ལྡེམ་དྲུག་རྒྱལ་བའི་ཚབ།  །ཁྲི་གཙུག་རྒྱལ་བ་དངོས་ཡིན་ཀྱང་།  །རྒྱལ་དང་རྒྱལ་ཚབ་གཉིས་ཀྱི་ཁྱད།  །སོ་སྐྱེས་དབང་པོའི་ཡུལ་ལས་འདས།  །གང་འདི་དཔེ་མིན་དོན་ཡིན་ཞེས།  །དགག་དང་སྒྲུབ་པ་དེ་ཉིད་དཔེ།  །མཚར་སྡུག་རྫོགས་པའི་ཡིད་འོང་འདི།  །རྒྱལ་བའི་སྐུ་ཡིན་ལྷུན་པོ་མིན།  །ཉི་ཟླས་འཁྱུད་མིན་མཁྱེན་བརྩེའི་འོད།  །དཔག་བསམ་མ་ཡིན་གཙུག་ཏོར་ལགས།  །ཁྱེད་ཀྱི་དཔེར་འོས་གཞན་མེད་པས།  །རང་དཔེ་རང་བཀོད་ཐུན་མིན་དཔེ།   །སྲིད་དང་ཞི་བའི་བོན་ཀུན་ལས།  །ཁྱད་པར་འཕགས་པའི་གཤེན་རྒྱལ་མཆོག  །ཁྱོད་མཚུངས་སྲིད་པ་གཞན་མེད་པས། །ཉིད་སྐུ་ཉིད་ཀྱི་དཔེ་ཟླར་འོས། །དཔེ་ཅན་སྲིད་ཅན་དཔེ་སྲིད་མིན། །བོན་ཞིག་བཀོད་པ་འབྱུང་མིན་དཔེ།  །འཇིག་རྟེན་གསུམ་གྱི་མཛེས་དཔལ་ཀུན། །ཆབས་ཅིག་བསྡུས་པ་ཇི་ལྟ་བུ།  །རྒྱལ་ཡུམ་ཤེས་རབ་བྱམས་མ་ཡི།  །མཚན་དཔེ་དཀྱིལ་འཁོར་བལྟ་ན་སྡུག  །དཔེ་ལ་མེད་བཞིན་དཔེ་ཅན་ལ།  །མེད་པར་བརྗོད་པ་སྲིད་མིན་དཔེ།  །སྨན་མཆོག་རྣམ་པར་རྒྱལ་བ་ལས།  །དུག་གི་ལོ་མ་མི་སྐྱེ་བཞིན།  །བློ་གྲོས་ལྡན་པའི་སྐྱེས་མཆོག་ལས།  །ལོག་པའི་སྤྱོད་པ་འབྱུང་མི་སྲིད།  །དཔེ་ཅན་གཅིག་ལ་མཚོན་བྱེད་དཔེ།  །དུ་མར་བཀོད་པ་མང་བའི་དཔེ།  །དྲི་ཟའི་དབྱངས་དང་པི་ཝང་སྒྲ།  །ཁུ་བྱུག་ཅོང་དང་གླིང་བུའི་འགྱུར།  །ཚངས་པའི་གསུང་བཞིན་དབྱངས་ཅན་མའི།  །མགྲིན་སྙན་ཐོས་ལྡན་རྣ་བའི་དཔྱིད།  །དཔེ་ཅན་དཔེ་ཡི་རིགས་མཐུན་ལས།  །བཀོལ་འདྲར་བརྗོད་པ་རྣམ་འགྱུར་དཔེ།  །རྣམ་མཁྱེན་སངས་རྒྱས་ཡོངས་ཀྱི་གཙོ།  །གཤེན་རབ་རྣམ་པར་རྒྱལ་བའི་སྐུ།  །ཉི་མའི་ཁོང་ནས་ཕྱུང་བ་བཞིན།  །འོད་དུ་འབར་ཞིང་ཟེར་དུ་འཕྲོ།  །དཔེ་ཉིད་ཕྲེང་བར་འབྲེལ་བ་ལྟར།  །དཔེ་ཅན་མཚུངས་བརྗོད་ཕྲེང་བའི་དཔེ།  །སོན་ལས་ལྗང་འཁྲུངས་བཞིན་ལྗང་ལས།  །མྱུ་གུ་དེ་བཞིན་མྱུག་ལས་འབྲུ།  །འབྱུང་བཞིན་བྱང་ཆུབ་ས་བོན་ལས།  །ཐར་པའི་ལམ་འབྲས་རིམ་གྱིས་སྨིན།  །ངག་དོན་བཞིན་སྒྲ་གཅིག་དུ་མ།  །གང་དགོས་དཔེ་དོན་གྲངས་ཀྱིས་དཔོག  །འབྲས་དང་སྲན་མའི་ས་བོན་ལས།  །རང་འབྲས་སོ་སོར་སྨིན་པ་བཞིན།  །དཀར་དང་ནག་པོའི་ལས་སྤྱོད་ཀྱི།  །བདེ་སྡུག་འབྲས་བུ་ངེས་པར་འབྱིན།  །རྒྱལ་བའི་སྐུ་སྟོད་སེང་བཞིན་བརྗིད།  །སྐུ་སྨད་རབ་བརྟན་གླང་བཞིན་བརླིང་།  །ཞལ་རས་སྟོན་ཟླ་བཞིན་དུ་དཀར།  །སྤྱན་མིག་སྐར་ཆེན་བཞིན་དུ་བཀྲ།  །དཔེ་དང་དཔེ་ཟླ་ཇི་ལྟ་བུ།  །དཔེ་ཅན་མཚུངས་བརྗོད་ཟླ་དངོས་དཔེ།  །ཕྱི་ནང་གྲུབ་པའི་མཐའ་མང་ཡང་།  །གཡུང་དྲུང་བོན་དང་མཉམ་ནུས་སུ།  །མཁའ་ལ་གཟའ་སྐར་གྲངས་མང་ཡང་།  །ཉིན་མོར་བྱེད་དང་འགྲན་ནུས་མེད།  །དཔེ་དོན་གནས་གཞི་ཁྱད་པར་སོགས།  །ཐ་དད་མཐུན་སྡེབ་མཚུངས་སྦྱོར་དཔེ།  །ལྷ་དབང་སྐབས་གསུམ་དབུས་ན་སྤ།   །ཀོང་ཙེ་མི་ཡུལ་མཐིལ་ན་བརྗིད།  །གང་གི་སྙན་པས་ཕྱོགས་བཅུར་ཁྱབ།  །གཅིག་ཤོས་གྲགས་པའི་མུ་ཁྱུད་ཅེས།  །དཔེ་ཅན་དག་གི་རྒྱུ་མཚན་གྱིས།  །དཔེ་དང་མཚུངས་བརྗོད་རྒྱུ་ཡི་དཔེ།  །རྒྱལ་བའི་ཐུགས་རྗེ་ཡངས་པའི་མཁའ།  །འཛད་པ་མེད་པས་ས་གཞི་དང་།  །ཕྱོགས་རིས་མེད་པས་ཉི་མ་སྟེ།  །རྒྱུན་ཆད་མེད་པས་ཆུ་བོར་འགྲན།  །དཔེ་ཅན་མཚོན་དཔེ་བཀོད་པའི་སྟེང་།  །དེ་མཚོན་དཔེ་བཀོད་དཔེ་ཡི་དཔེ།  །ཤེས་ལྡན་སྐྱེས་བུ་སྒྲོན་མེ་བཞིན།  །གང་བསྟན་ཐར་པའི་ལམ་སྒོ་རྙེད།  །གསལ་བའི་ཞུགས་མར་ཉི་མ་བཞིན།  །མུན་པའི་དཔུང་ལས་རྣམ་པར་རྒྱལ།  །ཕོ་མོ་མ་ནིང་རྟགས་ཐ་དད།  །ཚིག་སྦྱོར་མཁས་ན་སྐྱོན་མེད་དེ།  །སྟག་སྐྱེས་ལྷ་བུའི་སྒྱུ་རྩལ་གྱིས།  །སྲིད་གསུམ་རྒྱལ་མོའི་ངང་ཚུལ་འགོག  །ཁྱེད་ཡུམ་ཐུགས་རྗེ་བྱམས་མ་ནི།  །རྒྱལ་དབང་ཇི་བཞིན་ཐམས་ཅད་མཁྱེན།  །གཅིག་གཉིས་མིང་ཚིག་ཐ་དད་ཀྱང་།  །སྦྱོར་བ་མཁས་ན་སྐྱོན་མེད་དཔེ།  །གཤེན་རབ་ཕྱག་གི་སོར་རྡོ་གཅིག  །བདུད་དམག་བྱེ་བའི་དཔུང་ལྟར་འཇིགས།  །དྲང་དང་ངེས་པའི་རྣམ་ཐར་ཀུན།  །ཨུཏྤལ་མེ་ཏོག་གཅིག་པུས་མཚོན།  །དཔེ་མཆོག་དཔེ་ཅན་དམན་པ་འམ།  །དེ་ལྡོག་སྦྱོར་ཤེས་སྐྱོན་མེད་དཔེ།  །བདེ་འབྱུང་གཙུག་གི་ཟླ་ཚེས་ནི།  །དུང་ཕྲུག་གཞོན་ནུའི་མདངས་ལྟར་དཀར།  །འདམ་བུ་ཨུཏྤལ་སྔོན་པོའི་ཚོགས།  །རྒྱལ་བའི་དབུ་སྐྱེས་བཞིན་དུ་མཛེས། །དཔེ་དོན་རྟགས་ཚིག་མཆོག་དམན་གང་། །སྦྱོར་བ་མ་ཤེས་སྐྱོན་དུ་འགྱུར།  །མཛེས་པའི་ན་ཆུང་བཞིན་བཟང་རྣམས།  །ཁྲོ་གཏུམ་ནག་མོ་གདོང་ལ་འཁུ།  །ལྷུ་ཐུང་སྦོམ་རགས་ཁྲོ་བོའི་ཚོགས།  །སྦ་དཀར་ལྡེམ་པའི་རྗེས་སུ་འགྲོ།  །འདི་འདྲ་ནམ་ཡང་མི་བྱ་སྟེ།  །མཁས་པས་ཁྲེལ་ཞིང་ཡ་ག་འདུ། །འདིས་མཚོན་དཔེ་རྒྱན་མཐའ་ཀླས་པ།  །ཇི་སྙེད་མཁས་པའི་བློ་ཡིས་དཔོག  །དཔེ་རྒྱན་རྣམས་ནི་དོན་ཐམས་ཅད།  །དཔེ་ཡིས་འཁྲིད་པའི་སྙན་ངག་ཡིན།  །བཞིན་འདྲ་ལྟར་མཚུངས་མཐུན་མཉམ་འཁུ། །ལྟ་བུ་ཕྱོགས་མཚོན་རིགས་མཐུན་ལྡོག །རབ་གསལ་ངེས་གསལ་ཡང་དག་གསལ།  །གཟུགས་ཟླ་དགྲ་ཟླ་ཅོ་འདྲི་འགྲན།  །སོར་རྟོགས་བལྟ་བཅས་བསླུ་བ་དང་།  །གཟུགས་བརྙན་རྗེས་མ་སོ་སོར་སྡེབས།  །མཚན་ཉིད་མཐུན་དང་ངང་ཚུལ་འགོག  །འཐབ་པ་འཕྱ་བ་སྨད་འབེབ་སྨོད།  །རྒོད་པ་དམན་དང་ཅུང་ཟད་དམན།  །རབ་སྨྲ་སྤང་པ་མི་མཐུན་སྒྲོགས།  །མཛེས་པ་ཟུམ་དང་བསྐལ་བཟང་འཕྲོག  །ཚར་གཅོད་རྗེས་སུ་རྐང་པ་འཇོག  །རྗེས་སུ་འཆིང་འགྲོ་མཐུན་འཇུག་བྱེད།  །ཚིག་སྡུད་མཚུངས་པས་ལྷག་པར་མཛེས།  །འཇེབས་སོགས་མཚུངས་པ་གསལ་བྱེད་སྒྲ། །དཔེ་ཅན་དཔེ་ཡི་གཟུགས་བྱས་ནས།  །དབྱེར་མེད་བརྗོད་པ་གཟུགས་རྒྱན་ཏེ།  །བསྡུས་དང་མ་བསྡུས་གཟུགས་ཅན་དང་།  །བསྡུས་ཤིང་མ་བསྡུས་མ་བསྡུས་པ།  །མཐའ་དག་ཆ་ཤས་ཆ་ཤས་ཅན།  །ཡན་ལག་གཅིག་སོགས་ལྡན་མི་ལྡན།  །མི་མཉམ་ཁྱད་པར་འགལ་དང་རྒྱུ།  །སྦྱར་དཔེ་ལྡོག་འགོག་མཉམ་འཇོག་དང་།།གཟུགས་ཅན་བསྙོན་དོར་ཉི་ཤུ་གསུམ། །དཔེ་ཅན་དཔེ་གཟུགས་སྦྲེལ་བའི་མཚམས།  །འབྲེལ་སྒྲ་བསྡུས་པ་བསྡུས་གཟུགས་ཏེ།  །སྐུ་ལུས་གངས་དཀར་ཉི་ཤར་ལ།  །གཡུ་རལ་ནམ་མཁའི་སྤྲིན་དཔུང་གཏིབས།  །མཇུག་མ་ཆུ་ཀླུང་རྒྱ་མཚོ་མེར།  །སེང་གསས་ལྷ་དབང་སྤྲུལ་པའི་སྐུ།  །དཔེ་ཅན་དཔེ་གཟུགས་སྦྲེལ་མཚམས་སུ།  །དྲུག་སྒྲ་ལྡན་པ་མ་བསྡུས་གཟུགས།  །མཚན་དཔེའི་ཁྲི་གདུགས་གཞོན་ནུ་ལས།  །མཁྱེན་བརྩེའི་འོད་སྟོང་རབ་འབར་བས།  །འཁོར་བའི་མུན་པ་འཇོམས་མཛད་པ།  །སྟོན་པའི་ཉི་མ་དེ་ལ་འདུད།  །དཔེ་གཟུགས་སྦྲེལ་མཚམས་འབྲེལ་བའི་ཚིག  །སྟོད་བསྡུས་སྨད་ལྡན་བསྡུས་མ་བསྡུས། །མཛེས་སྐུ་ནོར་བུའི་འཁྲི་ཤིང་ལ། །སྡོམ་གསུམ་ཕང་ཕུང་རྒྱས་པའི་རྩེར། །སྐུ་ལྔའི་འབྲས་བུ་གཡུར་ཟ་བ། །མཁས་པའི་ཡོངས་འདུས་སྲིད་ཞིའི་དཔལ། །དཔེ་གཟུགས་སྦྲེལ་མཚམས་འབྲེལ་བའི་ཚིག །སྟོད་ལྡན་སྨད་བསྡུས་མ་བསྡུས་པ། །ཐོས་དང་བསམ་པའི་རལ་ཁུར་ཅན།  །སྐྱེས་མཆོག་མི་ཡི་གདོང་ལྔ་པས།  །གཤེན་བསྟན་གངས་རིའི་རྩེ་མོ་ནས།  །བཅུ་རིག་སེང་སྐད་སྒྲོགས་རྣམས་མཚར།  །དཔེ་དོན་གཉིས་ཀའི་ཁྱད་གཞི་དང་།  །ཁྱད་པར་ཚང་མཉམ་མཐའ་དག་གཟུགས།  །མི་ལུས་རིན་ཆེན་རྐོང་བུ་རུ།  །ཚོར་སྡོང་འདུ་ཤེས་དར་གྱིས་ཀླུབས།  །འདུ་བྱེད་རྩི་བཅུད་དྭངས་མས་བལྟམས། །རྣམ་ཤེས་གསལ་བའི་སྒྲོན་མེ་འབར།  །དཔེ་ལ་མི་ལྟོས་དཔེ་ཅན་གྱི། །ཁྱད་པར་གཟུགས་བཀོད་ཆ་ཤས་གཟུགས། །དལ་དུས་བསོད་ནམས་མ་བསགས་པའི།  །སྤྲང་རྒན་སྨ་རའི་ནགས་གསེབ་ན།  །པྲ་མོ་ཧ་ཡི་སྟག་ཁྱུ་ཚོགས།  །འདོད་པ་མེད་ཀྱང་བྱ་ཐབས་ཅི།  །དཔེ་ལ་མི་ལྟོས་དཔེ་ཅན་གྱི། །ཁྱད་གཞི་གཟུགས་བཀོད་ཆ་ཤས་ཅན། །གཡུང་དྲུང་གཙུག་གཤེན་རྒྱལ་བ་ཞེས།  །རྟེན་བཟང་ཨུཏྤལ་མེ་ཏོག་ལ།  །རྣམ་དག་མཚན་དཔེའི་འཛུམ་རླབས་ཅན།  །གང་མཇལ་དད་པའི་སྤུ་ལོང་གཡོ།  །དཔེ་ལ་མི་ལྟོས་དཔེ་ཅན་གྱི།  །ཡན་ལག་གཅིག་སོགས་བཀོད་པའི་གཟུགས།  །བསྐལ་པ་བརྒྱ་ལ་རྙེད་དཀའ་བའི།   །དལ་འབྱོར་ནོར་བུ་རིན་པོ་ཆེ།  །ཐོབ་དུས་བྱང་ཆུབ་མ་བསྒྲུབ་ན།  །ཐོབ་དང་མ་ཐོབ་ཁྱད་པར་གང་།  །(ཡན་ལག་གཉིས་གཟུགས་ནི)ཐུགས་ཉིད་ནམ་མཁའ་དྲི་མེད་ལས།  །ཐུགས་རྗེའི་མེ་ཆར་འབུམ་གཡོ་བས།  །མི་བསྲུན་དྲེགས་སྡེའི་ཀླད་འགེམས་པ།  །སྟག་ལྷ་མེ་འབར་སྤྲུལ་པའི་གསས།  །(ཡན་ལག་གསུམ་གཟུགས་ནི)སྒྱུ་ལུས་སྡོང་རྒན་གོག་པོའི་རྩེར།  །རལ་པ་ག་ཤིའི་མེ་ཏོག་ཅན།  །དྲི་ཆེན་ཐང་ཚིལ་ཉིལ་བཞིན་དུ།  །འཁོར་བའི་གསང་གཏམ་སྒྲོག་འདི་ཅི།  །དོན་ལ་མི་ལྟོས་དཔེ་སྔ་ཕྱི།  །ཕན་ཚུན་འབྲེལ་བ་ལྡན་པའི་གཟུགས།  །ཚད་མེད་སྙིང་རྗེའི་ཀུན་བཟོད་མར།  །ཕ་རོལ་ཕྱིན་བཅུའི་རྐང་འཐུང་རྒྱས།  །སྤངས་དང་རྟོགས་པའི་བཞད་ལྡན་དབུས།  །སྐུ་གསུམ་འབྲས་སྨིན་དམ་པའི་གཤིས།  །དོན་ལ་མི་ལྟོས་དཔེ་སྔ་ཕྱི།  །ཕན་ཚུན་འབྲེལ་མེད་མི་ལྡན་གཟུགས།  །ཁ་དཀར་ཟླ་བའི་ལང་ཚོ་ལ།  །བསམ་ནག་དབྱར་གྱི་ཤེ་མུན་རྫོགས།  །གཡོ་སྒྱུའི་སྐར་སྐྱ་ཀུན་ཏུ་བཀྲམ།  །འགྲོ་དོན་པ་ཞེས་ཨ་ཙ་མ།  །དོན་གྱི་ངོ་ཁྱད་དཔེ་གཟུགས་སུ།  །བཀོད་མིན་མང་ཉུང་མི་མཉམ་གཟུགས།  །རྒྱལ་བུ་ཀུན་དགའ་རིན་ཆེན་གྱི།  །བློ་སྟོབས་རྒྱ་མཚོའི་རླབས་སྐྱེས་པ།  །ལེགས་བྱས་ཟླ་བའི་བ་དན་གྱི།  །གྲགས་དཀར་འཇིག་རྟེན་ཀུན་ལ་ཁྱབ།  །ཁྱད་མཚར་གཟུགས་ཀྱིས་རང་ལ་ཕན།  །དགྲ་ཟླར་མིག་གནོད་ཁྱད་པར་ཅན།  །དམ་པའི་ཞབས་སེན་འོད་དཀར་ཅན།  །སྲི་ཞུ་དྲག་པོའི་རྩེར་བཀོད་ན།  །ཚངས་སྤྱོད་པད་མོ་མི་ཟླུམ་ཞིང་།  །རྣམ་དཀར་རྒྱ་མཚོ་སླར་ལ་འཕེལ།  །དོན་ལ་ལྟོས་མིན་དཔེ་ཉིད་ཀྱི།  །ཁྱད་པར་རྣམས་དང་འགལ་བའི་གཟུགས།  །དལ་འབབ་མཛོད་ལས་མ་འཁྲུངས་ཤིང་།  །གོ་ལའི་ཁྱོན་ནས་མི་བགྲོད་པའི།  །གཤེན་རབ་ཐུགས་རྗེའི་ཉི་གཞོན་གྱིས།  །འགྲོ་བློའི་བག་སྒྲིབ་སངས་ཀྱིས་བཀྲུས།  །དཔེ་ཅན་དག་གི་རྒྱུ་མཚན་གྱིས།  །དཔེ་གཟུགས་བཀོད་པ་རྒྱུ་ཡི་གཟུགས།  །བརྟན་བརྗིད་ལྡན་པས་གསེར་གྱི་རི།  །ཀུན་ལ་སྙོམས་པས་སྲིད་པའི་མིག  །དགོས་འདོད་འབྱུང་བས་ནོར་བུ་སྟེ།  །ཨུཏྤལ་གཙུག་སྐྱེས་སྐྱེ་དགུའི་མགོན།  །དཔེ་དང་དཔེ་ཅན་མིང་མཐུན་གྱི།  །ཁྱད་པར་མཉམ་སྦྱོར་སྦྱར་བའི་གཟུགས།  །སྨིན་སྒྲོལ་གཏེར་མཛོད་ངང་བའི་རྒྱལ།  །དམར་སེར་འཕུར་མའི་ཁོང་སེང་ནས།  །གཞན་སྣང་འདྲེན་པའི་གསུང་སྙན་ཅན།  །མང་འདུས་རྒྱ་མཚོའི་དབུས་ན་སྤ།  །དཔེ་ཅན་དཔེ་ཡི་གཟུགས་བཀོད་པ།  །ཟུར་དཔེར་མཚུངས་བརྗོད་དཔེ་ཡི་གཟུགས།  །ཐུགས་བསྐྱེད་དབྱར་གྱི་སྤྲིན་དཔུང་ལས།  །བྱིན་རླབས་གྲུ་ཆར་མི་འཛད་པའི།  །གཤེན་ལྷའི་ཐུགས་ཀྱི་ནམ་མཁའ་འདིས། །འཆི་མེད་ལམ་ལ་ཅོ་འདྲི་བྱེད། །དཔེ་དོན་སོ་སོར་བཀོད་པའི་སྟེང་།  །མཚུངས་བོན་སོ་སོར་ལྡོག་པའི་གཟུགས།  །འཇོག་པོས་འདོད་འབྱུང་དཔལ་ལ་སྤྱོད།  །བདག་གིས་ལེགས་ལམ་ནོར་བུར་སྟེ།  །དེ་ནི་སྲིད་པའི་ལོངས་འབྱོར་ཙམ།  །འདི་ནི་ཐམས་ཅད་མཁྱེན་པའི་རྒྱུ།  །དཔེ་ཅན་དཔེ་ཡི་གཟུགས་བྱས་ཀྱང་།  །དཔེ་ཞེས་བརྗོད་འགོག་འགོག་པའི་གཟུགས།  །ལུང་དང་རིག་པའི་གཤོག་དྲུག་ཅན།  །བཅུ་རིག་སྨྲ་བའི་མཁའ་ལྡིང་དབང་།  །གྲུབ་མཐའི་སྲིད་རྩེར་མངོན་ལྡིང་ཡང་།  །སྐྱ་རེངས་ནུ་བོ་སུ་ཡིས་སྒྲོག  །དཔེ་དོན་ཁྱད་པར་ཐལ་ཆ་དང་།  །ཡུལ་ཅན་ཐལ་ཆ་མཉམ་འཇོག་གཟུགས།  །མཁས་པའི་ལེགས་བཤད་མ་མ་ཀེན།  །གདོལ་རིགས་སྦལ་པར་དུག་འགྱུར་མོད།  །ལེགས་བཤད་ཚ་བའི་སྐྱོན་མ་ཟད།  །ཁོ་རང་བསོད་ནམས་དམན་པས་ཀྱང་།  །དཔེ་ཅན་དཔེ་གཟུགས་བྱས་ནས་སླར།  །དཔེ་གཞན་གཟུགས་བཀོད་གཟུགས་ཅན་གཟུགས།  །ཙི་ཏ་ནམ་མཁའི་ཁང་བཟང་ལ།  །ཚིལ་བུ་སྤྲིན་གྱི་བྱ་འདབ་དང་།  །དབུ་མ་གཞུ་བཀྲའི་རྒྱལ་མཚན་ཅན།  །རང་རིག་ཉིན་བྱེད་བླ་མའི་གནས།  །དཔེ་ཅན་ཁྱད་པར་དགག་ནས་སླར།  །དཔེ་ཁྱད་སྒྲུབ་པ་བསྙོན་དོར་གཟུགས།  །ཀུན་ཡིད་འཕྲོག་པའི་གུར་གུམ་གཟུགས།  །སྟོན་སྐུ་མ་ཡིན་གླིང་བཞིའི་སྤོ།  །བླ་གོས་མ་ཡིན་ལྷ་དབང་གཞུ།  །གཙུག་ཏོར་མ་ཡིན་དཔག་བསམ་ལགས།  །འདིས་མཚོན་གཟུགས་ཅན་མཐའ་ཡས་པ།  །དཔྱོད་ལྡན་མཁས་པའི་བློ་ཡིས་དཔོག  །གཟུགས་རྒྱན་རྣམས་ནི་དཔེ་དོན་གཉིས།   །གཅིག་ཏུ་བརྗོད་པའི་སྙན་ངག་ཡིན།  །ཚིག་དོན་རེ་རེས་ངག་དོན་གཞན།  །གསལ་བྱེད་སྦྱོར་བདེ་གསལ་བྱེད་རྒྱན།  །རིགས་དང་བྱ་བ་ཡོན་ཏན་རྫས།  །ཐོག་བར་མཐར་གནས་བཅུ་གཉིས་དང་།  །འཕྲེང་འགལ་དོན་གཅིག་སྦྱར་བཅུ་དྲུག  །རིགས་བརྗོད་ཐོག་མའི་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་རིགས་ཐོག་གསལ།  །རྣམ་པར་དག་གོ་རྒྱལ་བའི་བསྟན།  །གཙང་དག་དྲང་སྲོང་ཕོ་མོའི་སྡེ།  །སྤངས་པ་ཆེན་པོའི་རང་བཞིན་དང་།  །དྲི་མས་དབེན་པའི་སེམས་དབྱིངས་ཀྱང་།  །བྱ་བ་བརྗོད་པའི་ཚིག་ཐོག་མས།  །གཞན་གསལ་སྦྱོར་བདེ་བྱ་ཐོག་གསལ།  །བསྐོར་རོ་རྒྱལ་བས་བཀའ་འཁོར་གསུམ།  །འབྱུང་བའི་ཡི་གེའི་འཁོར་ལོ་སོགས།  །བགྲོད་པས་འདུ་གནས་ཁྱད་པར་ཅན།  །རང་རང་གཙོ་ལ་འཁོར་གྱིས་ཀྱང་།  །ཡོན་ཏན་བརྗོད་པའི་ཚིག་ཐོག་མས།  །གཞན་གསལ་སྦྱོར་བདེ་ཡོན་ཏན་ཏེ།  །རྒྱལ་པོ་ལང་ཚོ་སྟོབས་དང་ཤུགས།  །ལྷབ་ལྷུབ་བདའ་དགུའི་ནུས་པས་ཏེ།  །བཅུ་རིག་སྨྲ་བའི་བློ་གྲོས་ཀྱང་།  །ཡོངས་འཛིན་མཁས་པའི་དྲིན་གྱིས་སོ།  །རྫས་བརྗོད་ཐོག་མའི་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་རྫས་ཐོག་གསལ།  །ནོར་བུ་ཉིད་དོ་བསམ་པ་ཀུན།  །སྨོན་པ་བཞིན་དུ་འགྲུབ་པའི་རྫས།  །ཁྱུང་དང་ཀླུ་དབང་གཙུག་གི་རྒྱན།  །ཀུ་བེ་ར་ཡི་ག་ཤ་ཡང་།  །བར་གནས་རིགས་བརྗོད་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་རིགས་བར་གསལ།  །རྒྱལ་ཡུམ་བཟང་ཟའི་ཞལ་དཀྱིལ་དང་།  །ཟླ་འོད་འཐུང་བའི་ཀུ་མུ་ཏ།  །དཀར་རོ་དགེ་བསམ་བློ་གྲོས་དང་།  །ཁ་བ་དུང་དང་འོ་མཚོ་ཡང་།  །བར་གནས་བྱ་བརྗོད་ཚིག་གཅིག་གིས།  །གཞན་གསལ་འཁྲིད་བདེ་བྱ་བ་གསལ།  །སྟོན་པས་འཁོར་ལོ་བོན་སྒོ་དང་།  །ཞི་དྲག་བར་མའི་རྣམ་འགྱུར་འགའ།  །བསྟན་ནོ་རྫུ་འཕྲུལ་སྣ་ཚོགས་དང་།  །མ་མཐོང་པ་ལ་གསལ་བར་ཡང་།  །བར་གནས་ཡོན་བརྗོད་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་ཡོན་ཏན་བར།  །གཞའ་སྤྲིན་ཉི་ཟླས་ནམ་མཁའ་དང་།  །རྩྭ་ལྗང་གསར་པའི་དོག་མོའི་ཁྱོན།  །མཛེས་སོ་མཁས་པས་རྒྱལ་བའི་བསྟན། །རིན་ཆེན་རྒྱན་གྱིས་སྐྱེས་བུ་ཡང་། །བར་གནས་རྫས་བརྗོད་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་རྫས་བར་གསལ།  །གཤེན་རྒྱལ་བོན་པོའི་ཕྱག་ཆ་དང་།  །མཆོག་གསུམ་སྙན་གསན་འབེབ་པའི་རྫས།  །གསེར་གཤང་ཉིད་དོ་ལྷ་རྔའི་གྲོགས།  །ལོག་ལྟ་འདུལ་བའི་མྱོས་རྫས་ཀྱང་།  །མཐར་གནས་རིགས་བརྗོད་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་རིགས་མཐར་གསལ།  །ཚུལ་ཁྲིམས་བསྲུང་དང་ཐོས་བསམ་སྦྱང་།  །ཏིང་འཛིན་སྒོམ་དང་གསང་སྔགས་བསྒྲུབ།  །མཆོད་སྦྱིན་གཏོང་དང་ལོངས་སྤྱོད་འགྱེད།  །ཕྱག་དང་སྐོར་བ་ཐར་བའི་དཔུང་།  །མཐར་གནས་བྱ་བརྗོད་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་བྱ་མཐའ་གསལ།  །བྱམས་དང་སྙིང་རྗེས་གཞན་ཕན་དང་།  །བསྐྱེད་རྫོགས་འཕྲོ་འདུས་ཡི་དམ་ལྷ།  །ཐོས་བསམ་བསྒོམ་པས་ཡང་དག་དོན།  །ལུང་རིག་ཚད་མས་བདེན་པ་བསྒྲུབ།  །མཐར་གནས་ཡོན་ཏན་བརྗོད་ཚིག་རེས།  །གཞན་གསལ་སྦྱོར་བདེ་ཡོན་ཏན་ཏེ།  །མཐོན་པོའི་ཁྲི་ལ་འཛེགས་པ་དང་།  །ཆེན་པོ་རྣམས་ཀྱིས་བཀུར་བ་དང་།  །ཀུན་ལས་རྣམ་པར་རྒྱལ་བ་སོགས།  །གང་འདོད་འགྲུབ་པ་དགེ་བའི་དྲིན།  །མཐར་གནས་རྫས་བརྗོད་ཚིག་གཅིག་གིས།  །གཞན་གསལ་སྦྱོར་བདེ་རྫས་མཐའ་གསལ།  །བདེ་གཤེགས་ལྷ་ཡི་གཞལ་ཡས་དང་།  །ནད་སེལ་གཙང་མའི་ཚན་སྣོད་དེ།  །དཀྱིལ་འཁོར་ཕོ་བྲང་དབང་གི་རྫས།  །ཚེ་ལྷའི་ཕྱག་མཚན་བུམ་པ་འོ།  །ངག་དོན་གཅིག་གིས་དོན་སྔ་ཕྱི། །གཅིག་ལ་གཅིག་འབྲེལ་གསལ་ཕྲེང་གསལ།  །གདམས་ངག་ཟབ་མོས་སྙིང་རྗེ་བསྐྱེད།  །དེ་ཡིས་ཀུན་ལ་བྱམས་པ་སྟེ།  །དེས་ནི་དགའ་བ་ཚད་མེད་པ།  །དེས་ཀྱང་བཏང་སྙོམས་ཆེན་པོའོ།  །ངག་དོན་གཅིག་གིས་དོན་འགལ་མཐུན།  །ཀུན་སྟོན་སྦྱོར་བདེ་འགལ་གསལ་ཏེ།  །བོན་ལ་བློ་སྦྱང་ཐར་ལམ་ཕྱེད།  །ངན་སོང་འཁོར་བའི་སྐྱེ་སྒོ་འགག  །བཅུ་ཕྲག་རིག་པའི་བློ་རྩལ་རྒྱས།  །བདག་འཛིན་མ་རིག་འཁྲུལ་པ་ནུབ།  །ཚིག་རེས་ངག་དོན་སྣ་ཚོགས་པ།  །མདོ་རྩ་གཅིག་གསལ་དོན་གཅིག་གསལ།  །དོན་གཉེར་འགའ་ཞིག་རྩོལ་བྲལ་ངང་།  །ལ་ལས་རིག་པའི་གནས་ཀུན་སྦྱང་།  །རེ་འགས་ལུས་སེམས་ལྷ་སྐུ་བསྒྲུབ།  །གང་ཡང་མཐར་ཐུག་དོན་དུ་གཅིག  །མཚུངས་བོན་ལྷན་སྦྱར་ཚིག་རེས་གཞན།  །གསལ་ཞིང་སྦྱོར་བདེ་སྦྱར་གསལ་ཏེ།  །མི་གཡོ་མཚན་མེད་བདལ་པ་ཆེ།  །ནམ་མཁའ་སྣང་ཞིག་སྲིད་པའི་རྟེན།  །བོན་ཉིད་བོན་ཅན་རྣམས་ཀྱི་སྟེ། །སེམས་ཉིད་སེམས་འབྱུང་ཀུན་གྱི་འོ།  །འདིས་མཚོན་གསལ་བྱེད་རྒྱན་མཐའ་ཡས།  །དཔྱོད་ལྡན་རིག་པའི་རྩལ་གྱིས་དཔོག  །གསལ་རྒྱན་ངག་དོན་ཀུན་ཚིག་རེས།  །ཤུགས་ཀྱིས་འགྲོལ་བའི་སྙན་ངག་ཡིན། །ཚིག་དོན་གང་རུང་གཅིག་པ་འམ།  །གཉིས་ཀ་གཅིག་པ་བསྐོར་བའི་རྒྱན།  །དོན་བསྐོར་ཚིག་བསྐོར་གཉིས་བསྐོར་གསུམ།  །ཚིག་ལ་མི་ལྟོས་དོན་རེ་རེ།  །བསྐྱར་ཏེ་བརྗོད་པ་དོན་བསྐོར་ཏེ།  །སྟོན་པའི་སྒྲོན་མེ་ཐོད་དཀར་སྲས། །རྒྱལ་བའི་མགོན་པོ་གཤེན་རབ་མཆོག །རྐང་གཉིས་གཙོ་བོ་ལྷ་ཡི་ལྷ།  །ཡང་དག་སྟོན་པ་ཁྲི་གཙུག་རྒྱལ།  །དོན་ལ་མི་ལྟོས་ཚིག་རེ་རེ།  །བསྐྱར་ཟློས་བྱེད་པ་ཚིག་བསྐོར་ཏེ།  །མཁས་པས་བོན་ལ་གཅེས་སྤྲས་བྱེད།  །བླུན་པོས་ནོར་ལ་གཅེས་སྤྲས་བྱེད།  །ཟོག་པོས་རྫུན་ལ་གཅེས་སྤྲས་བྱེད།  །ཁོ་བོས་ཟས་ལ་གཅེས་སྤྲས་བྱེད།  །ཚིག་དོན་གཉིས་ཀ་བསྐྱར་ཏེ་བརྗོད།  །ཚིག་དོན་གཉིས་ཀ་བསྐོར་བའི་རྒྱན།  །ཟབ་དཀར་སྔགས་ཀྱི་ཤིང་རྟ་ཆེ།  །འཆི་མེད་གཙུག་ཕུད་སྤྲུལ་པའི་གསས།  །གསང་བ་སྔགས་ཀྱི་ཤིང་རྟ་ཆེ།  །ཡེ་གཤེན་གཙུག་ཕུད་སྤྲུལ་པའི་གསས།  །དེས་མཚོན་བསྐོར་བའི་བྱེ་བྲག་གཞན།  །དཔྱོད་ལྡན་བློ་ཡིས་ཕྱེ་བ་སླ།  །སྐོར་བའི་རྒྱན་ནི་བརྗོད་བྱ་དང་།  ། རྗོད་བྱེད་སྐྱོར་བའི་སྙན་ངག་ཡིན།  །དགག་བྱའི་དོན་དེ་འགོག་ནུས་པའི།  །ངག་དོན་བཀོད་པ་འགོག་པའི་རྒྱན།  །འདས་དང་ད་ལྟ་མ་འོངས་དང་།  །བོན་དང་བོན་ཅན་རྒྱུ་འབྲས་དང་།  །རྗེས་གནང་དབང་དང་མ་གུས་དང་།  །ཤིས་བརྗོད་རྩུབ་མོ་གྲོགས་དང་འབད། །གཞན་དབང་ཐབས་དང་ཁྲོ་མྱ་ངན།  །འགྱོད་པ་ཐེ་ཚོམ་སྦྱར་བ་དང་།  །དོན་གཞན་རྒྱུས་འགོག་ཉི་ཤུ་གསུམ།  །སྔོན་ཐལ་དངོས་པོ་འགོག་ནུས་པའི།  །གཏན་ཚིགས་བཀོད་པ་འདས་འགོག་སྟེ།  །གཤེན་རབ་སྐུ་ལུས་ཁྲུ་དགུ་བར།  །གྱད་ཆེན་ཁྱབ་པས་ལོང་བུ་ཡན།  །མ་བརྒལ་ཞེས་པའི་གཏམ་དེ་རྫུན།  །འོན་ཀྱང་ཅི་ཡང་སྤྲུལ་པའི་སྐུ།  །ད་ལྟ་མངོན་གྱུར་འགོག་ནུས་པའི།  །གཏན་ཚིགས་བཀོད་པ་ད་ལྟ་འགོག  །རྒྱལ་ཡུམ་ཤེས་རབ་བྱམས་མ་ཀྱེ།  །སྣང་གསལ་མེ་ལོང་ཐོགས་འདིས་ཅི།  །འཁོར་འདས་སྒྲིབ་མེད་ས་ལེ་བ།  །ཡེ་ཤེས་སྤྱན་བས་ལྷག་པ་གང་།  །འབྱུང་འགྱུར་དངོས་པོ་འགོག་ནུས་པའི།  །གཏན་ཚིགས་བཀོད་པ་མ་འོངས་འགོག  །དཀར་ནག་བཞིན་གྱི་འགྱུར་སྣ་ཅན།  །ཐོས་པའི་དོན་ལ་མི་སེམས་པར།  །བག་ཆགས་ངན་པའི་རྗེས་སྙེགས་ནས།  །བསླབ་པའི་སྣོད་ཙམ་ག་ལ་རུང་།  །དོན་གྱི་ཁྱད་བོན་འགོག་ནུས་པའི།  །གཏན་ཚིགས་བཀོད་པ་བོན་འགོག་སྟེ།  །ཆད་པར་ལྟ་བའི་ཕྱི་རོལ་པས།  །དགེ་སྡིག་ནུས་པ་མི་འབྱིན་ཏེ།  །རྒྱུ་འབྲས་འབྲེལ་འབྱུང་མེད་བདེན་ན།  །མ་ལས་བུ་སྐྱེས་ག་ལ་སྲིད།  །དོན་གྱི་ཁྱད་གཞི་འགོག་ནུས་པའི།  །གཏན་ཚིགས་བཀོད་པ་བོན་ཅན་འགོག  །མཐིང་ནག་མེ་རིའི་འོད་དཔུང་ན།  །ཆེ་མཆོག་རྔམ་པའི་སྐུ་བཞུགས་ཞེས།  །ཆུ་བུར་མིག་གི་ཡུལ་ཡིན་ན།  །རང་ཉིད་ལྷ་རུ་ཇི་ལྟར་གྲོལ།  །འབྲས་བུ་སྐྱེ་བྱེད་རྒྱུ་ཡི་ཆ།  །འགོག་པའི་ངག་དོན་རྒྱུ་འགོག་སྟེ།  །བདེན་རྫུན་ཁྲིམས་ཀྱི་ག་དར་ལ།  །ལུགས་གཉིས་རྣམ་པར་ཐར་པ་དང་།  །འགལ་བའི་ཉེས་པས་མ་ནོན་ན།  །འཆི་བདག་ཡིན་ཀྱང་འཇིགས་དགོས་ཅི།  །ནུས་ལྡན་རྒྱུ་ཡི་འབྲས་བུའི་ཆ།  །འགོག་པའི་ངག་དོན་འབྲས་འགོག་སྟེ།  །མཁན་སློབ་དཔང་པོས་དབེན་པའི་སར།  །འདོད་ལྷའི་མདའ་ལྔས་གཟིར་མོད་ཀྱི།  །ཆང་དང་མཛེས་མའི་རྣམ་འགྱུར་གྱིས།  །ཁོ་བོའི་བསླབ་པ་བཅོམ་མ་ནུས།  །གཞན་དོན་རང་བློས་མ་ཐོང་པ།  །གལ་ཚིག་གིས་འགོག་མ་གནང་འགོག  །སྙིང་ལྟར་གཅེས་པའི་སྟང་པོ་ཁྱོད།  །གཞན་ཟླར་གཤེགས་ན་ཉེ་བར་བཞུད།  །ཁོ་མོ་གྲོགས་བྲལ་ཡུན་ཐུང་ཕྱིར།  །དོ་ནུབ་ཡར་ཆབ་གཞུང་ལ་བསྐྱོད།  །གཞན་གྱི་འདོད་དོན་དབང་ཡོད་ཀྱི།  །ཚིག་གིས་འགོག་པ་དབང་འགོག་སྟེ།  །རྒྱལ་བུ་ལེགས་པའི་དཔལ་འཛིན་ཁྱེད།  །སོ་ཐར་བསྟན་པའི་སྒོར་ཞུགས་ན།  །དགེ་འདུན་བྱེ་བའི་རྒྱལ་པོ་རུ།  །འགྱུར་ཀྱང་ཡབ་མེས་གདན་སར་འཐད།  །རང་གི་མི་འདོད་པ་ཡི་རིགས།  །དྲང་མོས་འགོག་པ་མ་གུས་འགོག  །བདག་ནི་ཐར་པའི་རྩ་བ་ལས།  །ཆེ་བཙན་དྲེགས་པའི་གོ་སར་མིན།  །ཉིད་ཀྱིས་བཀྱོན་ནམ་མ་བཀྱོན་རུང་།  །རང་གི་གཤིས་ལུགས་གསོང་པོ་ལགས།  །བདེན་སྨོན་ཟོལ་ནས་གཞན་འདོད་གང་།  །ཤུགས་འགོག་ནུས་སྡན་ཤིས་བརྗོད་འགོག  །མགོན་ཁྱེད་འོལ་མོ་གླིང་ཆེན་དུ།  །གཤེགས་པའི་དགོངས་བཞེད་འགྲུབ་གྱུར་ཅིག  །མགོན་མེད་ལུས་རྒྱ་མྱུར་ཞིག་ནས།  །ཉིད་ཀྱི་ཞབས་དྲུང་སྐྱེ་བར་ཤོག །གཞན་ཡིད་འགེམས་པའི་ཚིག་རྩུབ་ཀྱིས།  །འདོད་དོན་ཤུགས་འགོག་རྩུབ་མོས་འགོག  །བུ་ཁྱོད་གྲགས་ཕྱིར་འབྲིང་བདེན་ན།  །གཡོ་ཁྲམ་སྡིག་པའི་འཁོར་ལོ་སྐོར།  །ཁོ་བོ་གདུགས་ཀྱི་རྩེ་མོ་ལ།  །བྱང་ཆུབ་སེམས་དཔའི་བསླབ་གྲལ་སྙེགས།  །འདོད་འགྲུབ་གྲོགས་ཚིག་མངོན་གྱུར་གྱིས།  །འདོད་དོན་ཤུགས་འགོག་གྲོགས་འགོག་སྟེ།  །སྲས་ཁྱེད་རྒྱལ་སྲིད་ཀུན་སྤངས་ཏེ།  །གཅིག་པུར་འདོད་ན་མྱུར་དུ་གཅེས།  །ཕྱིས་ན་ལུགས་གཉིས་རྣམ་བཞག་གི།  །གཞན་ཕན་ཉེས་པས་བྱ་དཀའ་འགྱུར།  །མི་འདོད་བོན་ལ་འབད་བྱས་པས།  །ཁ་མར་ལོག་པ་འབད་པས་འགོག  །ཁོ་ནས་བརྐུས་པའི་འདོད་འབྱུང་འདི། །ཁྱོད་ལ་ཕན་ཕྱིར་མ་མཐོང་ཞེས།  །བརྗོད་པར་འདོད་ཀྱང་རྫུན་སྤངས་ཀྱི།  །སྡོམ་ལྡན་ལགས་ཕྱིར་ཚད་མར་ཐལ།  །གང་གི་འདོད་དོན་འགོག་ནུས་པའི།  །གཉན་པོ་གཞན་འཚོལ་གཞན་དབང་འགོག  །སོ་ཐར་བསྙེན་རྫོགས་དགེ་སློང་ཁྱེད།  །གསང་བའི་ཕྱག་རྒྱ་བསྟེན་པའི་གྲོས།  །འདུལ་འཛིན་མཁས་པའི་ངག་ལ་དྲིས།  །ཅི་གསུང་བདག་ཀྱང་ཡི་རང་འབུལ།  །འདོད་དོན་གནང་བ་ལྟ་བུའི་ངང་།  །བསྒྲུབ་ཐབས་བྲལ་བརྗོད་ཐབས་འགོག་སྟེ།  །ཀུན་དགའ་ནམ་མཁའི་ཐིག་ལེ་ཁྱོད།  །ནུབ་རིའི་ཕག་ལ་ཡིབས་ཀྱང་བཟོད།  །འཛམ་གླིང་སྣང་བ་མི་ནུབ་པའི།  །འོད་གསལ་ངེད་ལ་སྐལ་བ་ཞོག  །ཁྲོ་ཚིག་དྲག་པོས་གཞན་དག་གི  །འདོད་དོན་འགོག་པ་ཁྲོ་འགོག་སྟེ།  །ཕྱི་ནང་གྲུབ་མཐའི་རྩོད་གྲྭ་རུ།  །བདེན་དོན་སྣ་གཅིག་མི་འགྲུབ་པར།  །དམ་པ་སྨད་པའི་ཀུ་ཅོ་ཅན།  །ཁྱོད་འདྲའི་གྲུབ་རྫུན་མེད་ན་ཨང་།  །དངོས་པོའི་བྱ་བ་མ་རྫོགས་པར།  །ཆུད་ཟོས་སྐྱོ་བ་མྱ་ངན་འགོག  །མཆོད་ཡུལ་མཉེས་པར་མ་བྱས་ཤིང་།  །སྦྱིན་ཡུལ་ཚིམས་པར་མ་ཕོད་ལ།  །རང་བདེར་མ་ནུས་བསགས་པའི་ནོར།  །ཨར་པས་བརླགས་འདི་སྙིང་རེ་རྗེ།  །རྒྱུ་ལ་མ་འབད་དགོས་ཆེའི་སྐབས།  །འབྲས་མེད་བློ་འགྱོད་འགྱོད་འགོག་སྟེ།  །དམ་པའི་ཞལ་སྔ་མ་འགྲིམས་ཤིང་།  །རིག་པའི་གནས་ལ་མ་བསླབ་ལ།  །གནས་ལུགས་རྗེན་པར་མ་སྐྱོལ་བས།  །མཁས་མང་མདུན་སར་སྐྱེངས་འདི་འགྱོད།  །དཔེ་དོན་མཚུངས་ཀྱང་དཔེ་ཅན་ཆས།  །གཉིས་འཛིན་བཟློག་པ་ཐེ་ཚོམ་འགོག  །གང་འདི་ས་མཆོག་ལྗོན་པ་འམ་།  །ཡང་ན་དྲང་སྲོང་རྒྱལ་བའི་སྐུ།  །སྐལ་ལྡན་ཚོགས་ཀྱི་དགའ་སྟོན་དུ།  །ལེགས་བཤད་འབྱིན་ཕྱིར་ཙན་དན་མིན།  །དཔེ་དོན་ཁྱད་བོན་མཉམ་སྦྱར་དཔེ།  །དོན་གྱིས་འགོག་པ་སྦྱར་འགོག་སྟེ།  །དྲི་མེད་དོན་གསལ་ཀུན་དགའི་དཔལ།  །ལུང་རིག་སྨྲ་བའི་བློ་གྲོས་ཅན།  །འགྲོ་བའི་བླ་མ་ཡོད་བཞིན་དུ།  །ལྷ་ཡི་བླ་མས་ཅི་ཞིག་བྱ།  །བསྒྲུབ་བྱ་བཀོད་རྗེས་ནུས་ལྡན་པའི།  །སྒྲུབ་བྱེད་ཀྱིས་འགོག་དོན་གཞན་ཏེ།  །ལུང་རིག་སྨྲ་བའི་དབང་པོ་ཡིས། །ད་དུང་ཐོས་པར་བརྩོན་འདི་ཅི། །འོན་ཀྱང་གང་གཱའི་མ་མ་ཡིས། །ཕྱོགས་བཅུའི་དལ་འབབ་སྡུད་ལ་ལྟོས།  །གྲགས་སམ་གྲུབ་པའི་རྒྱུ་མཚན་གྱིས།  །དགག་བྱ་འགོག་པ་རྒྱུས་འགོག་སྟེ།  །འཁོར་མེད་དྲིན་གྱི་བདག་ཉིད་ཅེས།  །མ་མ་ཁྱོད་ལ་མི་བསྟོད་དེ།  །ཇི་ཕྱིར་སྲིད་པའི་ལུགས་བཟང་ལས།  །བུ་སྐྱོངས་མ་ཡི་སྐལ་བས་སོ། །འདིས་མཚོན་འགོག་པའི་རྒྱན་ཐ་དག  །བློ་དང་ལྡན་པ་རྗེས་སུ་དཔོག  །འགོག་པའི་རྒྱན་ནི་འདོད་པའི་དོན། །བསྒྲུབ་ཏུ་མི་སྟེར་སྙན་ངག་ཡིན།  །བསྒྲུབ་བྱ་བཀོད་རྗེས་ནུས་ལྡན་གྱི།  །སྒྲུབ་བྱེད་བཀོད་པ་དོན་གཞན་བཀོད།  །ཀུན་ཁྱབ་ཁྱད་པར་སྦྱར་དང་འགལ།  །མི་འོས་འོས་དང་འོས་མི་འོས།  །མི་འོས་འོས་པའི་དོན་དང་བརྒྱད།  །འདོད་ཚུལ་སྤྱི་ལྟོས་བསྒྲུབ་བྱའི་རྗེས།  །སྒྲུབ་བྱེད་ནུས་ལྡན་ཀུན་ཁྱབ་སྟེ།  །རིགས་དང་ལྡན་པའི་ལུས་ཅན་གང་།  །སྐྱེས་ནས་འཆི་བའི་རང་བཞིན་ཏེ། །འོད་དང་ལྡན་པའི་ཉི་ཟླ་ཡང་། །ཤར་བའི་མཐའ་མར་ནུབ་ལ་ལྟོས།  །འདོད་ཚུལ་ཁྱད་ལྡན་བསྒྲུབ་བྱའི་རྗེས།  །སྒྲུབ་བྱེད་ནུས་ལྡན་ཁྱད་པར་ཅན།  །འདི་ལྟར་སྣང་བའི་དངོས་པོ་ཀུན།  །སྐྱེ་མེད་གདོད་ནས་དག་པ་སྟེ།  །རང་ལས་སྐྱེ་བ་ལ་སོགས་པ།  །མུ་བཞི་དག་དང་བྲལ་བས་སོ། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་དག  །ཁྱད་བོན་མཉམ་སྦྱོར་སྦྱར་བ་ཞེས།  །སྐྱེས་མཆོག་མི་ཡི་སེང་གེ་ལ།  །རྒོལ་ངན་གཞན་གྱིས་མི་ཚུགས་ཏེ།  །ནུས་ལྡན་རྣམ་པར་རྒྱལ་བ་ཡིས།  །ལོག་སྟོབས་ངང་གིས་གཞིལ་ལ་ལྟོས།  །དོན་གྱི་ཁྱད་པར་འགལ་ཙམ་གྱི།  །བསྒྲུབ་བྱ་སྒྲུབ་བྱེད་འགལ་བ་སྟེ།  །དམ་པ་དབེན་སར་སྦས་ན་ཡང་།  །ལེགས་པའི་རྣམ་བཞག་ཀུན་ཏུ་ཁྱབ།  །ནོར་བུ་དར་གྱིས་དྲིལ་ན་ཡང་།  །འདོད་པའི་རེ་འབྲས་ཀུན་ལ་ཁྱབ།  །འཐད་པའི་དོན་ལ་མི་འཐད་པའི།  །ངག་དོན་བཀོད་པ་མི་འོས་པ།  །སྙིགས་དུས་རྒྱལ་བའི་བསྟན་པ་ལ།  །མཁས་བཙུན་དོན་ལྡན་ཉིན་སྐར་ཙམ།  །སྲིད་ན་བླུན་པོ་སྙིང་ཁམས་པས།  །མི་འདོད་ངན་པའི་མཚང་འདི་འདྲ།  །བསྒྲུབ་བྱར་མཚུངས་པའི་ནུས་ལྡན་གྱི།  །སྒྲུབ་བྱེད་འཐད་ལྡན་འོས་པ་སྟེ།  །འཁྲུལ་བྲལ་རྒྱལ་བའི་བསྟན་པ་དང་།  །ཚད་ལྡན་སྐྱེས་བུར་གཤེ་བ་གང་།  །ཐར་པའི་སྲོག་གཅོད་ཧ་ལ་དང་།  །མཐུན་པའི་རྣམ་འབྱེད་འོས་པ་གོ།  །བསྒྲུབ་བྱ་འོས་དང་མི་འོས་གཉིས།  །སྒྲུབ་བྱེད་ནུས་ལྡན་འོས་མི་འོས།  །འཕགས་པ་རྣམས་ཀྱིས་བདག་མེད་ཀུན།  །རྟོགས་ཀྱི་སོ་སོ་སྐྱེ་བོས་མིན།  །རྟ་བདུན་ཅན་གྱིས་མུན་པ་ཀུན།  །སེལ་གྱིས་སྲིན་མཇུག་འོད་ཀྱིས་མིན།  །མི་འོས་འོས་པའི་བསྒྲུབ་བྱ་དག།  །སྒྲུབ་བྱེད་ནུས་ལྡན་མི་འོས་འོས།  །མཁས་པས་ལོག་པའི་ལུང་སྟོན་ན།  །བླུན་པོས་ནོར་ཡང་ལྷན་སྐྱེས་གཤིས།  །མ་མས་ཟས་ལ་དུག་སྦྱར་ན།  །ཤ་པས་སྦྱར་ཡང་འོས་པའི་གནས།  །དེས་མཚོན་དོན་གཞན་བཀོད་པའི་རྒྱན།  །གཞན་ཡང་བློ་དང་ལྡན་པས་དཔྱོད།  །དོན་གཞན་བཀོད་པ་འདོད་པའི་དོན།  །བདེན་པ་བསྒྲུབ་པའི་སྙན་ངག་ཡིན།  །མཚུངས་པ་དངོས་སམ་ཤུགས་བསྟན་པ།  །འབྱེད་བྱེད་བཀོད་པ་ལྡོག་པ་ཅན།  །གཅིག་ལྡོག་གཉིས་ལྡོག་སྦྱར་དང་འགོག  །གཏན་ཚིགས་རྟོགས་མཚུངས་རྟེན་ལྷག་གཉིས།  །འབྱེད་བྱེད་མཚུངས་སྒྲས་ཟིན་མ་ཟིན།  །རིགས་མཐུན་ལྡོག་པ་ཅན་དང་བཅུ།  །དཔེ་དོན་མཚུངས་སྦྱོར་དཔེ་ཁྱད་རེ།  །འབྱེད་བྱེད་བཀོད་པ་གཅིག་ལྡོག་སྟེ།  །ཁྲོ་རྔམ་འབར་བའི་འཇིགས་སྟངས་ཅན།  བདུད་འདུལ་དྲག་ཆེན་རྔམ་པའི་སྐུ།  །འཇིག་བྱེད་དུས་ཀྱི་མེ་དཔུང་དང་།  །མཚུངས་ཀྱང་དུར་ཁྲོད་ཆས་ཀྱིས་འབྱེད།  །དཔེ་དོན་མཚུངས་ཀྱང་སོ་སོའི་ཁྱད། །འབྱེད་བྱེད་བཀོད་པ་གཉིས་ལྡོག་སྟེ། །དབྱངས་ཅན་མ་དང་རྒྱལ་བཞད་ཡུམ།  །མཚར་སྡུག་ཀུན་དགའི་དཔལ་ཡིན་ཀྱང་།  །ཚངས་སྲས་སྣང་སྟོང་སྒྱུ་མའི་འཕྲུལ།  །རྒྱལ་ཡུམ་གདོས་བཅས་མཚན་དཔེའི་རྟེན།  །དཔེ་དོན་མཚུངས་བོན་གཅིག་སྦྱར་བ།  །ཁྱད་འགས་སོར་འབྱེད་སྦྱར་ལྡོག་སྟེ།  །མཛེས་མའི་ལུས་དང་པད་སྡོང་གཉིས།  །ཕྲ་ལྡེམ་ཀེ་ས་རབ་མཛེས་པ།  །མཚུངས་ཀྱང་འཛུམ་ལྡན་བུང་པའི་དང་།  །གཅིག་ཤོས་སྐྱེ་བོའི་རྩེ་དགའ་འོ།  །དཔེ་དོན་མཚུངས་བོན་སྦྱར་བའི་དཔེས།  །དོན་མཚུངས་ནུས་འགོག་འགོག་ལྡོག་སྟེ།  །དཀར་གསལ་གངས་རིའི་གཟི་མདངས་ཅན།  །ཕས་རྒོལ་འཇོམས་པའི་སྐད་གསང་ཡང་།  །རྣམ་དཔྱོད་དབེན་པའི་གདོང་ལྔ་པ།  །མཁས་པའི་རྩོད་ཟླར་ནམ་ཞིག་འགྱུར།  །དཔེ་དོན་མཚུངས་ཀྱང་ཁྱད་པར་འགའི།  །རྒྱུ་མཚན་གྱིས་འབྱེད་གཏན་ཚིགས་ལྡོག  །ཐུན་མཚམས་གསར་པའི་མདངས་ཆགས་ཤིང་།  །གསུང་སྙན་དལ་འགྲོས་གཟབས་ན་ཡང་།  །གཞན་ཕན་བྲལ་ཕྱིར་ངང་མོའི་ཁྱུ།  །བྱང་སེམས་པ་ལས་ཅུང་ཟད་དམན།  །བརྟེན་པའི་ཁྱད་པར་ཤུགས་མཚུངས་པ།  །རྟེན་ཁྱད་ཀྱིས་འབྱེད་རྟེན་ལྡོག་སྟེ།  །རྒྱ་གཤེན་མི་ལུས་བསམ་ལེགས་དང་།  །བྱང་ཆུབ་ལྗོན་པ་གཉིས་ཀྱི་ཁྱད།  །དཔག་བསམ་ལྷ་རི་དེལ་དཀར་རྩེར། །རྒྱལ་གཤེན་བསིལ་མོའི་ལྗོངས་ལ་གནས།  །དཔེ་དོན་ཤུགས་མཚུངས་དཔེར་མེད་པའི།  །དོན་ཁྱད་ཀྱིས་འབྱེད་ལྷག་ལྡོག་སྟེ།  །བང་རིམ་ཅན་ལ་མཁྱེན་བརྩེ་དང་།  །མཚན་དཔེ་ངེས་པའི་ཐོ་ཡིག་མེད།  །ཅི་ཡང་སྤྲུལ་པའི་སྐུ་མཆོག་ལ།  །ཟག་པ་མེད་པའི་ཡོན་ཏན་རྫོགས།  །དཔེ་དོན་མངོན་མཚུངས་མཐུན་བོན་གསལ།  །འབྱེད་བྱེད་སྒྲས་ཟིན་ལྡོག་པ་ནི།  །འ་ཞའི་ཐུགས་དང་འཆི་མེད་ལམ།  །ཟབ་ཡངས་དྭངས་གསལ་སྤྲོས་མཐའ་བྲལ།  །སྔོ་བསངས་གསལ་འཚེར་ཉི་ཟླའི་ཞིང་།  །གང་ཐུགས་སྒྲིབ་མེད་མཁྱེན་བརྩེའི་གཏེར།  །དཔེ་དོན་ཤུགས་མཚུངས་མཐུན་བོན་གབ།  །ཁྱད་འབྱེད་གསལ་བའི་ལྡོག་པ་ནི།  །གཞའ་རིས་སྣ་ལྔ་མཁའ་ཡི་རྒྱན།  །ཡེ་ཤེས་འོད་ལྔ་སེམས་ཀྱི་རྒྱན།  །མཁའ་ལ་ཉི་ཟླ་གཟའ་སྐར་བཀྲ  །སེམས་ལ་འཁོར་འདས་སོ་སོར་གསལ།  །དཔེ་དོན་རིགས་མཐུན་དཔེའི་རྐྱེན་གྱིས།  །དབེན་པས་འབྱེད་པ་རིགས་མཐུན་ལྡོག  །ཉི་མའི་ཟེར་གྱིས་མི་ནོན་ཞིང་།  །ནམ་མཁའི་བླ་བྲེས་མི་སྒྲིབ་པའི།  །བསྟན་འགྲོར་ལྷག་བསམ་དཀར་བའི་ཟླས།  །རྣམ་དཀར་རྒྱ་མཚོའི་ཚོགས་རྣམས་བསྐྱེད།  །འདིས་མཚོན་ལྡོག་པ་ཅན་གྱི་རིགས།  །ཇི་སྲིད་དཔྱོད་ལྡན་བློ་ཡིས་དཔོག   །ལྡོག་རྒྱན་དཔེ་དོན་མཚུངས་པའི་བོན།  །མ་ནོར་ངེས་པར་སྟོན་པའི་ངག  །ཡོངས་ལ་གྲགས་པའི་རྒྱུ་བཀག་ནས།  །འབྲས་བུ་གསལ་སྟོན་སྲིད་པའི་རྒྱན།  །ཕྱི་ནང་ངོ་བོ་སྟོན་པ་གསུམ།  །རིག་པས་མ་ཟིན་ཕྱི་ཡི་བོན།  །རྒྱུ་བཀག་འབྲས་སྟོན་ཕྱིའི་སྲིད་ཅན།  །མ་བསྟོད་གངས་རྒྱལ་དཔང་རེ་མཐོ།  །མ་ཕྱིས་དཀར་གསལ་དྲི་མེད་དག  །མ་བསྐོས་ཆུ་ཀླུང་སོ་སོར་འབེབ། །མ་བརྟག་གནས་བརྒྱའི་བླ་ན་འཕགས།  །རིག་པས་ཟིན་པ་ནང་གི་བོན།  །རྒྱུ་བཀག་འབྲས་སྟོན་ནང་སྲིད་ཅན།  །མ་སྤྲས་དཀར་དམར་མདངས་ཀྱིས་མཛེས།  །མ་བྲིས་མཚན་དཔེའི་རི་མོ་བཀྲ  །མ་བརྒྱན་མཚར་རྫོགས་དབྱངས་ཅན་མས།  །མ་བོས་སྐྱེ་བུའི་དྭངས་པ་འདྲེན།  །བར་མའི་རིགས་ཀྱི་རྒྱུ་བཀག་ནས།  །འབྲས་བུ་གསལ་སྟོན་ངོ་བོ་ཙམ།  །མ་བཀྲུས་འདུལ་ཁྲིམས་རྣམ་པར་དག  །མ་བསྡུས་རིག་པའི་གནས་ཀུན་འཚོགས།  །མ་བརྩལ་དོན་ལྡན་སྐྱེས་བུ་གང་།  །མ་གཟབས་བསྟན་པའི་རྒྱན་དུ་ཆེ།  །དེས་མཚོན་སྲིད་པ་ཅན་གྱི་རིགས།  །གཞན་རྣམས་བློ་དང་ལྡན་པས་དཔྱོད།  །སྲིད་པ་ཅན་ནི་བརྗོད་བྱའི་གཤིས།  །ཡེ་གནས་རང་བཞིན་བརྗོད་པའི་ངག  །དོན་བསམ་དཔེ་ཁྱད་མངོན་བརྗོད་པས།  །བརྗོད་དོན་བསྡུ་བ་བསྡུས་བརྗོད་དེ།  །སྤྱི་དང་ཁྱད་པར་རྣམ་གཉིས་དང་།  །སྔོན་ན་མེད་པའི་བསྡུས་བརྗོད་བཞི།  །དོན་བསམ་དཔེ་ཁྱད་མངོན་བརྗོད་པས།  །དོན་བསྡུ་ཙམ་ནི་སྤྱི་བསྡུས་ཏེ།  །རྒྱུ་མཚན་དབེན་པའི་བྱིས་པ་འགས།  །མཛེས་སྡུག་པད་མོའི་དགའ་ཚལ་ནས།  །ལྟོག་བཅས་ཤོག་གཞིའི་མེ་ཏོག་ལ།  །ཡ་མཚན་འཛིན་ཏེ་བསྒྲུག་ལ་ལྟོས།  །དོན་བསམ་དཔེ་དོན་ཁྱད་མཉམ་སྦྱོར།  །དཔེ་བརྗོད་དོན་བསྡུ་ཁྱད་པར་ཅན།  །པད་མོས་མཛེས་པའི་དྲི་བཟང་ཅན།  །ནུས་ལྡན་འབྲས་བུས་ཁུར་ལྕི་བའི།  །བྱང་ཆུབ་ཤིང་ལ་བརྟེན་པ་གང་།  །བདེ་སྐྱིད་སྐབས་གསུམ་དཔལ་ལ་དབང་།  །དོན་བསམ་དཔེ་ཁྱད་ཕྱེད་སྨད་ལ།  །དོན་ཁྱད་སྦྱར་བའི་ཁྱད་པར་ཅན།  །མཐོང་དང་རེག་དུག་འབྱིན་པའི་ཀླུ།  །བསམ་ངན་སྦྱོར་རྩུབ་ཁྲོ་གཏུམ་ཅན།  །ཉེ་བར་བརྟེན་དང་འགྲོགས་པ་གང་།  །མཛེ་དང་ཤུ་བ་རྒྱུན་མི་འཆད།  །དོན་བསམ་དཔེ་ཁྱད་བྲལ་བའི་དཔེས།  །བརྗོད་དོན་བསྡུ་བ་སྔོན་མེད་བསྡུ།  །གཟུགས་དབྱིབས་ཚད་དང་ཁ་དོག་སོགས།  །རྡུལ་ཆ་བྲལ་བའི་མེ་ལོང་ངོར།  །ཕྱི་ནང་བར་མའི་རྣམ་པ་གང་། །འགོག་མེད་འཆར་བ་དངོས་པོའི་གཤིས།  །དེས་མཚོན་བསྡུས་བརྗོད་རྒྱན་གྱི་རིགས།  །ཇི་སྲིད་མཁས་པའི་བློ་ཡིས་དཔོག  །བསྡུས་བརྗོད་རྒྱན་ནི་དོན་ཁྱད་རྣམས།  །དཔེ་ལ་བསྡུ་བའི་སྙན་ངག་ཡིན།  །བརྗོད་ཡུལ་གང་ཞིག་འཇིག་རྟེན་གྱི།  །མཚམས་འདས་འུད་བརྗོད་ཕུལ་བྱུང་ཞིང་།  །ཁྱད་འཕགས་ཐེ་ཚོམ་ངེས་པ་དང་།  །གྲགས་སམ་ངོ་མཚར་ཕུལ་བྱུང་བཞི།  །བརྗོད་ཡུལ་གང་ཞིག་འཇིག་རྟེན་གྱི།  །མཚམས་འདས་མཚོན་བྲལ་ཁྱད་འཕགས་ཏེ།  །རྟག་གཟིགས་བྲུ་ཤ་རྒྱ་ཞང་སོགས།  །མཁས་མང་ཐུགས་བཅུད་ཟ་མ་ཏོག །བླ་ཆེན་དྲན་པའི་རྣམ་དཔྱོད་ཆ།  །ཕྱྭ་སྲས་དཔའ་བོས་མཚོན་ནུས་མིན།  །བརྗོད་ཡུལ་གང་ཞིག་འཇིག་རྟེན་གྱི།  །མཚམས་འདས་སོམ་ཉི་ཐེ་ཚོམ་སྟེ།  །ལོ་ཆེན་ཤ་རི་དབུ་ཆེན་གྱི།  །བཅུ་ཕྲག་རིག་པའི་འབེལ་གཏམ་གྱིས།  །ཁྱབ་པ་མེད་པའི་ཞིང་ཁམས་གཞན།   །ཡོད་དང་མེད་ཀྱི་འཕྱང་མོ་ཉུག  །བརྗོད་བྱ་གང་ཞིག་འཇིག་རྟེན་གྱི།  །མཚམས་འདས་ངེས་པ་ཕུལ་བྱུང་བ།  །སྤྲུལ་སྐུ་གཤེན་རབ་བསྟན་པ་ལ།  །མི་གནས་འགྲོ་འགའ་ཡོད་ངེས་ཏེ།  །བྱམས་མགོན་བསྟན་པ་བཞག་པའི་གནས།  །དགོས་ཕྱིར་མེད་པའི་གཏན་ཚིགས་བྲལ།  །བརྗོད་བྱ་གང་ཞིག་འཇིག་རྟེན་པའི།  །མཚམས་འདས་གྲགས་སམ་ངོ་མཚར་སྟེ།  །ཟབ་དཀར་སྔགས་ཀྱི་ཤིང་རྟ་ཆེ།  །གསང་འདུས་གཤེན་གྱི་གྲགས་པ་དཀར།  །ཤོང་བའི་ལྷ་ལམ་གཏོས་ཆུང་ན།  །འབྱུང་བཞི་མ་འཆོལ་ཨེ་མ་ཕུལ།  །དེས་མཚོན་ཕུལ་བྱུང་རྒྱན་རིགས་གཞན།  །བློ་ལྡན་རྣམས་ཀྱིས་ལེགས་པར་དཔོག  །ཕུལ་བྱུང་རྒྱན་ནི་བསྟོད་གྲགས་པས།  །འཇིག་རྟེན་པ་དང་འགལ་བའི་ངག  །བརྗོད་བྱའི་ཡུལ་གྱི་གནས་ལུགས་ལ།  །སྒྲོ་བཏགས་པ་ནི་རབ་བཏགས་ཏེ།  །སེམས་ལྡན་སེམས་མེད་ཏིང་འཛིན་གསུམ།  །རིག་ལྡན་ནང་གི་རྒྱུ་ལུས་ལ།  །གཞན་དུ་སྒྲོ་བཏགས་སེམས་ལྡན་ཏེ།  །གཡུ་འབྲུག་དར་མའི་ཚོམ་རྔམ་གྱིས།  །གངས་ཁྲོད་འགྲོ་བ་སྐྲོག་པའི་ལན།  །རྒས་དུས་ནོར་བུ་བཅོམས་དོགས་ནས།  །ཁར་བཅུག་མཚོ་གཏིང་གབ་མིན་ནམ།  །རིག་བྲལ་ཕྱི་ཡི་དངོས་པོ་ལ།  །གཞན་དུ་སྒྲོ་བཏགས་སེམས་མེད་དེ།  །རི་རྣམས་དགུན་གསུམ་གྲང་རེག་ལ།  །དོགས་ནས་གངས་ཞུ་གྱོན་པ་དང་།  །དབྱར་གསུམ་ཚ་རེག་མ་བཟོད་ནས།  །ཆུ་འཛིན་བླ་བྲེ་དབུབ་པར་ངེས།  །རིག་ལྡན་རིག་བྲལ་གང་ཡིན་ཀྱང་།  །རང་ལ་སྒྲོ་བཏགས་ཏིང་འཛིན་ཏེ།  །རྒྱལ་ཡུམ་བཟང་ཟའི་མཛེས་སྐུ་ནི།  །གར་མ་ལི་ཤོས་བཅོས་པ་བཞིན།  །ཡིད་འོང་རྣམ་བཀྲའི་མཚན་དཔེ་ནི།  །རྫུ་འཕྲུལ་པིར་གྱིས་བྲིས་པ་བཞིན།  །སྙམ་འདྲ་དགོས་ངེས་མིན་ནམ་བཞིན།  །རབ་བཏགས་གསལ་བྱེད་སྒྲས་ཕྱེས་ནས།  །བྱེ་བྲག་གཞན་རྣམས་བློ་ཡིས་དཔོག  །འདྲ་དང་བཞིན་སྒྲས་ཟིན་ན་ཡང་།  །དཔེ་ཟླས་དབེན་ཕྱིར་དཔེ་རྒྱན་མིན།  །རབ་བཏགས་རྒྱན་ནི་བརྗོད་བྱ་ལ།  །སྒྲོ་བཏགས་བརྗོད་པའི་སྙན་ངག་ཡིན།  །རྒྱུ་ལས་འབྲས་བུ་གང་ཡིན་པ།  །གྲུབ་ཚུལ་སྟོན་པ་རྒྱུ་ཡི་རྒྱན།  །སྐྱེད་དང་ཉམས་བྱེད་རྣམ་འགྱུར་ཐོབ།  །ཕྱི་ཤེས་ནང་ཤེས་སྔ་ན་མེད།  །ཞིག་དང་ཕན་ཚུན་སྤངས་ན་མེད།  །བཟློག་པ་རིང་འབྲས་ལྷན་ཅིག་པ།  །རྒྱུ་ལས་འབྲས་སྔ་རིགས་མིན་དང་།  །རིགས་པའི་རྒྱུ་དང་བཅུ་གཅིག་གོ  །རྒྱུ་འམ་རྐྱེན་ལས་འབྲས་བུའི་ཆ།  །དངོས་སུ་སྐྱེ་བ་སྐྱེད་བྱེད་དེ།  །དྲིན་དང་ལྡན་པའི་དཔོན་གསས་དང་།  །ཐེག་ཆེན་གདམས་པ་ཟབ་མོ་དང་།  །སྨོན་དང་འཇུག་པའི་སེམས་བསྐྱེད་ཀྱིས།  །ཐར་པའི་ལམ་རྣམས་ཉེ་བར་བསྐྱེད།  །རྒྱུ་འམ་རྐྱེན་གྱིས་འབྲས་བུའི་ཆ།  །ཆག་པར་བྱེད་པ་ཉམས་བྱེད་རྒྱུ།  །རང་བཞིན་ཆ་ལུགས་བསྐོར་ཕྱག་དང་།  །རྒྱུད་ལུང་མན་ངག་ཀློག་བཤད་དང་།  །རིམ་གཉིས་འཕྲོ་འདུའི་འོད་ཟེར་གྱིས།  །སྒྲིབ་པའི་ཚོགས་རྣམས་ཉམས་པར་བྱེད།  །རྒྱུ་འམ་རྐྱེན་གྱིས་དངོས་པོ་གཞན།  །རང་དབང་བསྒྱུར་བ་རྣམ་འགྱུར་རྒྱུ།  །སྡོམ་གསུམ་རྣམ་པར་དག་པ་དང་།  །རིག་པའི་གནས་ལ་མཁས་པ་དང་།  །རང་བཞིན་ངང་ཚུལ་བཟང་རྣམས་ཀྱིས།  །སྐྱེ་དགུའི་སྣང་བ་བོན་ལ་བསྒྱུར།  །རྒྱ་འམ་རྐྱེན་གྱི་འབྲས་བུའི་ཆ།  །ཐོབ་པར་བྱེད་པ་ཐོབ་བྱེད་རྒྱུ།  །སློབ་དཔོན་ལུས་ཀྱི་མགོ་ལྟར་ཁུར།  །རྒྱུ་འབྲས་དམ་ཚིག་སྲོག་ལྟར་འཆང་།  །བསྒྲུབ་བརྩོན་དཀའ་བ་མཐར་ཕྱིན་པས།  །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱེད།  །ཕྱི་སྣོད་དམིགས་པའི་རྐྱེན་རྟགས་ཀྱིས།  །འབྲས་བུ་འགྲུབ་པ་ཕྱི་ཤེས་རྒྱུ།  །རྩི་ཤིང་འབྲུ་སྨན་རྒྱས་པ་དང་།  །སྐྱེད་ཚལ་པད་མོས་མཛེས་པ་སོགས།  །ཕུན་ཚོགས་དབྱར་གྱི་བསྐལ་བཟང་རྣམས།  །འབྲུག་སྒྲས་ཡིད་ལ་ལྷང་ངེར་བཀོད།  །ནང་བཅུད་དམིགས་རྐྱེན་གཏན་ཚིགས་ཀྱིས།  །འབྲུས་བུ་གྲུབ་པ་ནང་ཤེས་རྒྱུ།  །ལུང་རིག་གདར་ཤ་མ་ཆོད་ཅིང་།  །འཁོར་འདས་གཞི་རྩ་མ་རྟོགས་སོགས།  །རྨོངས་པའི་ངན་མཚང་མཆིས་སོ་ཅོག  །རུ་ཏྲའི་རྣམ་འགྱུར་གཅིག་གིས་རྟོགས།  །རྒྱུ་འམ་བྱེད་རྐྱེན་མེད་པ་ལས།  །འབྲས་བུ་འགྲུབ་པ་སྔ་ན་མེད།  །སྲིད་དང་ཞི་བའི་རྣམ་བཞག་ལ།  །ཤེས་རབ་རྣམ་གསུམ་མ་སྦྱངས་པས།  །ལུང་རིག་འབེལ་གཏམ་སྒྲོག་པའི་སར།  །ངོ་ཚ་བློ་འགྱོད་གསར་དུ་སྐྱེ།  །དངོས་པོ་གུད་པའི་རྒྱུ་རྐྱེན་གྱིས།  །འབྲས་བུ་འགྲུབ་པ་ཞིག་མེད་རྒྱུ།  །འཇམ་ལེགས་ལང་ཚོའི་བཀྲག་མདངས་ཡལ།  །སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་ཉམས།  །འཇིག་རྟེན་སྣང་བ་ནུབ་སོགས་ཀྱིས།  །ཕྱི་མའི་གནས་སྐབས་ཡིད་ལ་བཀོད།  །ཕན་ཚུན་གཅིག་ཁྱད་གཅིག་མེད་པས།  །འབྲས་བུ་འགྲུབ་བྱེད་ཕན་ཚུན་མེད།  །ཧོས་རུ་ཁྲུ་གསུམ་དགོན་སྡེ་མིན།  །རིལ་བ་དམུ་ལུག་རྒྱལ་སྲིད་མིན།  །བེའུ་བུམ་སྐྱོ་རོགས་མིན་ཕྱིར་འདིས།  །རང་ཉིད་ཞི་བདེའི་དཔལ་ལ་བཀོད། །འདོར་བྱ་དོར་བའི་ནུས་པ་ཡིས།  །འབྲས་བུ་འགྲུབ་པ་སྤངས་མེད་རྒྱུ།  །སྲོག་གཅོད་རྐུ་རྫུན་ལོག་གཡེམ་སོགས།  །འདུལ་བའི་ལུང་དང་འགལ་བའི་ལས།  །རིམ་དང་གཅིག་ཆར་སྤངས་པ་ཡིས།  །དྲི་བྲལ་སྤྱོད་པ་རྣམ་དག་འགྲུབ།  །རྒྱུ་ལས་འབྲས་བུ་གྲུབ་པའི་ཚུལ།  །བཟློག་སྟེ་བརྗོད་པ་བཟློག་པའི་རྒྱུ།  །རྒྱལ་བས་བཀའ་འཁོར་རྣམ་པ་གསུམ།  །ཕ་ནོར་བུ་ལ་མ་བཞག་མིན།  །དེས་ན་རྒྱལ་སྲས་སེམས་དཔའི་ཚོགས།  །ལྟ་སྤྱོད་ལོག་དང་གོལ་སྐྱོན་མེད།  །རྒྱུ་རྐྱེན་བྱ་བ་མ་དམིགས་པའི།  །འབྲས་བུ་ཤུགས་འགྲུབ་རིང་བའི་རྒྱུ།   །སྟོན་མཆོག་འཆི་མེད་གཙུག་ཕུད་དེ།  །དབལ་གསས་རྔམ་པའི་སྐུར་བཞེངས་ཏེ།  །ལོག་སྡེའི་ཆོ་འཕྲུལ་བཟློག་པའི་ཚེ།  །ལྷ་ཕྲན་ཕལ་གྱི་ལྕེ་སྙིང་འདར།  །རྒྱུ་འམ་རྐྱེན་དང་འབྲས་བུ་རྣམས།  །སྔ་ཕྱི་མཉམ་པ་ལྷན་ཅིག་པ།  །གསལ་ཆ་དབེན་པའི་སྨག་རུམ་དུ།  །མཚལ་གྱི་སྣང་མ་བལྟམས་པ་དང་།  །ཕྱོགས་ཀྱི་མུན་པ་སངས་པ་གཉིས།  །སྐྱེ་དང་འགག་པ་ཆབས་ཅིག་འགྲུབ།  །འགྲུབ་བྱེད་རྒྱུ་ལས་གྲུབ་པའི་འབྲས།  །སྔ་ཚུལ་བྱུང་བ་འབྲས་སྔ་སྟེ།  །འགྲོ་རྣམས་རང་སྣང་གང་བདེ་ཡིས།  །ཟིན་མེད་འཁོར་བའི་སྡུག་བསྔལ་ལ།  །ཇི་ལྟར་སྤྱོད་པའི་རིམ་པ་ལྟར།  །ཀུན་འབྱུང་ཉོན་མོངས་སླར་ལ་འཕེལ།  །རྒྱུ་འམ་རྐྱེན་འབྲས་རྣལ་མ་ལས།  །ལོག་འབྲས་འགྲུབ་པ་མི་རིགས་རྒྱུ།  །མཁས་པས་ཕྱེས་པའི་ལེགས་བཤད་རྣམས།  །ཕྱོགས་མེད་ཀུན་དགའི་དཔལ་མིན་པས།  །ཐོས་ཆུང་རྨོངས་པའི་དང་ཁ་རུ།  །མི་སྡུག་དུ༔ཁ་འབྱིན་འདི་ཅི།  །རྒྱུ་འམ་རྐྱེན་ལས་གྲུབ་པའི་འབྲས།  །ཕྱིན་ཅི་མ་ལོག་རིགས་པའི་རྒྱུ།  །སྐལ་བ་ཅན་རྣམས་ལང་ཚོའི་དུས།  །བསླབ་པ་གསུམ་ལ་ཚུལ་བཞིན་དུ།  །སྦྱང་ན་མངོན་མཐོའི་ཁྲི་འཕང་ནས།  །མགྲིན་པའི་གཟེངས་ཆེན་ངོམ་པར་འགྱུར།  །དེས་མཚོན་རྒྱུ་ཡི་རྒྱན་མཐའ་དག །དཔྱོད་ལྡན་བློ་ཡིས་ཕྱེ་བ་སླ།  །རྒྱུ་ཡི་རྒྱན་ནི་བྱེད་པ་ལས།  །བྱ་བ་འབྱུང་བའི་སྙན་ངག་ཡིན།  །བརྡ་འམ་རྣམ་འགྱུར་ཕྲ་མོ་རེས།  །དོན་རྣམས་རྟོགས་བྱེད་ཕྲ་མོའི་རྒྱན།  །ཟུར་དང་རྣམ་པ་ཕྲ་མོ་གཉིས།  །ལུས་སམ་ངག་གི་རྣམ་འགྱུར་གྱི།  །ཆ་ནས་དོན་སྟོན་ཟུར་ཕྲ་སྟེ།  །མཐོན་པོའི་ཁྲི་ལ་འཛེགས་པ་འགས།  །རང་གི་ཆེ་བའི་ཡོན་ཏན་རྣམས།  །འདུས་པའི་འཁོར་ལ་སྟོན་པའི་ཆེད།  །གཞན་གྱི་རྣམ་པར་ཐར་པ་སྒྲོག  །རང་བཞིན་བརྡ་ཐབས་ཕྲ་མོ་ཡི།  །ཟོལ་ནས་དོན་སྟོན་རྣམ་ཕྲ་སྟེ།  །བདེ་གཤེགས་ཀུན་འདུས་གཤེན་ལྷ་ཡི།  །ཐུགས་རྗེས་དུག་ལྔ་ཐུལ་བ་དང་།  །འགྲོ་དོན་ཕྱོགས་རིས་མེད་པ་སྟེ།  །ཁྲི་མིག་གཅན་ལྔ་ཉི་ཟླས་མཛེས།  །དེས་མཚོན་ཕྲ་མོའི་རྒྱན་དག་གི  །བྱེ་བྲག་བློ་ལྡན་རྣམས་ཀྱིས་དཔོག  །ཕྲ་རྒྱན་རྟོགས་བྱའི་དོན་རྣམས་ཀུན།  །བརྡ་ཡིས་སྟོན་པའི་སྙན་ངག་ཡིན།  །བསྒྲིབ་བྱ་ལ་ལྟོས་སྒྲིབ་བྱེད་གཞན།  །ཟུར་གྱིས་གླེང་བ་ཆ་ཡི་རྒྱན།  །འོས་དང་མི་འོས་སྨད་བསྟོད་གཞི།  །བསྒྲིབ་བྱའི་དོན་དེ་སྒྲིབ་ནུས་པའི།  །སྒྲིབ་བྱེད་འཐད་ལྡན་བཀོད་པ་འོས།  །ཞེ་རྩ་སྡར་མའི་ཤེས་ལྡན་འགས།  །ནུས་ལྡན་ཤ་ལན་མ་འཁོར་སྐབས།  །བཟོད་ཐོབ་བསླབ་པ་མ་ཉམས་པའི།  །ཡོན་ཏན་དཔག་མེད་གཞན་ལ་གདམས།  །བསྒྲིབ་བྱ་སྒྲིབ་པར་མི་ནུས་པའི།  །སྒྲིབ་བྱེད་བཀོད་པ་མི་འོས་ཆ།  །མཛའ་བོས་བོར་བའི་འདོད་གདུང་མ།  །བཞིན་ཉམས་གདོང་གཤེར་འབེབ་པའི་ཚེ།  །ཀྱེ་མ་རྩོད་ལྡན་སྙིགས་མའི་འགྲོ།  །སྲིད་མཚོར་འཁྱམས་པ་སྙིང་རྗེ་སྐད།  །གང་ཞིག་གཞན་ལ་སྨད་པའི་དོན།  །བསྟོད་པས་སྒྲིབ་པ་སྨད་པའི་ཆ།  །རྒྱན་བཟང་གྱ་གྱུའི་ཆོ་ག་མཁན།  །ཕུན་ཚོགས་ལྷུན་པོའི་གཏོས་ལྟར་བསགས།  །དགྲ་ཟུན་མི་ནོར་དབང་རྣོན་ཁྱེད།  །སྙིགས་མའི་འདྲེན་སྟོན་ཁྱད་པར་འཕགས།  །གཞན་ལ་བསྟོད་པ་བགྱི་བའི་དོན། །སྨད་པས་སྒྲིབ་པ་བསྟོད་པའི་ཆ།  །ཡིད་འོང་སྲིད་འབྱོར་ཚོགས་སུ་བརླག  །བདག་གཞན་འབྱེད་པའི་གོ་སྐབས་ཕྲ།  །གོས་ཧྲུལ་ལང་ཚོའི་དཔལ་ཉམས་པའི།  །སྡུག་སྲན་སྒོམ་ཆེན་པ་འདིས་ཅི།  །དེས་མཚོན་ཆ་རྒྱན་བྱེ་བྲག་གཞན།  །རྣམ་དཔྱོད་ཅན་གྱིས་རྗེས་སུ་དཔོག  །ཆ་རྒྱན་བྱ་བར་མི་འོས་པ།  །སྦ་བའི་ཚིག་སྐྱོབ་བརྗོད་པའི་ངག  །བསྟན་བྱའི་རྣམ་གྲངས་བཀོད་རྗེས་སུ།  །ཁྱད་དཔེ་རིམ་བརྗོད་རིམ་པ་ཅན།  །གེ་སར་རྔམ་པ་ལྕེ་རིང་གི་  །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས།  །རི་མཚོ་ནོར་བུ་ཉི་ཟེར་མཁའ།  །ཆབས་ཅིག་བསྡུས་པའི་རྣམ་ཐར་ལགས།  །འདིས་མཚོན་རིམ་པ་ཅན་མཐའ་དག  །དཔྱོད་ལྡན་བློ་ཡིས་ཕྱེ་བ་སླ།  །རིམ་པ་ཅན་ནི་དཔེ་དོན་གཉིས།  །གོ་རིམ་སྒྲིག་པའི་སྙན་ངག་ཡིན།  །འཐོབ་བྱ་དངོས་སམ་ཕྱོགས་མཐུན་གཞན།  །ལོངས་སྤྱོད་དགའ་བསྐྱེད་དགའ་པའི་རྒྱན།  །དངོས་ཐོབ་གཟུགས་བརྙན་དགའ་བ་གཉིས།  །འཐོབ་བྱའི་དངོས་པོར་མངོན་སུམ་དུ།  །ལོངས་སྤྱོད་དགའ་བསྐྱེད་དངོས་ཐོབ་སྟེ།  །ཡོན་ཏན་བཅོ་བརྒྱད་ལྡན་པའི་ལུས།  །ཐོབ་པའི་དགའ་བ་ཁྱད་པར་ཅན།  །འདི་འདྲ་སླར་ཡང་དལ་འབྱོར་ལྡན་རྟེན།  །ཐོབ་ན་འབྱུང་གི་གཞན་དུ་ཅི།  །འཐོབ་བྱའི་དངོས་པོའི་རྗེས་མཐུན་ཙམ།  །ལོངས་སྤྱོད་དགའ་བསྐྱེད་གཟུགས་བརྙན་ཏེ།  །བདག་ནི་ལས་ཉོན་ཁུར་ལྗི་བས།  །གཤེན་ཞལ་དངོས་སུ་མ་ཟིན་རུང་།  །མཚན་ཐོས་ཞལ་སྐྱིན་མཇལ་བས་ཀྱང་།  །དགའ་བ་མཐོང་ལམ་པ་ལས་ལྷག   །འདིས་མཚོན་དགའ་བའི་རྒྱན་མཐའ་དག  །མཁས་པའི་བློ་གྲོས་དག་གིས་གཞོལ།  །དགའ་རྒྱན་འདོད་པའི་ཡོན་ཏན་ལ།  །དགའ་བ་བརྗོད་པའི་སྙན་ངག་ཡིན།  །གར་གྱི་ཉམས་བརྒྱད་གང་རུང་གི   །རྣམ་འགྱུར་གསལ་སྟོན་ཉམས་རྒྱན་ལྡན།  །སྒེག་དང་དྲག་ཤུལ་དཔའ་བ་དང་།  །སྙིང་རྗེ་མི་སྡུག་བཞད་བགད་ཉམས།  །རྨད་བྱུང་འཇིགས་རུང་ཉམས་དང་བརྒྱད།  །ཉམ་ཉེས་ཐ་མར་ལེགས་པའི་ཆས།  །བརྒྱན་པའི་དགའ་ཚོར་སྒེག་པའི་ཉམས།  །བདག་ནི་བསྐལ་པ་ཐོག་མེད་ནས།  །མ་རིག་མུན་པའི་བག་ལ་འཐུམ།  །ད་ལན་རིག་གནས་ཕལ་མོ་ཆེ།  །དཔོག་པའི་བློ་གྲོས་ཐོབ་འདི་ཕུལ།  །གང་ཞིག་དྲག་པོའི་ནུས་རྩལ་གྱིས།  །རང་བཞིན་སྙན་བརྗོད་དྲག་ཤུལ་ཉམས།  །སྲིད་གསུམ་དབང་བསྒྱུར་མཐུ་མོ་ཆེ།  །གཡོ་བའི་གར་གྱིས་ས་གཞི་ལྡེག  །རི་རབ་འདར་ཞིང་རྒྱ་མཚོ་འཆོལ།  །ཞིང་བཅུ་ཉམས་པ་ཁམས་སུ་རོལ། །རྒྱུ་ཡི་ཁྱད་པར་མ་དམིགས་ཀྱང་།  །རང་རྐྱ་ཐུབ་པ་དཔའ་བའི་ཉམས།  །ཐ་སྙད་ཀུན་ལ་མ་སྦྱང་ཞིང་།  །ལོ་མང་དཀའ་སྤྱད་བསྒོམ་བསྒྲུབ་ལ།  །བརྩོན་པ་མིན་ཀྱང་ཀླུ་དབང་མཚན།  །བྲུ་ཞུ་སྤ་རྨེའུའི་གཙུག་ན་རྒྱལ།  །གཞན་གྱི་སྡུག་བསྔལ་བཟོད་མེད་ལ། །གདུང་ཚིག་བརྗོད་པ་སྙིང་རྗེའི་ཉམས།  །དལ་ལྡན་རང་དབང་ཡོད་པའི་དུས།  །བརྡ་འཇམ་རྙེད་བཀུར་གྲགས་ཕྱིར་འབྲེང་།  །གཅེས་དབང་འགག་ཤུལ་མེ་རླུང་ཆུ།  །དུག་མཚོན་རེག་བྱ་སྐྱི་རེ་འཇིགས།  །འབག་གཙོག་ཡིད་དུ་མི་འོང་བའི།  །རྣམ་འགྱུར་ངན་པ་མི་སྡུག་ཉམས།  །འབུམ་ལྡན་གླིང་གི་རོ་ལངས་རྣམས།  །མིག་འཕྱང་ཀླད་རྡོལ་རྒྱུ་ལོང་འདྲུད།  །རྣག་ཁྲག་གཤང་གཅི་མཉམ་དུ་ཟ།  །དྲི་ངན་ཀུན་ཁྱབ་ཞེ་རེ་རྨེང་།  །ཚོགས་ཀྱི་གནས་སུ་བག་ཚ་བའི།  །སྤྱོད་ལམ་ཁྱད་མཚར་བཞད་བགད་ཉམས།  །ལང་ཚོ་གཟབས་པའི་དགེ་བཤེས་ལགས།  །ཆས་གོས་གླེགས་བུའི་ཚལ་གསེབ་ན།  །རྣ་རྒྱན་མུ་ཏིག་ཆུན་པོ་སྟེ།  །མཁས་པའི་རྩོད་གྲལ་སྦེད་ན་ཨང་།  །གང་ཞིག་ངོ་མཚར་ཡིད་འོང་ཆ།  །འཇེབས་པར་བརྗོད་པ་རྨད་བྱུང་ཉམས།  །རྩེ་ལ་ཕྱོགས་བཅུའི་བདེར་གཤེགས་བཀྲ།  །སྐེད་པར་ཡི་དམ་ལྷ་ཚོགས་གསལ།  །རྩ་བར་ཕོ་ཉ་ལས་ཚོགས་འཁྱུག །བོན་རི་ཆེན་པོའི་སྤྲོ་ཉམས་ལ།  །གདུལ་བྱ་གང་ཡིན་སྐྲག་ནུས་པའི།  །ཚོམ་རྔམ་དྲག་པོ་འཇིགས་རུང་ཉམས།  །བདུལ་འདུལ་དྲག་ཆེན་རྔམ་པ་ཡི།  །ཚ་འབར་མེ་རིའི་དབལ་ཟེར་དེ།  །ལོག་འདྲེན་འབྱུང་པོའི་ཚོགས་རྣམས་ཀྱི།  །ཡིད་ངོར་འཆར་མ་ཐག་ཏུ་བརྒྱལ།  །དེས་མཚོན་ཉམས་ལྡན་རྒྱན་གྱི་རིགས།  །ཇི་སྲིད་བློ་ལྡན་རྣམས་ཀྱིས་དཔོག།ཉམས་ལྡན་རང་བཞིན་བརྗོད་པ་ལ།  །དངོམ་ཆ་སྟོན་པའི་སྙན་ངག་ཡིན།  །གང་བརྗོད་ཡུལ་དེའི་གཟི་བརྗིད་ཀྱིས།  །གཞན་ཀུན་ཟིལ་གནོན་གཟི་བརྗིད་རྒྱན།  །དྲེགས་པ་སྤྱི་འདུལ་དབལ་གསས་ཞེས།  །སྡེ་བརྒྱད་ཡོ་ག་མ་བརྒྱལ་ཅིག  །འདྲེན་སྟབས་ཡིན་གྱི་སྲོག་གཤེད་མིན།  །དད་སྤོབས་བསྐྱེད་དང་ཞི་སྐུར་འགྱུར།  །དེས་མཚོན་གཟི་བརྗིད་ཅན་གྱི་རིགས།  །མཆིས་ཅོག་དཔྱོད་ལྡན་བློ་ཡིས་དཔོག  །གཟི་བརྗིད་རྒྱན་ནི་བརྗོད་བྱ་དེའི།  །ཟིལ་གནོན་ངོམ་པའི་སྙན་ངག་ཡིན།  །གང་གི་འདོད་དོན་འགྲུབ་བྱའི་ཕྱིར།  །ཚིག་སྐྱོབ་གཞན་དཀྲི་རྣམ་གྲངས་བརྗོད།  །ཁོ་བོ་ནམ་གྱི་ཆ་སྟོད་ལ།  །གཉན་སར་བསམ་གཏན་སྐྱོང་ལ་འགྲོ།  །ཁྱོད་ཅག་གཞོན་ནུ་ལྕམ་བྲལ་གཉིས།  །མ་སྐྲག་ཐམས་ཅད་བདེ་མོར་བཞུགས།  །དེས་མཚོན་རྣམ་གྲངས་བརྗོད་པའི་རིགས།  །ཇི་སྲིད་ཤེས་ལྡན་རྣམས་ཀྱིས་འགྲེས།  །རྣམ་གྲངས་གཞན་གྱིས་འདོད་པའི་དོན།  །གོ་ནས་བྱོལ་ཐབས་མཛེས་པའི་ངག  །འདོད་དོན་རྩོལ་བས་མ་བསྒྲུབ་ཀྱང་།  །བཟང་རྐྱེན་གྲོགས་ཤར་ཀུན་ཕན་རྒྱན།  །སེར་ཆགས་བྱེ་བ་འདུས་གླིང་ནས།  །དྲང་སྲོང་ལེགས་པའི་བློ་གྲོས་ཀྱིས།  །མུ་སྟེགས་རྒོལ་བ་ཚར་བཅད་ཕྱིར།  །ཀུན་གྱིས་མཁས་པའི་གྲགས་པ་ཐོབ། །དེས་མཚོན་ཀུན་ཕན་རྒྱན་གྱི་རིགས།  །མཐའ་དག་རིག་ལྡན་རྣམས་ཀྱིས་གཞོལ།  །ཀུན་ཕན་བཟང་རྐྱེན་སྣ་རེ་ཡིས།  །དོན་ཆེན་འགྲུབ་པར་སྟོན་པའི་ངག  །བསམ་དང་འབྱོར་བ་རྒྱ་ཆེ་གཉིས།  །གཞན་ཕན་བཟོད་སེམས་དཔག་མེད་དུ།  །མངའ་བར་སྟོན་པ་བསམ་རྒྱ་ཆེ།  །རྒྱལ་བུ་དམ་པ་ཤེས་ལྡན་གྱིས།  །འགྲོ་རྣམས་ཉིང་ཤ་ཉིང་ཟའི་དུས།  །རྒྱལ་སྲིད་ལུས་སྲོག་རྒྱན་དང་བཅས།  །སྦྱིན་གཏོང་མུ་གེའི་འཇིགས་ལས་བསྐྱབས།  །ལོངས་སྤྱོད་འབྱོར་བ་བསམ་མཐའ་ཡས།  །མངའ་བར་སྟོན་པ་འབྱོར་རྒྱ་ཆེ།  །འདོད་དགུ་ཕུན་ཚོགས་མངོན་དགའ་ཞིང་།  །དམུ་རིགས་འཕྲུལ་གྱི་རྒྱལ་ས་རུ།  །རིན་ཆེན་ཁམས་ལས་མ་གྲུབ་པའི།  །རྫས་རིགས་ཕལ་བ་བཙལ་ཀྱང་མིན།  །དེས་མཚོན་རྒྱ་ཆེའི་རྒྱན་གྱི་རིགས།  །ཇི་སྙེད་མཁས་དབང་རྣམས་ཀྱིས་ཕྱེས།  །རྒྱ་ཆེའི་རྒྱན་ནི་བརྗོད་བྱའི་དོན།  །དཔག་ཡས་ཡོད་པར་སྟོན་པའི་ངག  །དངོས་དོན་མིན་གྱི་དེ་མཚུངས་གཞན།  །ཡིན་ཞེས་བརྗོད་པ་བསྙོན་དོར་རྒྱན།  །བོན་ཡུལ་རང་བཞིན་བསྙོན་པ་གསུམ།  །བརྗོད་བྱའི་དོན་གྱི་ཁྱད་བོན་དེ།  །མ་ཡིན་གཞན་འདོད་བོན་ལ་བསྙོན།  །རྒྱལ་བ་མཆོག་ལ་ཡེ་ཤེས་སྤྱན།  །གཅིག་ཏུ་མ་ངེས་བསམ་མཐའ་ཡས།  །སྲིད་དང་ཞི་བའི་ཤེས་བྱ་ཀུན།  །གཅིག་གིས་གཟིགས་ན་ག་ལ་ཁྱབ།  །སྣང་བའི་ཡུལ་གྱི་རྣམ་པ་གང་།  །དེ་མིན་གཞན་འདོད་ཡུལ་ལ་བསྙོན།  །ཐིག་ལེ་མཆོག་མའི་རྗེས་འགྲོ་མ།  །དཀའ་ཐུབ་གཞོལ་པའི་སྲིན་མོ་དངོས།  །མ་ཡིན་ཆགས་ལྡན་སྐྱེ་བོའི་ངོར།  །འདོད་དོན་སྒྲུབ་པའི་དགྱེས་སྡེ་མོ། །དངོས་པོའི་རང་བཞིན་གནས་ཚུལ་གང་།   །དེ་མིན་གཞན་འདོད་རང་བཞིན་བསྙོན།  །དགའ་བདེ་སྟེར་བའི་སྨིན་ལེགས་མ།  །གཏན་གྲོགས་བཟང་མོར་འབོད་ཀྱང་མིན།  །བྱང་ཆུབ་ཆེན་པོའི་རྒྱལ་སྲིད་ཀུན།  །ངེས་པར་འཕྲོག་པའི་དགྲ་བོ་དངོས།  །དེས་མཚོན་བསྙོན་དོར་རྒྱན་གྱི་རིགས།  །གཞན་ཡང་སྙན་ངག་མཁན་རྣམས་དཔྱོད།  །བསྙོན་དོར་དོན་དེ་ཡིན་བཞིན་དུ།  །མིན་ཞེས་འགལ་མེད་བརྗོད་པའི་ངག  །བརྗོད་པ་རེ་རེས་བརྗོད་བྱའི་དོན།  །དུ་མ་སྟོན་ནུས་སྦྱར་བའི་རྒྱན།  །ཚིག་འདྲ་ཐ་དད་མིན་དང་ཡིན།  །བྱ་བ་ཐ་དད་མིན་དང་འགལ།  །འགལ་བའི་ལས་ཅན་ངེས་ཅན་འགོག  །འགལ་མེད་འགལ་བ་ཅན་དང་དགུ།  །བརྗོད་ངག་ཚིག་གཟུང་རེ་རེ་ལ།  །བརྗོད་དོན་གཉིས་འཚོགས་ཐ་དད་མིན།  །གཟི་བརྗིད་འབུམ་ལྡན་ལང་ཚོའི་བདག  །ཡིད་འོང་ལྷ་བུ་ལྟ་ལྗང་ཅན།  །གཞན་ལ་ཕན་བདེ་སྦྱིན་བརྒྱ་པ།  །སྒྲ་གཅན་ཕྱོགས་ལ་དོགས་ཟོན་གཅེས། །ཚིག་འདྲ་བརྗོད་དོན་ཐ་དད་པ།  །སོ་སོར་བརྗོད་པ་ཐ་དད་དེ།  །ཐེག་ཆེན་དབུ་མའི་རྣལ་འབྱོར་བ།  །འ་ཞ་གསང་བ་འདུས་པ་ཞེས།  །ཕྱི་རྒྱུད་བསྟན་པའི་གཉེར་དཔོན་རྗེ། །སེམས་དཔའ་རྒྱ་མཚོའི་གཙུག་ན་མཛེས།  །(ཡང་ན)རིམ་གཉིས་ཟབ་མོའི་རྣལ་འབྱོར་བ།  །གཤེན་ཆེན་གསང་བ་འདུས་པ་ཞེས།  །ནང་རྒྱུད་བསྟན་པའི་གཉེར་དཔོན་རྗེ།  །དཔའ་བོ་རྒྱ་མཚོའི་གཙུག་ན་མཛེས།  །བརྗོད་པ་གཅིག་གིས་དོན་གཉིས་བསྡུ།  །དོན་བྱ་མཐུན་སྟོན་ཐ་མི་དད།  །མཛེས་སྡུག་རྣམ་བཀྲའི་རི་མོ་དང་།  །ཡིད་ཙམ་གཡོ་བའི་འཛུམ་དཀར་ཅན།  །སྣང་བའི་དཔལ་སྟེར་ཀེང་ཙེ་ཕྱྭ།  །ཟླ་བས་སྣང་བའི་དཔལ་སྟེར་རོ།  །བརྗོད་པ་གཅིག་གིས་དོན་གཉིས་བསྡུ།  །དོན་བྱ་འབྲེལ་ཆགས་སྟོན་འགལ་མིན།  །གུར་གུམ་གདངས་ཆགས་མུ་ཁྱུད་འཚོགས།  །དལ་འགྲོས་གཟབས་པའི་གསུང་སྙན་ཅན།  །ངུར་བའི་ཚོགས་རྣམས་གྲགས་པ་དང་།  །དྲང་སྲོང་རྣམས་ཀྱིས་མདོ་སྡེ་སྒྲོགས། །བརྗོད་པ་གཅིག་གིས་དོན་གཉིས་བསྡུ།  །དོན་བྱ་སྐྱེ་འགག་སྟོན་པ་འགལ།  །ཕྱི་ནང་གསང་བའི་འཁོར་ཚོགས་རྣམས།  །ཁ་ལོ་སྒྱུར་བའི་རྗེ་གཅིག་པུ།  །རྒྱལ་བའི་བསྟན་པ་དར་བ་དང་།  །བདུད་རྗེའི་བསྟན་པ་ནུབ་པར་འགྱུར།  །ཚིག་རེས་དཔེ་དོན་གཉིས་བསྡུ་ཡང་།  །དོན་ཉིད་སྟོན་པ་ངེས་པ་ཅན། །རྒྱ་ཆེ་གཏིང་ཟབ་དཔག་དཀའ་བ།  །དགེ་ལེགས་ཕན་བདེ་འབྱུང་བའི་མཛོད།  །ཤེས་རབ་ལྡན་པའི་བློ་གྲོས་ཁོང་།  །ཡིན་གྱི་ནོར་ལྡན་རྒྱ་མཚོ་མིན།  །ཚིག་རེས་དཔེ་དོན་འགའ་བསྡུ་ཞིང་།  །དོན་གཅིག་མ་ངེས་ངེས་འགོག་སྦྱར།  །འཁོར་བའི་དྲི་མས་མ་གོས་པ།  །རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ།  །འོན་ཀྱང་དག་པ་གཉིས་ལྡན་པ།  །ངོ་བོ་ཉིད་ཀྱི་སྐུ་ཡང་སྣང་།  །དོན་གཅིག་དཔེ་མང་སྦྱར་བའི་བོན།  །མཐུན་པར་བཀོད་པ་འགལ་མེད་སྦྱར།  །རིགས་བརྒྱའི་ཁྱབ་བདག་དྲི་མ་མེད།  །བདེ་གཤེགས་ཀུན་འདུས་འོད་ལྔ་བ།  །གསུང་གི་དབང་ཕྱུག་ཐམས་ཅད་མཁྱེན།  །གཟི་བརྗིད་ཆེན་པོས་བགེགས་དཔུང་འདུལ།  །དོན་གཅིག་དཔེ་མང་སྦྱར་བོན་ཕྱེད།  །མཐུན་དང་ཕྱེད་འགལ་འགལ་བ་ཅན།  །དཀར་འཇམ་ལྡན་ཡང་འཕེལ་འགྲིབ་མེད།  །སྨན་རྒྱལ་ཡིན་ཀྱང་མཁྱེན་བརྩེ་མངའ།  །རྩ་གསུམ་རྗོགས་ཀྱང་འཁོར་ལ་བྱམས།  །སྒྲ་རིག་མཁས་ཀྱང་དྲེགས་སེམས་བྲལ།  །དེས་མཚོན་སྦྱར་རྒྱན་བསམ་མཐའ་ཡས།  །བློ་གྲོས་ལྡན་རྣམས་ལེགས་པར་གཞོལ།  །སྦྱར་རྒྱན་ཚིག་རེས་དཔེ་དོན་གྱི།  །ཁྱད་བོན་ལྷན་ཅིག་སྟོན་པའི་ངག  །འགྲུབ་བྱེད་ཁྱད་པར་མ་ཚང་ཡང་།  །གྲུབ་འབྲས་གསལ་སྟོན་ཁྱད་པར་བརྗོད།  །ཡོན་ཏན་རིགས་དང་བྱ་བ་རྫས།  །རྒྱུ་ཡི་ཁྱད་པར་བརྗོད་པ་ལྔ།  །འགྲུབ་བྱེད་ཡོན་ཏན་མ་ཚང་ཡང་།  །གྲུབ་འབྲས་གསལ་སྟོན་ཡོན་ཏན་ཁྱད།  །བྱང་ཆུབ་ཆེན་པོའི་སྐུ་འདི་ནི།  །ལྕི་བ་མ་ཡིན་ལྷུ་འཐུག་པའང་མིན།  །སྲ་འཐས་མིན་ཀྱང་ཉེར་འཚེའི་རྐྱེན།  །གང་གིས་མི་བསྐྱོད་ཨེ་རེ་རྨད།  །འགྲུབ་བྱེད་རིགས་ཁྱད་མ་ཚང་ཡང་།  །གྲུབ་འབྲས་གསལ་སྟོན་རིགས་ཁྱད་དེ།  །གསེར་ལྡན་གྲོང་ལས་མ་བསྐྱོད་ཅིང་།  །སེང་གེའི་ཁོང་ནས་མ་འཁྲུངས་ཀྱང་།  །འགྲོ་མགོན་ཆེན་པོའི་ཐལ་ངག་གིས།  །རྒོལ་བ་ཚར་གཅོད་གཞན་ཟིལ་གནོན།  །འགྲུབ་པའི་བྱ་བ་མ་ཚང་ཡང་།  །གྲུབ་འབྲས་གསལ་སྟོན་བྱ་ཁྱད་དེ།  །ཁྲོས་པའི་བཞིན་ཉམས་མ་བཟློག་ཅིང་།  །ངར་ལྡན་རྣོ་དབལ་མ་བསྟན་ཡང་།  །དབྱར་མོ་ཐང་བའི་རྣམ་དཔྱོད་ཀྱིས།  །མཁས་ཀུན་ཡིད་རབ་ཆོམས་འདི་ཅི།  །འགྲུབ་ཐབས་རྫས་རིགས་མ་ཚང་ཡང་།  །གྲུབ་འབྲས་གསལ་སྟོན་རྫས་ཁྱད་དེ།  །སྲ་བའི་གོ་དང་རྣོ་བའི་མཚོན།  །མགྱོགས་པའི་རྟ་དང་མང་བའི་དམག །མེད་ཀྱང་གཤེན་རབ་གཙོ་འཁོར་ལྔ།  །བདུད་སྲིན་དཔུང་ལས་རྣམ་པར་རྒྱལ།  །འགྲུབ་བྱེད་རྒྱུ་ཁྱད་མ་ཚང་ཡང་།  །གྲུབ་འབྲས་གསལ་སྟོན་རྒྱུ་ཁྱད་དེ།  །ཆེན་པོའི་གོ་ས་དབང་ཡིག་དང་།  །ཕུན་ཚོགས་སྟོབས་འབྱོར་མངའ་ཐང་སོགས།  །མེད་ཀྱང་རྗེ་བཙུན་ཁྲོ་ཚང་བས།  །འཇིག་རྟེན་གསུམ་པོ་ཟིལ་གྱིས་གནོན།  །དེས་མཚོན་ཁྱད་པར་བརྗོད་པའི་རིགས།  །མཐའ་ཀླས་བློ་ལྡན་རྣམས་ཀྱིས་འགྲེས།  །ཁྱད་པར་འགྲུབ་བྱེད་རྒྱུ་དང་རྐྱེན།  །དབེན་ཀྱང་གྲུབ་འབྲས་སྟོན་པའི་ངག  །མཚུངས་ཟླ་འགལ་དང་དངོས་དོན་དེའི།  །ཁྱད་བོན་མཚུངས་བརྗོད་མཚུངས་སྦྱོར་ཏེ།  །བསྟོད་དང་སྨད་པའི་མཚུངས་སྦྱོར་གཉིས།  །མཚུངས་ཟླ་འགལ་དང་དངོས་དོན་དེའི།  །ཡོན་ཏན་མཚུངས་བརྗོད་བསྟོད་མཚུངས་ཏེ།  །ཕྱྭ་རྗེ་ཡབ་བླ་བདལ་དྲུག་དང་།  །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་།  །གཤེན་རབ་མི་མགོན་རྒྱལ་པོ་རྣམས།  །འཇིག་རྟེན་དབང་པོ་ཆེ་ཞེས་གྲགས།  །མཚུངས་ཟླ་འགལ་དང་དངོས་དོན་དེའི།  །སྐྱོན་རྣམས་མཚུངས་བརྗོད་སྨད་མཚུངས་ཏེ།  །ཤ་རྒྱས་གཙུག་གི་དུང་ར་དང་།  །རི་དྭགས་ལྟེ་བའི་རྩི་མཆོག་དང་།  །གསོག་ཅན་བླུན་པོའི་ནོར་དང་གསུམ།  །ལེགས་ཀྱང་རང་ཉིད་ཕུང་ལ་སྦྱོར།  །དེས་མཚོན་མཚུངས་སྦྱོར་རྒྱན་གྱི་རིགས།  །ཇི་སྲིད་དཔྱོད་ལྡན་རྣམས་ཀྱིས་དཔོག  །མཚུངས་སྦྱོར་དཔེ་དོན་མཐུན་བོན་རྣམས།  །མཐའ་གསལ་གཅིག་གིས་སྟོན་པའི་ངག  །བརྗོད་གཞིས་བསྐྱེད་དམ་དེ་ལྡན་གྱི།  །འགལ་ཚིག་གསལ་བརྗོད་འགལ་རྒྱན་དེ།  །ཁྱད་གཞི་ཐ་དད་བྱ་བ་འགལ།  །གཞི་གཅིག་བྱེད་འགལ་བོན་འགལ་དང་།  །རྫས་འགལ་ལས་འགལ་སྦྱར་འགལ་དྲུག  །གཞི་དང་བྱ་བ་ཐ་དད་གཉིས།  །ལྷན་ཅིག་སྟོན་པ་ཐ་དད་འགལ།  །འབྲས་དུས་ག་བུར་རྡུལ་བརྩེགས་རྣམས།  །དཀར་བའི་གཟི་མདངས་རྒྱས་པ་དང་།  །ཀུན་བརྟེན་ནོར་གྱི་བློ་གྲོས་མ།  །ལྗང་བཀྲའི་དཔལ་ནི་ཉམས་པར་འགྱུར།  །ཁྱད་གཞི་གཅིག་གིས་བྱེད་ལས་གཉིས།  །ལྷན་ཅིག་སྟོན་པ་བྱེད་འགལ་ཏེ།  །ཁྲི་གདུགས་ཉི་མའི་ཚ་ཟེར་དག   །ལྡུམ་རའི་ཁྲོད་དུ་ལྷག་ཙམ་ན།  །རྟིང་འཐུང་དཀར་པོ་ཟུམ་པ་དང་།  །པད་མོའི་མིག་ནི་འབྱེད་པར་འགྱུར།  །ཁྱད་གཞི་གཅིག་ལ་འབྲེལ་མེད་བོན།  །སྣ་ཚོགས་འཛོམ་པ་བོན་འགལ་ཏེ།  །ཐོས་རྒྱ་ཆེ་ཡང་ཁེངས་སེམས་ཆུང་།  །དགོངས་པ་མཐོ་ཡང་རང་སྣང་དམའ།  །བདག་དོན་སྤང་ཡང་གཞན་དོན་ལེན།  །ཚིག་བོར་དོན་བསྡུད་མཁས་པའི་ལུགས།  །ཁྱད་གཞི་གཅིག་ལ་མི་མཐུན་རྫས།  །སྣ་ཚོགས་འཚོགས་པ་རྫས་འགལ་ཏེ།  །ལྷུན་པོའི་སྐུ་ལ་ཉི་ཟླའི་སྤྱན།  །ནམ་མཁའི་ཐུགས་ལ་འབྲུག་སྒྲའི་གསུང་།  །སྐར་ཚེམས་འབྱུང་ལྔའི་རལ་བ་ཅན།  །སྟོང་ཁྱབ་རྒྱལ་མོ་སྲིད་པའི་ཡུམ།  །གང་ཞིག་བྱེད་པོས་མ་བྱས་ཀྱང་།  །བྱ་ལས་འགྲུབ་པ་ལས་འགལ་ཏེ།  །ཚུལ་ཁྲིམས་སྙིང་རྗེས་རྒྱུད་བརླན་པའི།  །ལུང་རིག་སྨྲ་བའི་སྐྱེས་མཆོག་གིས།  །ཕྱོགས་ཀྱི་སྐལ་ལྡན་མ་བསྡུས་ཀྱང་།  །ཐམས་ཅད་དབྱར་གྱི་སྤྲིན་བཞིན་འདུ།  །བརྗོད་པ་གཅིག་གིས་བརྗོད་དོན་གཉིས།  །འབྲེལ་མེད་སྟོན་པ་སྦྱར་འགལ་ཏེ།  །ཆུ་སྐྱེས་དྭངས་མ་གཟི་བརྗིད་ཅན། །གོ་ལའི་ཁྱོན་དུ་མངོན་རྒྱུ་ཞིང་།  །ཚ་དང་བསིལ་བའི་རེག་བྱ་ཡིས།  །གེ་སར་ཅན་འགལ་ཟུམ་དང་འབྱེད།  །དེས་མཚོན་འགལ་རྒྱན་ཇི་སྲིད་པ།  །དཔྱོད་ལྡན་རིག་པའི་རྩལ་དང་སྦྱོར།  །འགལ་རྒྱན་དོན་ཁྱད་འབྲེལ་མེད་འགལ།  །ལྷན་ཅིག་སྟོན་པའི་སྙན་ངག་ཡིན།  །ཡུལ་ལ་ཡིད་ཆེས་བྱས་མིན་པར།  །འདོད་པས་འཕྲལ་བསྟོད་སྐབས་མིན་ཏེ།  །ཆེ་སར་འགྱིང་བའི་གཡོ་ཅན་འགས།  །རྒྱུ་འབྲས་སྣོག་ལུགས་ཚད་བྱས་ན།  །བསྐོས་པའི་རང་གཞུང་དྲང་སྲོང་བའི།  །ཕལ་པ་རྣམས་ནི་སངས་རྒྱས་དངོས།  །དེས་མཚོན་སྐབས་མིན་བསྟོད་པའི་རྒྱན།  །གཞན་ཡང་དཔྱོད་ལྡན་བློ་ཡིས་དཔོག  །སྐབས་མིན་ཡུལ་ལ་སྐྱོ་བའི་སྐབས།  །མི་འོས་པ་ལ་བསྟོད་པའི་ངག  །སྨད་པ་ལྟ་བུའི་ཚིག་སྦྱོར་གྱིས།  །དོན་ལ་བསྟོད་པ་ཟོལ་བསྟོད་དེ།  །མཐུ་དང་དཔའ་བ་སྟོབས་དང་གསུམ།  །ནུས་མཐུ་ཁྱད་འཕགས་བསྟན་པའི་རྗེས།  །སྨད་བཞིན་བསྟོད་པ་མཐུ་ཕུན་ཚོགས།  །ཀུན་བཟང་གཞན་ངོར་མ་སྤྲུལ་ཀྱང་།  །ནམ་མཁས་ཁྱབ་ཚད་འདྲེན་ནུས་ན།  །གང་འདུལ་སྤྲུལ་སྐུ་ཁྱེད་ཀྱི་མཐུས།  །འཁོར་བ་སྟོང་ཡང་ཅི་ཕྱིར་དྲེགས།  །དཔའ་རྩལ་གཞན་ལས་བརྒལ་བ་དག  །སྨད་བཞིན་བསྟོད་པ་དཔའ་ཕུན་ཚོགས།  །གྱི་གྲན་ཡོ་ཀ་ཆབས་ཅིག་ཏུ།  །སྒྲོལ་བའི་རྒྱལ་ཆེན་བསྭེ་ཐེབ་ཅན།  །དྲེགས་པ་གཞན་གྱིས་འདུལ་བའི་ཞིང་།  །ཆ་སྙོམས་མ་བཞག་ཅུང་རིགས་སམ།  །ཆེན་པོའི་སྟོབས་ཞིག་བསྟན་པའི་རྗེས། །སྨད་བཞིན་བསྟོད་པ་སྟོབས་ཕུན་ཚོགས།  །བོན་སྒོ་སྤྱི་དང་ཁྱད་པར་དུ།  །བཅུ་ཕྲག་རིག་པའི་གནས་མ་ལུས།  །འཆུན་པའི་རྨེའུ་སྟོན་དཔལ་ཆེན་ཁྱེད།  །མཁས་པར་གྱུར་ལ་སྙེམས་མི་འཚལ།  །དེས་མཚོན་ཟོལ་བསྟོད་རྒྱན་གྱིས་རིགས།  །མཐའ་ཀླས་མཁས་པའི་བློ་ཡིས་དཔོག  །ཟོལ་བསྟོད་ཡུལ་གྱི་ཡོན་ཏན་དག  །བཟང་དྲགས་སྐྱོན་ལྟར་བརྗོད་པའི་ངག  །མཐུན་དཔེ་བཀོད་རྗེས་མཐུན་པའི་དོན།  །ངེས་པར་སྟོན་པ་ངེས་བསྟན་ཏེ།  །མཆོག་དང་དམན་པའི་ངེས་བསྟན་གཉིས།  །མཆོག་གི་མཐུན་དཔེ་བཀོད་རྗེས་སུ།  །མཐུན་བོན་བཀོད་པ་མཆོག་ངེས་བསྟན།  །ཚ་ཟེར་ཅན་དང་མཐུན་བསྡེབས་པས།  །ཆུ་འོད་ནམ་མཁའི་མཐོངས་སུ་འདྲེན།  །ཤེས་རབ་ཅན་ལ་སྐྱབས་ཞུས་ན།  །དམན་རྣམས་མཆོག་གི་ས་ལ་དཀྲི།  །དམན་པའི་མཐུན་དཔེ་བཀོད་རྗེས་སུ།  །མཐུན་བོན་བརྗོད་པ་དམན་ངེས་བསྟན།  །དབའ་འཚུབ་ཅན་གྱི་ཆབ་རོང་དུ།  །གང་བསྐྱུར་དངོས་པོ་ཐུར་དུ་འདྲེན།  །མཚར་གཡེང་ཅན་གྱི་རྡོལ་རིགས་ལ།  །གང་བསྟེན་ཁ་ལོ་ཐུར་དུ་བསྒྱུར།  །དེས་མཚོན་ངེས་བསྟན་རྒྱན་གྱི་རིགས།  །མཐའ་ཀླས་དཔྱོད་ལྡན་བློ་ཡིས་དཔོག  །ངེས་བསྟན་མཐུན་དཔེ་ཇི་ལྟ་བ།  །བརྗོད་དོན་ངེས་པར་སྟོན་པའི་ངག  །བརྗོད་བྱའི་དངོས་པོ་ཐ་དད་འགལ།  །མཉམ་དུ་བརྗོད་པའི་ལྷན་ཅིག་བརྗོད།  །ཡོན་ཏན་དང་ནི་བྱ་བ་དག  །ཐ་དད་གཅིག་གི་ཁྱད་པར་གསུམ།  །བརྗོད་བྱའི་ཡོན་ཏན་ཐ་དད་པ།  །མཉམ་དུ་བརྗོད་པ་ཡོན་ཏན་ཏེ།  །རྣམ་འདྲེན་རྒྱལ་བའི་མཚན་དཀྱིལ་དང་། །ནམ་མཁའི་ཐིག་ལེ་ལྷན་ཅིག་མཛེས།  །གང་གི་འཕྲིན་ལས་ཟབ་མོ་དང་།  །ཀུན་གསལ་འོད་མདངས་ཆབས་ཅིག་རྒྱས།  །བརྗོད་བྱའི་བྱ་ལས་ཐ་དད་པ།  །མཉམ་དུ་བརྗོད་པ་བྱ་བ་སྟེ།  །བྲུ་ཤ་རྗེ་བཙུན་ཕེབས་པ་དང་།  །སྟབས་གཅིག་ཕྱོགས་བཅུའི་བོན་གཏེར་རྡོལ།  །འཆད་ཉན་སྲོལ་བཟང་ཚུགས་པ་དང་།  །སྐལ་ལྡན་འདུས་གྲྭ་མཉམ་དུ་ཆགས།  །བྱ་བ་ཐ་དད་འབྲས་གཅིག་པ།  །མཉམ་བརྗོད་བྱ་བ་གཅིག་པ་སྟེ།  །དལ་རྟེན་མི་ལུས་ཐོབ་པ་དང་།  །རྒྱལ་བའི་བསྟན་པར་མཇལ་བ་དང་།  །བླ་སློབ་རྟེན་འབྲེལ་འཛོམས་པ་གསུམ།  །ཆབས་ཅིག་ཐར་པའི་དཔལ་དུ་ཤར།  །དེས་མཚོན་ལྷན་ཅིག་བརྗོད་པའི་རྒྱན།  །ཇི་སྲིད་མཁས་དབང་རྣམས་ཀྱིས་འགྲེས།  །ལྷན་ཅིག་དངོས་པོ་ཐ་དད་འགལ།  །མཉམ་དུ་བརྗོད་པར་སྟོན་པའི་ངག  །སོ་སོའི་དོན་གང་ཕུན་ཚོགས་དག །བསྣོར་ཏེ་བསྒྲུབ་པ་ཡོངས་བརྗེས་རྒྱན།  །རིགས་བཟང་ཁུངས་བཙུན་དཔོན་གསས་ལ།  །སྲི་ཞུ་གུས་པ་ཡར་ཕུལ་བས།  །ངན་འགྲོའི་འཇིགས་སྒོ་ཁྲིག་གཅོད་པའི།  །དབང་བྱིན་དངོས་གྲུབ་མར་ལ་སྩལ།  །དེས་མཚོན་ཡོངས་བརྗེས་བྱེ་བྲག་གཞན།  །དཔྱོད་ལྡན་བློ་ཡིས་གཞལ་བ་སླ།  །ཡོངས་བརྗེས་བརྗོད་བྱའི་དོན་གང་ཞིག  །ཕན་ཚུན་བརྗེ་ལེན་སྟོན་པའི་ངག  །བསམ་པའི་དོན་གང་འགྲུབ་པ་ཡི།  །སྨོན་ཚིག་བརྗོད་པ་ཤིས་བརྗོད་རྒྱན།  །ཡང་ཟབ་ཐེག་ཆེན་གཡུང་དྲུང་བོན།  །དར་རྒྱས་ཡུན་གནས་བཀྲ་ཤིས་ཤོག  །ཁམས་གསུམ་འཁོར་བའི་སེམས་ཅན་ཀུན།  །སྐུ་གསུམ་རྫོགས་སངས་རྒྱས་གྱུར་ཅིག  །དེས་མཚོན་ཤིས་བརྗོད་རྒྱན་གྱི་རིགས།  །མཐའ་དག་སྐལ་ལྡན་བློ་ཡིས་དཔོག  །ཤིས་བརྗོད་འདོད་པའི་དོན་གང་ཡིན།  །འགྲུབ་པར་སྨོན་པའི་སྙན་ངག་ཡིན། །དོན་རྒྱན་ཁྱད་པར་ཐ་དད་པ།  །སྣ་ཚོགས་འདྲེས་པ་རབ་སྤེལ་རྒྱན།  །འབྲེལ་མཚུངས་དོན་ནི་སྟོབས་མཚུངས་གཉིས།  །དོན་རྒྱན་སྣ་ཚོགས་འདྲེས་པ་དག  །གཅིག་ལ་གཅིག་བརྟེན་འབྲེལ་མཚུངས་ཏེ།  །རྒྱལ་བ་གཉིས་པ་མཉམ་མེད་པའི།  །བསྟན་མཆོག་ཡིད་བཞིན་ནོར་བུ་འདི།  །ས་ཡི་རྡུལ་ལྟར་རབ་འཕེལ་ནས།  །བཀྲ་ཤིས་ཡོངས་སུ་བརྟན་འགྱུར་ཅིག  །སྣ་ཚོགས་འདྲེས་པའི་རྒྱན་སོ་སོར།  །རང་རྐྱ་ཐུབ་པ་སྟོབས་མཚུངས་ཏེ།  །བླ་མའི་དབུ་འཕང་དགུང་བས་མཐོ།  །བཤད་སྒྲུབ་དབྱར་རྔས་ས་སྟེང་ཁྱབ།  །གྲྭ་སློབ་དོག་མོའི་རྩི་ལྟར་རྒྱས།  །བསྟན་སྦྱིན་མངའ་ཐང་ཕུན་སུམ་ཚོགས།  །དེས་མཚོན་རབ་སྤེལ་རྒྱན་མཐའ་དག  །བློ་དང་ལྡན་པས་འཕྲུལ་འཁོར་མཛོད།  །རབ་སྤེལ་དོན་རྒྱན་སོ་བཞི་པོ།  །གང་བདེར་སྤེལ་བའི་སྙན་ངག་ཡིན།  །རྩོམ་པའི་བསམ་པ་རྩེ་གཅིག་གིས།  །ལེགས་པར་སྦྱར་བ་དགོངས་པ་ཅན།  །སྙན་ངག་རིན་ཆེན་ལྡེ་མིག་འདི།  །གཤེན་རབ་བསྟན་ལ་སྲི་ཞུ་དང་།  །རང་དང་གཞན་ལ་ཕན་སླད་དུ།  །ལུང་ལས་རིག་པས་ཕྱེས་ཏེ་བཀོད།  །དེས་མཚོན་དགོངས་པ་ཅན་གྱི་རིགས།  །ཇི་ལྟར་སྐབས་དང་སྦྱོར་ཏེ་འགྲེས།  །དགོངས་པ་ཅན་ནི་རྩོམ་པ་པོས།  །ཇི་ལྟར་རྩོམ་ཚུལ་སྟོན་པའི་ངག   །སྐྱེས་བུའི་སྒོ་གསུམ་གང་རུང་གི  །རྣམ་འགྱུར་མཛེས་བ་ཟློས་གར་ཏེ།  །ལུས་དང་ངག་དང་ཡིད་དང་གསུམ།  །ལུས་ཀྱི་རྣམ་འགྱུར་མཛེས་པའི་ཆ།  །ལུས་ཏེ་སྒྱུ་རྩལ་རེ་བཞི་དབྱེ།  །ངག་གི་རྣམ་འགྱུར་མཛེས་པའི་ཆ།  །ངག་སྟེ་ཚངས་དབྱངས་དྲུག་ཅུ་དབྱེ།  །ཡིད་ཀྱི་རྣམ་འགྱུར་མཛེས་པའི་ཆ།  །ཡིད་ཏེ་ཏིང་འཛིན་ཡན་ལག་ནི།  །སུམ་བརྒྱ་དྲུག་ཅུ་ལ་སོགས་དབྱེ།  །རྒྱས་བཤད་འདོད་ན་གཞན་དུ་ཤེས།  །དོན་རྒྱན་བརྗོད་བྱའི་དོན་གང་ཞིག  །མཛེས་པར་བྱེད་པའི་སྙན་ངག་ཡིན།  །སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ལས་དོན་རྒྱན་བསྟན་པའི་སྐབས་ཏེ་གཉིས་པའོ།།

ལེའུ་གསུམ་པ།  སྒྲ་རྒྱན་བསྟན་པ།

     ད་ནི་སྒྲ་རྒྱན་བསྟན་པ་སྟེ།  །དོན་བརྗོད་སྒྲ་ཡི་ཁྱད་པར་གང་།  །མཛེས་པར་བྱེད་པ་སྒྲ་རྒྱན་ཏེ།  །ཟུང་ལྡན་དང་ནི་བྱ་དཀའ་གཉིས།  །གང་ཞིག་ཡིག་གཟུགས་གཅིག་པའི་རིགས།  །སྐྱོར་ཟློས་བྱེད་པ་ཟུང་ལྡན་ཏེ།  །ཚིག་རྐང་ཐོག་མར་ཡོད་པ་དང་།  །དབུས་དང་མཐའ་ན་ཡོད་པ་དང་།  །དབུས་མཐར་ཡོད་དང་ཐོག་དབུས་ཡོད།  །ཐོག་མཐར་ཡོད་དང་ཐོག་མཐའ་བར།  །གནས་གསུམ་སོ་སོའི་རྗེས་མཐུན་དང་།  །གསུམ་གར་ཡོད་དང་མཐའ་ཐོག་སྦྱར།  །ཀུན་ཏུ་ཟུང་ལྡན་བསྲེས་པ་དང་།  །ལྡོག་པའི་ཟུང་ལྡན་བཅུ་གཉིས་བཤད།  །ཚིག་རྐང་སོ་སོའི་གཟུགས་ཐོག་མ།  །སྐྱོར་ཟློས་བྱེད་པ་ཐོག་ཡོད་དེ།  །བར་མ་ཆོད་དང་ཆོད་པ་དང་།  །ཆོད་ཅིང་མ་ཆོད་རྣམ་པ་གསུམ།  །ཚིག་རྐང་གང་རུང་གཟུགས་ཐོག་མ།  །འདྲ་མིན་ཟུང་སྦྲེལ་བར་མ་ཆོད།  །རྐང་པ་གཅིག་གཉིས་གསུམ་བཞི་ལ།  །རེ་རེ་གཉིས་གཉིས་གསུམ་གསུམ་བཞི།  །སྦྱར་བའི་ཁྱད་པར་བཅོ་ལྔ་སྟེ།  །སྔར་གྱི་དོན་ལྡོག་གང་རུང་སྒྲ།  །རྐང་གྲངས་མིང་བསྒྱུར་སོ་སོའི་དོན།  །གསལ་གསལ་ཡེ་ཤེས་སྤྱན་དྲུག་གིས།  །འཁོར་དང་མྱ་ངན་འདས་པའི་བོན།  །གཅིག་ཆར་གཟིགས་པའི་མཉམ་མེད་པ།  །སྲིད་ཞུའི་གཙུག་ན་མངོན་པར་མཛེས།  །ཕལ་གྱི་ཐུན་མོང་མ་ཡིན་པ།  །ཟབ་ཟབ་ཐེག་པ་ཆེན་པོ་ལ།  །གྲུབ་པ་མཆོག་བརྙེས་ཡར་མེ་བས།  །མཁའ་ལྡིང་དབང་བོའི་ངང་ཚུལ་འགོག  །བྲུ་ཆེན་ནམ་མཁའ་གཡུང་དྲུང་ཞེས། །མཚན་སྙན་སྲིད་པའི་རྩེ་མོ་ནས།  །ལྷང་ལྷང་སྒྲོག་པའི་གྲགས་པ་དཀར།  །གང་ཐོས་འགྲོ་འདི་སྐལ་བ་བཟང་།  །རྨེའུ་སྒོམ་དམ་པ་རི་ཁྲོད་པས།  །ཐམས་ཅད་ས་ལེར་མཁྱེན་ན་ཡང་།  །འགྲོ་བ་གཞན་གྱི་སྣང་ངོ་རུ།   །འཛུམ་འཛུམ་སྤྱན་གྱིས་གཟིགས་ཚུལ་མཛད།  །ཟབ་ཟབ་རིག་པའི་གནས་ཀུན་ལ།  །ཡང་ཡང་བརྩོན་པའི་སྐྱེས་བུ་དེ།  །སྒྲོ་རྩ་རྒྱས་པའི་ཁྱུང་ཕྲུག་བཞིན།  །བདེ་ཆེན་མཁའ་ལ་དལ་གྱིས་ལྡིང་།  །དལ་དལ་གདན་ལ་འདུག་པའི་དུས།  །དགོས་པའི་ཐོས་བསམ་མ་བྱས་ན།  །གཅེས་གཅེས་ཐར་པའི་རྟེན་བཟང་ཡང་།  །འབྲུག་གི་ནོར་བུའི་རྗེས་སུ་འགྲོ།  །ལེགས་ལེགས་རྒྱལ་བའི་བསྟན་པ་ལ། །འཇུག་ཚུལ་ཇི་ལྟར་བགྱིས་ཀྱང་རུང་།  །གཞུང་དོན་ཚད་མར་སྐྱོང་ནུས་ན།  །ལྷག་ལྷག་རང་རིག་མངོན་དུ་འཆར།  །འདིར་སྣང་བསྒོམ་པའི་ཐ་སྙད་པ།  །འགྲིག་འགྲིག་ཚིག་ལ་མཁས་ན་ཡང་།  །ངེས་ངེས་དོན་ལ་མི་གནས་ན།  །ནེ་ཙོའི་རྣམ་ཐར་དག་ཀྱང་མཐོང་།  །འཁོར་འདས་གཞི་རྩ་མ་ཆོད་པར།  །ཀྲོང་ཀྲོང་ཤ་ཚུགས་བསྲོང་བ་འགས།  །གཟུགས་སམ་སྟོང་བ་ཕྱོགས་གཅིག་པ།  །ཡང་ཡང་བསྒོམ་པ་འདོད་བློ་ཡིན།  །སྨྲ་བསམ་དབང་དང་ལྡན་པའི་དུས།  །གཏན་བདེའི་དོན་ཞིག་བསྒྲུབ་འདོད་ན།  །ལྷོད་ལྷོད་དལ་འདུག་མི་ཁོམ་སྟེ།  །ཁྱུག་ཁྱུག་དབང་པོའི་གཞུ་ལ་ལྟོས།  །གསལ་གསལ་བློ་ལྡན་གཞོན་ནུ་རྣམས།  །མཐོ་མཐོ་མཁས་པའི་གོ་ས་ན།  །སྙན་སྙན་གྲགས་དཀར་ངོམས་འདོད་ན།  །ལུང་རིག་གནད་ལ་རྩོལ་བ་གཅེས།  །ཚུབ་ཚུབ་བྲེལ་བའི་ན་ཆུང་ཚོ། །ལྷོད་ལྷོད་མཉམ་པར་མ་བཞག་ན།  །ཟིན་མེད་འཁོར་བའི་འདུ་འཛི་ནི།  །ཉེར་ཉེར་རྒྱ་མཚོའི་རླབས་ལས་མོད།  །ཆུང་ཆུང་ལང་ཚོ་གསར་བ་རྣམས།  །བསྒོས་པའི་དོན་ལ་མི་གནས་པར།  །ཙེན་ཙེན་འགྲོ་འདུག་མང་དྲགས་ན།  །རང་རང་གཏན་ཆུས་འཁོར་བའི་རྒྱུ།  །ཤེས་ཆེ་དད་ལྡན་གང་ཟག་རྣམས།  །དམར་དམར་སྲོག་གི་གདམ་ཡ་ལ།  །གཙང་གཙང་ཚུལ་ཁྲིམས་བསྲུང་འདོད་ན།  །མང་མང་བྱ་བ་བཀགས་ན་ལེགས། །ལྷག་ལྷག་ཡིད་ཀྱི་རྣམ་འགྱུར་ཀུན།  །ལྷང་ལྷང་དབྱངས་ལ་སྐྱོན་ཆེ་ན།  །གཅེས་གཅེས་ལུས་ཀྱི་ཆ་ཤས་ལ།  །མྱུར་མྱུར་ཚ་བའི་རེག་བྱ་འབེབས།  །ཚིག་རྐང་གང་རུང་ཐོག་མའི་གཟུགས།  །འགྲེས་སུ་སྐྱོར་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་ཐོག་མའི་གཟུགས།  །འདྲ་བ་སྐྱོར་ཟློས་རིགས་གཅིག་པ།  །གཉིས་གཉིས་ཡོད་དང་གསུམ་གསུམ་ཡོད།  །བཞི་ཀར་ཡོད་དང་བཅུ་གཅིག་གོ  །རྐང་པ་གང་རུང་ཐོག་མའི་ཚིག  །རྐང་གྲངས་བརྟག་སྐྱོར་སོ་སོའི་དོན།  །ལས་འཕྲོ་བོན་ན་ཡོད་པ་རྣམས།  །ལས་བཟང་དགེ་ལ་མི་བརྩོན་ན།  །རིན་ཆེན་གྲང་མའི་གླིང་སྟོད་ན།  །འཆིང་བུ་བྱི་དོར་བྱེད་དང་མཚུངས།  །སྔོན་ཐལ་སྲས་བཅས་རྒྱལ་བའི་ཚོགས།  །ཚད་གསུམ་ལམ་ནས་བདེ་བར་གཤེགས།  །སྔོན་ལས་བཟང་པོའི་འཕྲོ་ཅན་རྣམས།  །བཀའ་ལུང་རིག་པའི་གནས་ལ་སློབ།  །རྒྱལ་བསྟན་མཛེས་པའི་ཆ་རྐྱེན་དུ།  །འཆད་རྩོད་རྩོམ་པའི་ལེགས་་བྱས་ཀྱིས།  །འཛིན་སྐྱོང་སྤེལ་བའི་བློ་ཡོད་ན།   །རྒྱལ་བའི་སྲས་ཞེས་ཀུན་གྱིས་སྒྲོག  །རིགས་ངན་མི་ལ་བློ་བསླབ་ན།  །དྲིན་ཅན་སློབ་དཔོན་ཐན་ལྟར་སྨད།  །དྲན་ལན་རྫུན་གྱི་སྦྱོར་བས་འཇལ།  །བླ་སློབ་གཉིས་ཀ་ཕུང་བར་གྲགས།  །ལན་ངན་རྣམ་པར་སྨིན་པ་འགས།  །ཐར་ལམ་འགག་པའི་སྟ་གོན་དུ།  །གཡོ་ཐབས་དུག་གི་སྦྱོར་བ་ཡིས།  །ཐར་ལམ་འདྲེན་པའི་གཤེན་ལ་འཚེ།  །སྟོབས་ལྡན་བློ་གསལ་དད་ཆེ་ལ།  །མན་ངག་མཁྱུད་སྤྱད་མི་རུང་སྟེ།  །ཕྱི་ན་རང་ཉིད་སྐྱོབས་པ་དང་།  །ཕྱི་རབས་བསྟན་པའི་རྒྱལ་ཐེབས་འགྱུར།  །ཡིད་འོང་མཚན་དཔའི་རྟེན་བཟང་ལ།  །ཡིད་འོང་རྣམ་བཀྲའི་ཆས་བཟང་དང་།  །ཡིད་འོང་བསླབ་གསུམ་རྒྱན་འཛོམ་ན།  །ལུས་ཅན་མིག་གི་ཉེར་འཚོར་འགྱུར།  །རྣམ་འདྲེན་སྨྲ་བའི་དབང་པོ་དེ།  །རྣམ་ཀུན་མཆོད་པའི་ཞིང་བགྱིས་ན།  །ནམ་ཞིག་སྐྱེས་མཆོག་དམ་པ་དེའི།  །རྣམ་ཐར་རང་གིས་འཛིན་པར་འགྱུར།  །མཆོག་ལ་བསྟེན་པའི་བློ་གསལ་དེས།  །མོས་གུས་ལྡེམ་རྐྱང་མ་བྱས་ན།  །མཆོག་གི་གོ་སར་འཛེག་པ་དང་།  །མཆོག་ཆེན་རྒྱལ་བའི་སྲས་སུ་གྱུར།  །རིགས་དང་དབང་པོ་གཙང་བའི་དུས།  །དགེ་བའི་ལས་ལ་ཐང་བཅད་ནས།  །དགེ་མཚན་ཀུན་ཏུ་ཁྱབ་པ་དང་།  །དགེ་ལེགས་ཆེན་པོ་འཐོབ་པར་འགྱུར།  །རབ་རྒྱལ་གཤེན་གྱི་བསྟན་པ་ལ།  །རབ་ཏུ་དཀའ་བ་སྤྱད་ནུས་ན།  །རབ་འབྱམས་འགྲོ་བ་མཐའ་དག་ལ།  །རབ་ཏུ་ལས་སྐལ་བཟང་ཞེས་བཤད།  །རྐང་པ་གང་རུང་ཐོག་མའི་གཟུགས།  །འདྲ་མིན་སྐྱོར་ཟློས་རིགས་ཐ་དད།  །ཐོག་མཐའ་དབུས་འགྱུར་རྣམ་པ་གསུམ།  །རྐང་གྲངས་གང་མཐུན་ཁ་གསལ་ཅན།  །ཐོག་གཟུགས་སྐྱོར་ཟློས་སོ་སོའི་དོན།  །བློ་གྲོས་ལྡན་པའི་སྐྱེས་བུ་ཡིས།  །བློ་ངན་སྲོག་ལ་བབ་ཀྱང་མིན།  །ཁྲི་གདུགས་ཉི་མའི་རྣམ་འགྱུར་ལས།  །ཁྲི་མུན་ནམ་ཡང་འབྱུང་མི་སྲིད།  །རིག་དང་ཐོས་པ་ལྡན་ན་ཡང་།  །གཏན་གྲོགས་མོ་ལ་འཛན་ཆེ་ན།  །རིག་པ་ལོག་འཚོའི་གྲོགས་འགྱུར་ཏེ།  །གཏན་དུ་འཁོར་བའི་མུ་ལ་འཁྱམས།  །བཟོད་ཙམ་དུས་སུ་བསྲན་ན་མཛེས།  །མི་ཐུབ་པ་ལ་དོ་བསྡོས་ན།  །མི་ཐེག་ཁུར་པོ་རང་ལ་འབེབས།  །བཟོད་གླགས་མེད་ཀྱང་རང་སྡུག་ཡིན།  །རྐང་པ་གང་རུང་ཐོག་མའི་གཟུགས།  །ཟུང་སྦྲེལ་འགྲེས་སྐྱོར་ཆོད་མ་ཆོད།  །སྔ་གཉིས་ཕྱི་གཉིས་མཉམ་པ་དང་།  །རིམ་པ་རིམ་མིན་ཐོག་མཐའ་དབུས།  །ཐམས་ཅད་མཉམ་དང་རྣམ་པ་བཞི། །རྐང་གྲངས་གང་མཐུན་གསལ་ཁ་ཅན།  །ཐོག་གཟུགས་ཟུང་སྐྱོར་སོ་སོའི་དོན།  །གཅེས་གཅེས་སྙིང་གི་གྲོགས་པོ་ཚོ།  །གཅེས་གཅེས་ནོར་ལ་མ་འཛིན་ཨ།  །མྱུར་མྱུར་དགེ་ལ་མ་བརྩོན་ན།  །མྱུར་མྱུར་གཤིན་རྗེའི་ཕོ་ཉ་སླེབས།  །མང་མང་ཐོས་པའི་བློ་ལྡན་དེ།  །མཛེས་མཛེས་རྒྱན་གྱིས་མ་སྤྲས་ཀྱང་།  །མང་མང་ཚོགས་ཀྱི་འདུན་ས་རུ།  །མཛེས་མཛེས་སྲིད་པའི་མིག་ལྟར་འབར།  །མཐོ་མཐོ་ཁྲི་ལ་འགྱིང་ན་ཡང་།  །དམའ་དམའི་འགྲོ་ལ་བརྩེ་གཟིགས་གཅེས།  །དམའ་དམའི་ཉམ་ལ་མ་ཕན་ན།  །མཐོ་མཐོར་འགྱིང་བའི་དགོས་དོན་བྲལ།  །འགྲིག་འགྲིག་ཚིག་ལ་མཁས་ན་ཡང་།  །འགྲིག་འགྲིག་སྨྲ་སྤོབས་ཆེ་དྲགས་ན།  །འགྲིག་འགྲིག་སྟོན་པའི་དཔྱོད་ལྡན་འགས།  །འགྲིག་འགྲིག་ཚད་མའི་ཐལ་སྐྱོན་འབེབས།  །དེས་མཚོན་ཐོག་མའི་ཟུང་ལྡན་ཀུན།  །དཔྱོད་ལྡན་བློ་ཡིས་ཕྱེ་བ་སླ།  །ཐོག་མའི་ཟུང་ལྡན་ཚིག་དང་པོ།  །བསྐྱར་ཏེ་བརྗོད་པའི་སྙན་ངག་ཡིན།  །རྐང་པ་སོ་སོའི་ཚིག་དབུས་མ།  །བསྐོར་ཟློས་བྱེད་པ་དབུས་ཟུང་སྟེ།  །བར་མ་ཆོད་དང་ཆོད་པ་དང་།  །ཆོད་ཅིང་མ་ཆོད་རྣམ་པ་གསུམ།  །རྐང་པ་གང་རུང་དབུས་གཟུགས་རེ།  །འདྲ་མིན་ཟུང་འབྲེལ་མར་མ་ཆོད།  །རྐང་པ་གཅིག་གཉིས་གསུམ་བཞི་ལ།  །རེ་རེ་གཉིས་གཉིས་གསུམ་གསུམ་བཞིན།  །སྦྱར་བའི་ཁྱད་པར་བཅོ་ལྔ་འགྱུར།  །རྐང་གྲངས་ཁ་གསལ་དབུས་གཟུགས་རེ།  །འདྲ་མིན་ཟུང་སྦྲེལ་སོ་སོའི་དོན།  །ཀུན་ལ་འཇམ་འཇམ་ཚིག་སྙན་ཅན།  །ཞི་ཞིང་དུལ་བའི་མཚན་ཉིད་ནི།  །མེ་ཏོག་ཧ་ལོའི་ངང་ཚུལ་ཅན།  །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན།   །ངོ་ཚ་ཁྲེལ་འདས་མི་རྣམས་ལ།  །བསམ་པ་དཀར་དཀར་བྱས་ན་ཡང་།  །བཟང་ལམ་ངན་གྱིས་གཅོད་པ་སྟེ།  །དུག་སྦྲུལ་གསོ་བའི་བྱིའུ་ལ་ལྟོས།  །ངུར་སྨྲིག་རྒྱལ་མཚན་འཆང་བ་རྣམས།  །བསླབ་གཞི་གཅེས་པར་མི་འཛིན་ཞིང་།  །གཞན་ངོར་མཛེས་མཛེས་བྱེད་པ་དེ།  །ཡ་རབས་རྣམས་ཀྱིས་སྨད་པའི་རྒྱུ།  །སློབ་ཚོགས་སྐྱོང་བའི་སྐྱེས་བུ་རྣམས།  །སྐལ་བཟང་ཅན་གྱི་འདུ་ར་རུ།  །གཞུང་དོན་འགྲོལ་ཚིག་མ་གཏོགས་པའི།  །སྨྲ་བ་ཉུང་ཉུང་མཛད་ན་ལེགས།  །ལང་ཚོ་ནག་ནག་དུ་ཁ་ལ།  །བསམ་པ་འཁྱོག་འཁྱོག་ངན་གཡོ་ཅན།  །མཐོང་ན་སྤྲོ་བའི་དང་ཁ་འགག  །འགྲོགས་ན་རང་གཞན་གཉིས་ཀ་སྡུག  །གཞོན་སྐུ་དཀར་དཀར་གངས་རིའི་མདོག  །གསུང་སྙན་ལྷ་ཡི་ཏམ་བུ་ར།  །ཐུགས་ཉིད་ཟབ་ཟབ་ནམ་མཁའི་དཔེ།  །གང་འདི་སྲིད་པའི་རྒྱན་དུ་ཆེ།  །ཐོས་པར་ནན་ནན་མ་བརྩོན་ན།  །ལན་རེས་ངེས་དོན་མི་རྟོགས་ཏེ།  །བྱིས་པ་ཀློག་ལ་འཇུག་པའི་སྐབས།  །སྐྱོར་ཟློས་ཡང་ཡང་བྱེད་ལ་ལྟོས།  །འཇུག་ངོགས་ཡུལ་གྱི་རྣམ་པ་གང་།  །ཡིད་ཀྱིས་ངེས་ངེས་མ་ཟིན་ན།  །ངག་ནས་ལྷང་ལྷང་མི་སྒྲོག་སྟེ།  །འོལ་ཚོད་རྫུན་དུ་གྱུར་པ་མང་།  །བརྡ་དོན་འཕྲོད་པའི་སྐྱེས་བུ་ལ།  །བཀའ་མོལ་གཟབས་གཟབས་མ་བྱས་ན།  །ཕྱོགས་ཀྱི་མི་སྣ་འདུས་པའི་སར།  །རྔུལ་ཆུ་ཕྲུམ་ཕྲུམ་བྱེད་དོགས་ཡོད།  །བྱང་ཆུབ་སེམས་དང་ལྡན་པ་ཡིས།  །རྒྱལ་བའི་ལུང་དང་བསྟན་བཅོས་ཀྱི།  །དཀའ་གནད་ལྷུག་ལྷུག་འགྲོལ་ཤེས་ན།  །ས་སྟེང་སྙན་སྙན་གྲགས་པས་ཁྱབ།  །དབལ་མེ་ལྷབ་ལྷབ་འབར་བའི་རྩེར།  །འཇིགས་པའི་ཚ་ཚ་སྐར་ལྟར་འཁྲུགས།  །གདོན་བགེགས་ཐུལ་ཐུལ་སྲེག་མཛད་པ།  །ཞང་ཞུང་མེ་རིའི་ལྷ་ཚོགས་རྒྱལ།  །མཛེས་སྐུ་ལྡེམ་ལྡེམ་གཡོ་བ་དང་།  །རྒྱང་གླུ་ཟིལ་ཟིལ་སྒྲོག་ཙམ་ན།  །ལུང་རིག་སྨྲ་བའི་སྐལ་ལྡན་ཀུན།  །དགའ་བའི་མ་མ་དབྱངས་ཅན་མ།  །ངོ་མཚར་ཆེ་ཆེ་བསྟོད་མ་སྔ།  །སེང་རལ་འདམ་གྱིས་སྦག་དུས་ཡོད།  །མིག་རྩ་ཞན་ཞན་བརྙས་མ་ཐལ།  །དུག་ཕྲུག་ཆུང་ཆུང་ཆུ་སྲིན་བདུད།  །རྒྱལ་ཆེན་ཤེལ་ཁྲབ་འབར་བ་ཡིས།  །རྐན་སྒྲ་ཐག་ཐག་བརྡབ་ཙམ་ན།  །དགྲ་ཁྲག་ལྷུད་ལྷུད་སྐྱུག་པ་དང་།  །སྐད་ངན་ཙེར་ཙེར་འབྱིན་པར་ནུས།  །རྟག་ཏུ་བསྙེན་བསྙེན་བསྒྲུབས་པའི་ལྷ།  །ཁྱོད་ཞལ་ལྷག་ལྷག་མཇལ་ཙམ་ན།  །བ་སྤུ་ཟེངས་ཟེངས་གཡོ་བ་དང་།  །ཕུང་པོ་ཤིག་ཤིག་འཐོར་ལ་ཁད།  །རྐང་པ་གང་རུང་དབུས་ཀྱི་གཟུགས།  །སྐོར་ཟློས་བགྲེ་བ་བར་ཆོད་དེ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་དབུས་གཟུགས་གཅིག  །སྐོར་ཟློས་བགྲེ་བ་རིགས་གཅིག་པ།  །རྐང་པ་གཉིས་གཉིས་གསུམ་གསུམ་བཞིར།  །སྦྱར་བའི་ཁྱད་པར་བཅུ་གཅིག་འགྱུར།  །རྐང་གྲངས་ཁ་གསལ་དབུས་གཟུགས་ཏེ།  །སྐོར་ཟློས་བགྲེ་བ་སོ་སོའི་དོན།  །བསྟན་པའི་རྒྱལ་མཚན་སྒྲེང་བའི་གཤེན།  །ཟླ་བ་རྒྱལ་མཚན་ཞེས་བྱ་བ།  །སངས་རྒྱས་སེམས་དཔའི་རྣམ་འགྱུར་ཅན།  །སྐྱེ་དགུའི་བསོད་ནམས་དཔལ་དུ་ཤར།  །བྲུ་རྗེ་གཡུང་དྲུང་བླ་མ་ཡི།  །དགེ་ལེགས་མཛད་བཟང་རླབས་ཆེ་བས།  །མདོ་སྔགས་གཡུང་དྲུང་བོན་བསྟན་གྱི།  །བདག་ཉིད་ཆེན་པོ་ཞེས་སུ་གྲགས།  །གདམས་ངག་བདུད་རྩི་མྱོང་བའི་འགྲོ།  །གཡུང་དྲུང་ཐེག་པའི་ས་འཕར་ནས།  །བདེ་ཆེན་ཞིང་དུ་སྐྱེལ་ནུས་པའི།  །འགྲོ་མགོན་བདུད་རྩི་རྒྱལ་མཚན་མཆོག  །དྲི་མེད་སྐྱོན་བྲལ་ཐེག་པ་ཆེ།  །གཤེན་བསྟན་རིན་ཆེན་མཛེས་པའི་རྒྱན།  །ཞུ་སྟོན་རིན་ཆེན་འོད་ཟེར་གྱི།  །བཀའ་དྲིན་དཔག་པའི་ཡུལ་ལས་འདས།  །དམུ་རིགས་འཕྲུལ་གྱི་གདུང་འཛིན་པ།  །གཤེན་སྟོན་ཉི་མ་རྒྱལ་མཚན་ཞེས།  །གསང་མཆོག་མི་ཡི་ཆ་བྱད་ཅན།  །བསྟན་པའི་ཉི་མ་ཁྱེད་མིན་སུ།  །བསིལ་མོའི་ལྗོངས་ལ་བརྟེན་པའི་མི།  །ལྔ་བཅུའི་ཚེ་ཁ་མ་རལ་དུས།  །ལས་སྐལ་བཟང་པོ་མི་བརྗོད་རྒྱུ།  །སྤ་ལ་བཟང་པོ་བཅུ་གསུམ་འཁྲུངས།  །འཁོར་འདས་རོ་གཅིག་རྟོགས་ན་ཡང་།  །འགྲོ་ཀུན་བུ་གཅིག་མ་ཡི་ཚུལ།  །སྐྱོབས་པའི་རྗེ་གཅིག་རི་ཁྲོད་པ།  །རྨེའུ་སྒོམ་གཡུང་དྲུང་རྒྱལ་མཚན་ལགས།  །ལྷ་མིའི་ལུགས་གཉིས་རྣམ་བཞག་ལ།  །གཅེས་པ་སྐད་གཉིས་སྨྲ་བའི་དབང་།  །རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་ཞབས།  །འཛམ་གླིང་རྐང་གཉིས་མི་ཡི་ཏོག  །རབ་འབྱམས་མཆོག་གསུམ་འདུས་པའི་ཞལ།  །འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི།  །མཁྱེན་པས་དུས་གསུམ་ས་ལེར་གཟིགས།  །བརྩེ་བས་ཁམས་གསུམ་བདེ་ལ་བཀོད།  །འདུལ་བའི་མངའ་བདག་སྨན་གོང་བའི།  །ཚད་མེད་རྣམ་བཞིའི་གཟིངས་ཆེན་གྱིས།  །སྐྱེ་བ་སྒོ་བཞིའི་རྣམ་པ་ཅན།  །སྡུག་བསྔལ་ཆུ་བཞིའི་འཇིགས་ལས་བསྒྲལ།  །གཤེན་རབ་དུག་ལྔ་འདུལ་དོན་དུ།  །གཟིགས་དགོངས་ཚད་ལྔ་བཀྲམ་ནས་ཕེབས།  །སྒོ་བཞི་མཛོད་ལྔ་གཏན་ལ་ཕབས།  །སྐྱེ་བཞི་རྒྱུ་ལྔ་ཐར་པར་དྲངས།  །རྐང་པ་གང་རུང་དབུས་མའི་གཟིགས།  །འདྲ་མིན་སྐོར་ཟློས་རིགས་ཐ་དད།  །ཟུང་དང་ཟུང་མིན་དབུས་མཐར་གསུམ།  །རྐང་གྲངས་གར་མཐུན་གསལ་ཁ་ཅན།  །དབུས་གཟུགས་འདྲ་མིན་སྐོར་ཟློས་དོན།  །མི་ཐབས་ཧ་ཅང་གཅེས་དྲགས་ན།  །ལྷ་ཐབས་ཧ་ཅང་ཐལ་བའི་རྒྱུ།  །སྔ་མས་གཡོ་རྒྱུ་ཁོ་ན་གཉེར།  །ཕྱི་མས་གཡོ་རྒྱུ་གཙང་བཀག་ཡིན།  །ཚིག་ལ་ཇི་ཙམ་སྦྱང་བ་བཞིན།  །དོན་ལ་དེ་ཙམ་མ་བསྒོམ་ན།  །སྨྲ་བ་ཇི་ཙམ་མཁས་ན་ཡང་།  །མདོ་དོན་དེ་ཙམ་འགྲུབ་མི་འགྱུར།  །འདི་བདེ་འབའ་ཞིག་དོན་གཉེར་བ།  །སྐྱིད་འདོད་སྡུག་གི་སྣ་འདྲེན་ཡིན།  །བཟོད་མེད་སྡུག་གི་གཉེན་པོ་ལ།  །བདག་མེད་འབའ་ཞིག་བསྒོམ་པ་གཅེས།  །རྐང་པ་གང་རུང་དབུས་ཀྱི་གཟུགས།  །ཟུང་འབྲེལ་བསྐོར་བ་མ་ཆོད་ཆོད།  །ཟུང་དང་ཟུང་མིན་ཡ་ཟུང་དང་།  །ཀུན་ལ་སྦྱར་བའི་ཁྱད་པར་བཞི།  །རྐང་གྲངས་གང་ཡིན་གསལ་ཁ་ཅན།  །དབུས་གཟུགས་ཟུང་བགྲེ་སོ་སོའི་དོན།  །བློ་རྒྱ་ཆེ་ཆེ་མ་བསྐྱེད་ན།  །འདོད་དོན་ཆེ་ཆེ་མི་འགྲུབ་སྟེ།  །བློ་སྣ་ཐུང་ཐུང་བགྱིས་ཙམ་ན།  །སྐྱིད་སྣ་ཐུང་ཐུང་ཤུགས་ཀྱིས་འབྱུང་།  །ཀུན་རྫོབ་ལམ་ལམ་སྒྲོག་ཤེས་ཀྱང་།  །དོན་དམ་ངེས་ངེས་མ་རྟོགས་ན།  །འདི་དོན་ལམ་ལམ་འགྲུབ་མོད་ཀྱི།  །བདེ་བ་ངེས་ངེས་འཐོབ་མི་འགྱུར།  །བརྗོད་པ་སོ་སོའི་གོ་ལམ་ནས།  །བདེན་དོན་ལེགས་ལེགས་འཚོལ་ཤེས་ན།  །སྐབས་དོན་ལེགས་ལེགས་འགྲུབ་པ་དང་།  །མཐར་བདེ་སོ་སོའི་འདོད་བཞིན་འབྱུང་།  །ཐོས་པ་བརྟན་བརྟན་མ་སྦྱངས་ན།  །བསམ་པ་བརྟན་བརྟན་གང་ལ་གཏོང་།  །གོམས་པ་བརྟན་བརྟན་མི་སྐྱེ་བས།  །བདེ་བ་བརྟན་བརྟན་ནམ་ཞིག་ཐོབ།  །དེས་མཚོན་དབུས་ཀྱི་ཟུང་ལྡན་གཞན།  །ཇི་སྲིད་མཁས་པའི་བློ་ཡིས་གཞོལ།  །དབུས་ཟུང་རྐང་པ་སོ་སོའི་ཚིག  །དབུས་མ་ལྡབ་སྨྲ་བྱེད་པའི་ངག  །རྐང་པ་གང་རུང་གཟུགས་ཐ་མ།  །སྐོར་ཟློས་བྱེད་པ་ཐ་མའི་ཟུང་།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །རྐང་པ་གང་རུང་གཟུགས་མཐའ་མ།  །སྣ་ཚོགས་ཟུང་སྦྲེལ་བར་མ་ཆོད།  །རྐང་པ་གཅིག་གཉིས་གསུམ་བཞི་ལ།  །སྦྱར་བའི་ཁྱད་པར་བཅོ་ལྔ་འགྱུར།  །རྐང་གྲངས་ཁ་གསལ་གཟུགས་མཐའ་མ།  །སྣ་ཚོགས་ཟུང་སྦྲེལ་སོ་སོའི་དོན།  །བསོད་ནམས་ལྡན་པའི་མི་རེ་རེ།  །ཡོད་ན་དེ་ཕྱོགས་ཀུན་ལ་ཕན།  །ལོ་འབྲས་ལེགས་པའི་དཔག་བསམ་གཅིག  །མངའ་བའི་ལྷ་ཁམས་དར་ལ་རྒྱས།  །དོན་དང་ལྡན་པའི་སྐྱེས་མཆོག་ཅིག  །གཙུག་ཏུ་བསྙེན་པའི་འགྲོ་སོ་སོ།  །འདིར་སྐྱིད་ཕྱི་མར་བདེ་བ་སོགས།  །འབད་པ་ཐམས་ཅད་དོན་ཡོད་འགྱུར།  །ཐོས་ཆུང་བླུན་པོའི་གྲལ་གོང་ན།  །དད་པ་ཤེས་རབ་མི་ལྡན་པའི།  །རང་མཐོང་ཅན་གྱི་མི་ལ་ལ།  །སྟོངས་སྐད་ནམ་མཁའི་འབྲུག་བས་ཆེ།  །རྒན་རབས་མཁས་པའི་ཞལ་སྔ་ནས།  །ལུགས་གཉིས་གཏམ་གྱི་བདུད་རྩི་ལ།  །མྱོང་རྒྱ་ཅན་གྱི་ཤེས་ལྡན་འགའ།  །ཀུན་གྱིས་བཀུར་ཀྱང་དམའ་ཞུམ་ཞུམ།  །གཞན་སྨ་འབེབ་ན་འཛུམ་ཝང་ཝང་།  །ལེགས་བཤད་མཐོང་ན་ནག་སྡུག་སྡུག  །ཕལ་བ་ཡོངས་ཀྱི་ཐ་ཤལ་ཏེ།  །མ་ཤི་རོ་ཡི་རྣམ་ཐར་ཡིན།  །དྲུང་ནས་བསྟོད་པའི་ཚིག་མཛེས་མཛེས།  །གཡོ་སྒྱུ་ཡིན་གྱི་དགའ་ནས་མིན།  །ཕག་ན་སྨད་པའི་གཏམ་ཤིབ་ཤིབ།  །རང་མཚང་ཡིན་གྱི་གཞན་སྐྱོན་མིན།  །ཉིན་མཚན་འཁོར་ཡུག་སྐུ་ངལ་ངལ།  །རྣམ་དཀར་ཐར་པའི་འདུན་མ་ལ།  །རྟག་ཏུ་འབད་པའི་དགེ་སྦྱོར་བ།  །འགྲོ་བ་ཀུན་གྱི་ཕུད་ཏོག་ཏོག  །མཆོག་དམན་བར་གྱི་འགྲོ་བ་གང་།  །ངོ་བསྟོད་ཅན་ལ་མགུ་ལགས་ལགས།  །སྙིང་བརྩེའི་གྲོགས་ལ་འཁྲོ་ཚིག་ཚིག  །རང་དོན་འཆོར་བའི་སྔ་ལྟས་ཡིན  །གྲོགས་ངན་རྐྱེན་གྱིས་མི་བསྐྱོད་པའི།  །ཕོ་རབ་རིན་ཆེན་གསེར་འདྲ་འདྲ།  །མངོན་པར་བསྟོད་ཀྱང་སོ་མར་གནས།  །སྨད་ཀྱང་རང་བཞིན་འཛུམ་ལྷུག་ལྷུག  །ངོ་ཚ་ཁྲེལ་འདས་མ་རབས་འགའ།  །ལྟོ་ཆུས་ལད་པའི་སྟ་གོན་ལ།  །བདའ་དགུའི་ཟས་ལ་འཛུམ་ཤིག་ཤིག  །བཅོལ་བའི་ལས་ལ་དཔའ་འཁུམ་འཁུམ།  །ཡ་རབས་རྣམས་ལ་དམའ་གུས་གུས།  །དཀོས་ཐག་འགྲོ་ལ་ངག་འཇམ་འཇམ།  །དཀར་ནག་རྒྱུ་འབྲས་ལས་ཞིབ་ཞིབ།  །བརྩི་བ་ཕལ་བའི་ཡང་རབ་ཡིན།  །རང་སར་བཞག་ན་ཁོག་དྲང་དྲང་།  །བློ་གཏད་བཅོལ་ན་སྲོག་དམར་དམར།  །འཐབ་ཟླ་བཙལ་ན་ཁོང་འཁྱུག་ཅན།  །སྐྱེ་བོའི་ནང་ནས་ཕུད་གཙུག་གཙུག  །ཡིད་འཕྲོག་ལང་ཚོའི་དཔལ་མཛེས་མཛེས།  །མཛངས་ལེགས་ངང་བཟང་ཤེས་ལྡན་མ།  །རང་ལུས་བཙའ་བའི་ཐབས་གཟབས་གཟབས།  །མཛའ་བོའི་བློ་དང་བསྟུན་མཁས་མཁས།  །གོ་མེད་ཤེས་ཆུང་འདོད་ལྡན་མ།  །གཏན་ཁྱོ་སྨོད་པའི་གཏམ་ཉོབ་ཉོབ།  །བྱི་ཕོ་ཀུན་ལ་ལག་ཡང་ཡང་།  །ཕུང་སྲི་ནག་མོའི་མིག་ཀྱོག་ཀྱོག  །གཟི་བརྗིད་བྱིན་ལྡན་མཚན་བཟང་བཟང་།  །རྣམ་དག་འདུལ་བའི་གཞི་བརླིང་བརླིང་།  །གཞན་ལ་བརྩེ་བའི་ཐུགས་དཀར་དཀར།   །རྗེ་ཁྱོད་དྲན་ན་སྤྲོ་སངས་སངས།  །རྐང་པ་གང་རུང་གཟུགས་ཐ་མ།  །སྐོར་ཟློས་བགྲེ་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་མཐའ་མའི་གཟུགས།  །འདྲ་བ་སྐོར་ཟློས་རིགས་གཅིག་སྟེ།  །རྐང་པ་གཉིས་གཉིས་གསུམ་གསུམ་བཞིར།  །སྦྱར་བའི་ཁྱད་པར་བཅུ་གཅིག་འགྱུར།  །རྐང་གྲངས་ཁ་གསལ་མཐའ་མའི་གཟུགས།  །འདྲ་བ་སྐོར་ཟློས་སོ་སོའི་དོན།  །མཁས་པ་ཞི་དུལ་ལྡན་ན་མཛེས།  །སྒོམ་ཆེན་བྱ་བ་ཉུང་ན་མཛེས། །བཙུན་པ་བག་ཟོན་ལེགས་ན་དང་།  །ནོར་ལྡན་གཏོང་ཕོད་ཆེ་ན་འོ།  །རྩ་དམ་ཉམས་པའི་བཙུན་གཟུགས་དེ།  །ཚུལ་འཆོས་མཛེས་ཀྱང་ཁྱི་བས་ལོད།  །རྫ་བུམ་ཞིག་པའི་གྱོ་མོ་དེ།  །ཚོན་རྩི་ལེགས་ཀྱང་ཐལ་སྐྱའི་གྲོགས།  །བཙུན་པ་བཙུན་གྲལ་མི་སྡོད་ཅི།  །མི་ཁྱུར་འཚོགས་ན་ལྷ་མིས་སྨོན།  །གཅིག་པུར་གྲོང་གསེབ་ཉུལ་དྲགས་ན།  །སྐྱེ་བོའི་ཁ་མདའ་ཕོག་ཚེ་ཅི།  །ཀྱེ་མ་བདག་འདྲའི་ཐོས་ཆུང་འགའ།  །གཞན་མཐོང་མ་མྱོང་རང་མཐོང་ཚེ།  །མཁས་གྲལ་མ་འགྲིམས་རྩོམ་འདོད་ཆེ།  །དཔྱོད་ལྡན་ཞིག་དང་འཇལ་ན་ཨང།  །རང་བཞིན་འདྲ་ཐང་བཤད་ན་ཡང་།  །མཚང་ཅན་མི་ལ་སྨྲས་པ་འདྲ།  །ཤ་རྒྱས་གཙུག་གི་རུ་ཐུར་དེ།  །མཁའ་ལ་འཛུབ་རིས་བྱེད་པ་འདྲ།  །ལེགས་ཉེས་བྱ་བ་གང་ལ་ཡང་།  །མ་བརྟག་བར་དུ་མི་འཇུག་སྟེ།  །བྱིས་པའི་ཀུ་རེ་ཐལ་བ་མང་།  །གཡོ་ཅན་ཁ་འདས་ཕུང་བ་མང་།  །ཐོས་པས་ཚིག་གི་སྒྲོ་འདོག་གཅོད།  །བསམ་པས་དོན་གྱི་གདར་ཐག་གཅོད།  །གོམ་པས་འཁོར་འདས་སྤྱི་རྒྱ་གཅོད།  །དེ་གསུམ་མཁས་པའི་ཕ་ནོར་ཡིན།  །མཁས་པ་དཔྱོད་ལྡན་དབུས་ན་སྐྱིད།  །འདུལ་འཛིན་བཙུན་པའི་གྲལ་ན་སྐྱིད།  །གླང་ཆེན་ཀུ་ཤའི་གླིང་ན་བདེ།  །ཁྲི་སྙ་སྨན་གྱི་ཚལ་ན་སྐྱིད།  །མཁས་པ་ཁེ་སྒམ་ཆེ་ན་ལོད།  །བཙུན་པ་ཆང་དད་ཆེ་ན་སྨེ།  །རྗེ་བོ་ནོར་འདོད་ཆེ་ན་ལོད།  །ན་ཆུང་འགྲོ་འདུག་སྐྱེན་ན་ལོད།  །དཔྱོད་ལྡན་ཡིད་ཀྱི་རྩིས་གདབ་ལ།  །གནོད་ཚད་དགྲ་རུ་བཟུང་ན་ཕུང་།  །ཕན་ཚད་གྲོགས་སུ་འབད་ན་ཕུང་།  །ཀུན་ལ་རང་འདོད་ཆེ་ན་ཕུང་།  །ལུང་རིག་ཐོས་རྒྱ་ཆེ་ན་ལེགས།  །ཐོས་དོན་མདོ་རུ་འདྲིལ་ན་ལེགས།  །ནོར་ལ་གཅེས་འཛིན་ཆུང་ན་ལེགས། །ལོངས་སྤྱོད་ཆོག་ཤེས་ལྡན་ན་ལེགས།  །རྐང་པ་གང་རུང་མཐའ་གཟུགས་གཉིས།  །སྐོར་ཟློས་འགྲོ་བ་རིགས་ཐ་དད།  །ཟུང་དང་ཟུང་མིན་མཐའ་དབུས་ལ།  །སྦྱར་བའི་ཁྱད་པར་རྣམ་པ་གསུམ།  །རྐང་གྲངས་གང་ཡིན་གསལ་ཁ་ཅན།  །མཐའ་གཟུགས་གཉིས་འགྲོ་སོ་སོའི་དོན།  །སེང་ཆེན་གངས་རིའི་སྤོ་ལ་འགྱིང་།  །དཔྱོད་ལྡན་མཁས་པའི་ཁྲི་ལ་འགྱིང་།  །གང་ཁྱེད་སྐལ་ལྡན་ཁྲོད་ན་བརྗིད།  །གཅིག་ཤོས་སྡེར་ཆགས་གསེབ་ན་བརྗིད།  །གཅེས་པའི་སྲོག་ལ་བབ་ན་ཡང་།  །བསླབ་པ་བློ་ཡིས་གཏོང་རུང་མིན།  །ཆུ་སྲིན་མགོ་ལུས་ཕྲལ་ན་ཡང་།  །འདོད་འབྱུང་ཁ་ནས་སྐྱུག་པ་མིན།  །དགེ་ལ་བརྩོན་པའི་དད་ལྡན་ལགས།  །ཁྲོ་གཏུམ་ཅན་ལ་གདོང་མ་ལྡོག  །རྩུབ་མོའི་ཚིག་ལ་ལན་མ་ལྡོག  །གཡུང་དྲུང་སེམས་དཔའི་རང་གཤིས་ལགས།  །རྐང་པ་གང་རུང་མཐའ་མའི་གཟུགས།  །ཟུང་བཅད་བགྲེ་བ་ཆོད་མ་ཆོད།  །ཟུང་དང་ཟུང་མིན་མཐའ་དབུས་དང་།  །ཀུན་ལ་སྦྱར་བའི་ཁྱད་པར་བཞི།  །རྐང་གྲངས་གང་ཡིན་གསལ་ཁ་ཅན།  །མཐའ་གཟུགས་ཟུང་བགྲེ་སོ་སོའི་དོན།  །ཁམས་གསུམ་འཁོར་བའི་འགྲོ་མང་མང་།  །འདུ་འཛི་འཁྲུལ་བའི་ལས་མང་མང་།  །སྤོངས་ལ་བདེན་པའི་བོན་དཀར་དཀར།  །སློབ་དང་རྒྱུ་བའི་ལམ་དཀར་དཀར།  །གཡོ་སྒྱུ་ཅན་གྱི་ཁ་འཇམ་འཇམ།  །ཕ་རོལ་བསླུ་བའི་ཐབས་མཁས་མཁས།  །སྡེར་ཆགས་བྱི་ལའི་ངག་འཇམ་འཇམ།  །གཟན་ལ་འཇུག་པའི་སྟབས་མཁས་མཁས།  །དབྱངས་ཅན་སྐུ་དཀྱིལ་ཕྲ་ཁྱུག་ཁྱུག  །ཡིད་ཙམ་བྱེ་བའི་ཞལ་འཛུམ་འཛུམ།  །འགྲོ་ལ་རྗེས་བརྩེའི་སྤྱན་འཛུམ་འཛུམ།  །ཟླ་བའི་ཅོ་པན་འོད་ཁྱུག་ཁྱུག  །སྨྲ་སེང་འགྱིང་བའི་གར་ལྡེམ་ལྡེམ།  །པད་དཀར་སྡོང་བུ་ཕྲ་ལྡེམ་ལྡེམ།  །ཤེས་རབ་རལ་གྲི་འོད་ལྡེམ་ལྡེམ། །གཡུ་ཡི་ཟུར་ཕུད་སྔོ་ལྡེམ་ལྡེམ།  །དེས་མཚོན་ཐ་མའི་ཟུང་ལྡན་ཀྱང་།  །བློ་དང་ལྡན་པས་རྗེས་སུ་དཔོག  །ཐ་མའི་ཟུང་བརྗོད་ཐ་མ་དེ།  །ཡང་ཡང་བསྐྱར་དེ་ཟློས་བའི་ངག  །རྐང་པ་གང་རུང་དབུས་མཐའི་གཟུགས།  །སྐོར་ཟློས་བྱེད་པ་དབུས་མཐའི་ཟུང་།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །རྐང་པ་གང་རུང་དབུས་མཐའི་གཟུགས།  །ཟུང་དུ་བཅད་པ་བར་མ་ཆོད།  །རྐང་པ་གཅིག་གཉིས་གསུམ་བཞི་ལ།  །སྦྱར་བའི་ཁྱད་པར་བཅོ་ལྔ་སྟེ།  །རྐང་པ་ཁ་གསལ་དབུས་མཐའི་གཟུགས།  །འདྲ་མིན་ཟུང་སྦྲེལ་སོ་སོའི་དོན།  །གཞོན་སྐུ་དཀར་དཀར་གསུང་སྙན་སྙན།  །དབུ་སྐྲ་ཉིལ་ཉིལ་རྒྱན་མཛེས་མཛེས།  །ཐུགས་གཤིས་འཇམ་འཇམ་བློ་གསལ་གསལ།  །གང་ཁྱེད་ཡང་ཡང་དྲན་ལྷང་ལྷང་།  །འདིས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་དབུས་མཐའི་གཟུགས།  །སྐོར་ཟློས་བྱེད་པ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་དབུས་མཐའི་གཟུགས།   །རེ་རེ་སྐོར་ཟློས་རིགས་གཅིག་པ།  །རྐང་པ་གཉིས་གཉིས་གསུམ་གསུམ་བཞིར།  །སྦྱར་བའི་ཁྱད་པར་བཅུ་གཅིག་སྟེ།  །རྐང་གྲངས་ཁ་གསལ་དབུས་མཐའི་གཟུགས།  །འདྲ་བ་སྐོར་ཟློས་རིགས་གཅིག་པ།  །འཁྲུལ་པ་མེད་ན་ཡེ་ཤེས་མེད།  །མུན་པ་མེད་ན་གསལ་བ་མེད།  །སྡུག་བསྔལ་མེད་ན་བདེ་བ་མེད།  །ངན་སོང་མེདན་མཐོ་རིས་མེད།  །འདིས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་དབུས་མཐའི་གཟུགས།  །འདྲ་མིན་སྐོར་ཟློས་རིགས་ཐ་དད།  །སྔ་ཕྱི་ཟུང་དང་ཟུང་མིན་དང་། །མཐའ་དབུས་སྦྱར་བའི་ཁྱད་པར་གསུམ།  །རྐང་གྲངས་ཁ་གསལ་དབུས་མཐའི་གཟུགས།  །འདྲ་མིན་སྐོར་ཟློས་རིགས་ཐ་དད།  །བཟང་པོ་ཡོད་ན་ངན་པ་ཡོད།  །ལྷ་ཞིག་སྲིད་ན་བདུད་ཅིག་སྲིད།  །སྐྱེ་བ་ཡོད་ན་འགག་པ་ཡོད།  །འཆར་བ་སྲིད་ན་ནུབ་པའང་སྲིད།  །འདིས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་དབུས་མཐའ་ཡི་གཟུགས།  །ཟུང་སྦྲེལ་སྐོར་ཟློས་ཆོད་མ་ཆོད།  །རྐང་པ་སྔ་ཕྱི་ཡ་ཟུང་དང་།  །མཐའ་དབུས་ཀུན་སྦྱར་ཁྱད་པར་བཞི།  །རྐང་གྲངས་ཁ་གསལ་དབུས་མཐའི་གཟུགས། །ཟུང་སྦྲེལ་སྐོར་ཟློས་སོ་སོའི་དོན།  །སྐུ་ལུས་དཀར་དཀར་རྒྱན་དཀར་དཀར།  །ཞལ་རས་དཀར་དཀར་ཚེམས་དཀར་དཀར། །ཀུན་སློང་དཀར་དཀར་ཐུགས་དཀར་དཀར། །མཛད་པ་དཀར་དཀར་བོན་དཀར་དཀར།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །དེ་ལྟར་དབུས་མཐའི་ཟུང་ལྡན་ཀུན།  །བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱོད།  །དབུས་མཐའི་ཟུང་ལྡན་དབུས་གཟུགས་དང་།  །མཐའ་གཟུགས་འདྲ་བ་ལྡབ་པའི་ངག  །རྐང་པ་གང་རུང་ཐོག་དབུས་གཟུགས་དང་།  །སྐོར་ཟློས་བྱེད་པ་ཐོག་དབུས་ཟུང་།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །རྐང་པ་གང་རུང་ཐོག་དབུས་གཟུགས།  །སྣ་ཚོགས་ཟུང་སྦྲེལ་བར་མ་ཆོད།  །རྐང་པ་གཅིག་གཉིས་གསུམ་བཞི་ལ།  །སྦྱར་བའི་ཁྱད་པར་བཅོ་ལྔ་སྟེ།  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །སྣ་ཚོགས་ཟུང་སྦྲེལ་སོ་སོའི་དོན།  །བརྗིད་བརྗིད་སྐུ་མཚན་མཚན་དཔེ་བཟང་།  །འཇེན་འཇེན་གསུང་སྙན་སྙན་འགྱུར་ལྡན།  །གསལ་གསལ་ཀུན་མཁྱེན་མཁྱེན་བརྩེའི་བདག  །ལེགས་ལེགས་སྟོན་མཆོག་མཆོག་བཞིའི་གཙོ།  །འདིས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་ཐོག་དབུས་གཟུགས།  །སྐོར་ཟློས་བྱེད་པ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་ཐོག་དབུས་གཟུགས།  །འདྲ་བ་སྐོར་ཟློས་རིགས་གཅིག་པ།  །རྐང་པ་གཉིས་གཉིས་གསུམ་གསུམབཞིར།  །སྦྱར་ཁྱད་བཅུ་གཅིག་སྔར་བཞིན་ཏེ།  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་བ་སྐོར་ཟློས་སོ་སོའི་དོན།  །བཀྲ་མཛེས་གཞུ་བཀྲ་འཁྱིལ་དབུས་ན།  །བཀྲ་གསལ་ཉི་བཀྲ་རྒྱས་པ་བཞིན།  །བཀྲ་ཤིས་མིང་བཀྲ་ལེགས་པའི་དགོན།  །བཀྲ་རྟགས་རྣམ་བཀྲ་གཡུང་དྲུང་གླིང་།  །འདིས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་ཐོག་དབུས་གཟུགས།  །འདྲ་མིན་སྐོར་ཟློས་རིགས་ཐ་དད།  །སྔ་ཕྱི་ཟུང་དང་ཟུང་མིན་དང་།  །མཐའ་དབུས་འདྲ་བའི་ཁྱད་པར་གསུམ།  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་མིན་སྐོར་ཟློས་སོ་སོའི་དོན།  །དཀར་འཇམ་གངས་དཀར་ལྷུན་པོ་ལ།  །དཀར་གསལ་ཟླ་དཀར་ཕོག་འདྲའི་སྐུ།  །ཡིད་འོང་མཁན་ཡིད་དགའ་བའི་དཔལ།  །ཡིད་ལྡན་ཀུན་ཡིད་འཕྲོག་འདི་ཅི།  །འདིས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་ཐོག་དབུས་གཟུགས།  །རིགས་མཐུན་ཟུང་སྦྲེལ་ཆོད་མ་ཆོད།  །ཁྱད་པར་རྣམ་བཞི་སྔར་བཞིན་ལ། །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །ཟུང་སྦྲེལ་སྐོར་བ་སོ་སོའི་དོན།  །མཛེས་མཛེས་གཞོན་མཛེས་མཛེས་མ་འགའ།  །མཛེས་མཛེས་བཞིན་མཛེས་མཛེས་ལ་དགའ།  །མཛེས་མཛེས་གཟུགས་མཛེས་མཛེས་ཆས་ཀླུབས།  །མཛེས་མཛེས་ངང་མཛེས་མཛེས་ཚུལ་སྟོན།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །དེ་ལྟར་ཐོག་དབུས་ཟུང་ལྡན་གཞན།  །དཔྱོད་ལྡན་བློ་ཡིས་དཔག་པའི་གནས།  །ཐོག་དབུས་ཟུང་ལྡན་དབུས་ཐོག་གཟུགས།  །ལྡབ་སྨྲ་བྱེད་པའི་སྙན་ངག་ཡིན།  །རྐང་པ་གང་རུང་ཐོག་མཐའི་གཟུགས།  །སྐོར་ཟློས་བྱེད་པ་ཐོག་མཐའི་ཟུང་།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །རྐང་པ་གང་རུང་ཐོག་མཐའི་གཟུགས།  །སྣ་ཚོགས་ཟུང་སྦྲེལ་བར་མ་ཆོད།  །རྐང་པ་གཅིག་གཉིས་གསུམ་བཞི་ལ།  །སྦྱར་བའི་ཁྱད་པར་བཅོ་ལྔ་སྟེ།  །རྐང་གྲངས་ཁ་གསལ་ཐོག་མཐའི་གཟུགས།  །སྣ་ཚོགས་ཟུང་སྦྲེལ་སོ་སོའི་དོན།  །མང་མང་འདུས་སྡེ་ཉི་ལི་ལི།  །མཛེས་མཛེས་རྨད་གོས་ཞུ་ལུ་ལུ།  །འགྲིག་འགྲིག་གདངས་དབྱངས་འུ་རུ་རུ།  །སྙན་སྙན་རོལ་ཆ་ཁྲོ་ལོ་ལོ།  །དེས་མཚོན་གཞན་ཀུན་སྔར་བཞིན་ཤེས།  །རྐང་པ་གང་རུང་ཐོག་མཐའི་གཟུགས།  །སྐོར་ཟློས་བྱེད་པ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་ཐོག་མཐའི་གཟུགས།  །འདྲ་བ་སྐོར་ཟློས་རིགས་གཅིག་པ།  །རྐང་པ་གཉིས་གཉིས་གསུམ་གསུམ་བཞིར།  །སྦྱར་བའི་ཁྱད་པར་བཅུ་གཅིག་སྟེ།  །རྐང་གྲངས་ཁ་གསལ་ཐོག་མཐའི་གཟུགས།  །འདྲ་བ་སྐོར་ཟློས་སོ་སོའི་དོན།  །བསྟན་ནི་བརྒྱད་ཁྲི་བཞི་སྟོང་བསྟན།  །བསྟན་པ་རྒྱལ་བ་གཤེན་གྱི་བསྟན།  །བསྟན་གནས་སྐལ་ལྡན་ཚོགས་ལ་བསྟན།  །བསྟན་ཚུལ་འབད་མེད་ལྷུག་པར་བསྟན།  །དེས་མཚོན་གཞན་ཀུན་སྔར་བཞིན་ཤེས།  །རྐང་པ་གང་རུང་ཐོག་མཐའི་གཟུགས།  །འདྲ་མིན་བསྐོར་བ་རིགས་ཐ་དད།  །དབྱེ་བའི་ཁྱད་པར་རྣམ་པ་གསུམ།  །རྐང་གྲངས་ཁ་གསལ་ཐོག་མཐའི་གཟུགས།  །འདྲ་མིན་སྐོར་ཟློས་སོ་སོའི་དོན།  །གཤེན་རབ་སྟོན་མཆོག་ལྷ་མིའི་གཤེན།  །རྒྱལ་ཀུན་ཐུ་བོ་ཁྲི་གཙུག་རྒྱལ།  །གཤེན་བསྟན་ཕྱོགས་བརྒྱར་སྤེལ་བའི་གཤེན།  །རྒྱལ་སྲས་སེམས་དཔའི་ཚོགས་ཀུན་རྒྱལ། །དེས་མཚོན་གཞན་རྣམས་སྔར་བཞིན་ཤེས།  །རྐང་པ་གང་རུང་ཐོག་མཐའི་གཟུགས།  །ཟུང་སྦྲེལ་བསྐོར་བ་ཆོད་མ་ཆོད།  །དབྱེ་སྒོ་རྣམ་པ་བཞི་རུ་བསྟན།  །རྐང་གྲངས་ཁ་གསལ་ཐོག་མཐའི་གཟུགས།  །ཟུང་སྦྲེལ་སྐོར་ཟློས་སོ་སོའི་དོན།  །སྙན་སྙན་རྒྱལ་བའི་ལུང་སྙན་སྙན།  །སྙན་སྙན་འཆད་པའི་ངག་སྙན་སྙན།  །སྙན་སྙན་རྩོད་པའི་ཚིག་སྙན་སྙན།  །སྙན་སྙན་རྩོམ་པའི་རྒྱན་སྙན་སྙན།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་མཐའི་ཟུང་ལྡན་དེས་མཚོན་ནས།  །ཇི་སྲིད་དཔྱོད་ལྡན་བློ་ཡིས་དཔོག  །ཐོག་མཐའི་ཟུང་ལྡན་རྐང་སོ་སོའི།  །ཐོག་མཐའ་ཡིག་གཟུགས་ལྡབ་པའི་ངག  །རྐང་པ་གང་རུང་གནས་སོ་སོའི།  །ཚིག་བསྐོར་བསྣོར་བ་རྗེས་མཐུན་ཏེ།  །རྐྱང་མཐུན་དང་ནི་སྦྲག་མཐུན་གཉིས།  །རྐང་པ་སོ་སོའི་གནས་རེ་རེའི།  །ཚིག་བསྐོར་བསྣོར་བ་རྐྱང་མཐུན་ཏེ།  །ཐོག་དབུས་མཐུན་དང་ཐོག་མཐའ་མཐུན།  །དབུས་མཐའ་མཐུན་དང་རྣམ་པ་གསུམ། །རྐང་བཞི་ཐོག་དབུས་གནས་རེའི་གཟུགས།  །ཚིག་བསྐོར་བསྣོར་བ་ཐོག་དབུས་མཐུན། །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །ཐོག་དབུས་གནས་རེའི་གཟུགས་སྣ་ཚོགས།  །ཟུང་སྦྲེལ་བསྣོར་བ་བར་མ་ཆོད།  །རྐང་པ་སྔ་ཕྱི་ཟུང་ཟུང་མིན།  །མཐའ་དབུས་འགྱུར་ཁྱད་རྣམ་པ་དྲུག  །རྐང་གྲངས་ཁ་གསལ་གཟུགས་སྣ་ཚོགས།  །ཟུང་སྦྲེལ་བསྣོར་བ་སོ་སོའི་དོན།  །བརྟན་བརྟན་ནོར་གྱི་བློ་གྲོས་མས།  །ལྗང་ལྗང་གོས་བཟང་ཀླུབས་པའི་དུས།  །འགྲོ་རྣམས་སྐྱིད་སྐྱིད་སྣང་བ་དང་།  །ལང་ཚོ་ལེགས་ལེགས་རྒྱས་པར་འགྱུར།  །ཡང་ཡང་དཀའ་བ་མ་སྤྱད་ན།  །གནས་ལུགས་ལམ་ལམ་མི་འཆར་ཏེ།  །ལྗང་ལྗང་གཡའ་མའི་མེ་ལོང་ངོར།  །གཟུགས་བརྙན་གསལ་གསལ་མེད་ལ་ལྟོས།  །དལ་དལ་གཏན་བདེ་འཐོབ་པ་ལ།  །བྱ་བ་དཀའ་དཀའ་བསྒྲུབ་པ་གནད།  །འབྲས་བུ་མང་མང་སྤྱོད་འདོད་འགའ།  །དུས་དུས་སོ་ནམ་བྱེད་ལ་ལྟོས།  །དགེ་ལ་མགྱོགས་མགྱོགས་མ་བརྩོན་ན།  །འདུས་འདུས་ཕུང་པོ་འཐོར་ལ་ཁད།  །འཇིགས་འཇིགས་སྣང་བ་ཤར་བའི་ཚེ།  །བློ་ཁ་འགྱོད་འགྱོད་བྱས་ཀྱང་ཐལ།  །དགེ་སྡིག་ཕྲ་ཕྲ་བརྙས་མི་བྱ།  །མང་མང་འདུས་ན་ཆེན་པོ་འགྱུར།  །སྣང་ཆ་ཆུང་ཆུང་ཕྲ་རབ་རྡུལ།  །བསགས་བསགས་རི་བོའི་གཏོས་ལ་གཞིག  །ཀུན་ལས་རང་རང་དབང་ཆེ་དུས། །རྒྱུ་འབྲས་ཞིབ་ཞིབ་མ་བརྩིས་ན།  །མཐོ་མཐོའི་གོ་ས་འཛིན་ན་ཡང་།  །འཁྲུལ་འཁྲུལ་འཁོར་བའི་མུ་ལ་ཉེ།  །རྐང་པ་སོ་སོའི་ཐོག་དབུས་གཟུགས།  །སྐོར་ཟློས་བསྣོར་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་སོ་སོའི་ཐོག་དབུས་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ།  །རྐང་པའི་འགྱུར་ཁྱད་རྣམ་པ་དྲུག །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ།  །རྐང་པའི་འགྱུར་ཁྱད་རྣམ་པ་དྲུག  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་བ་བསྐོར་བསྣོར་སོ་སོའི་དོན།  །གཡུང་དྲུང་བཀྲ་བའི་ས་གནས་སུ།  །གཡུང་དྲུང་བོན་བསྟན་རྒྱས་པ་དང་།  །སྐལ་ལྡན་གཡུང་དྲུང་སེམས་དཔའི་ཚོགས།  །འདུས་པ་གཡུང་དྲུང་གླིང་ཞེས་གྲགས།  །དེས་མཚོན་གཞན་རྣམས་སྔར་བཞིན་འགྲེས།  །རྐང་པ་སོ་སོའི་ཐོག་དབུས་གཟུགས།  །འདྲ་མིན་བསྐོར་བསྣོར་རིགས་ཐ་དད།  །དེ་ཡང་རྐང་འགྱུར་རྣམ་པ་དྲུག  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་མིན་བསྐོར་བསྣོར་སོ་སོའི་དོན།  །བཀྲ་ཤིས་ཕུན་སུམ་ཚོགས་པའི་ཞིང་།  །རྣམ་རྒྱལ་ཀུན་གྲགས་གླིང་ཆེན་དུ། །བཀྲ་ཤིས་སྣང་བ་རྟག་འབར་ནས།  །དགེ་མཚན་ཀུན་གྲགས་དཔལ་ཡོན་རྒྱས།  །དེས་མཚོན་གཞན་རྣམས་སྔར་བཞིན་འགྲེས།  །རྐང་པ་སོ་སོའི་ཐོག་དབུས་གཟུགས།  །ཟུང་སྦྲེལ་འགྲེས་བསྣོར་ཆོད་མ་ཆོད།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པ་གང་རུང་ཐོག་དབུས་གཟུགས།  །འདྲ་བ་ཟུང་བསྣོར་རིགས་གཅིག་པ།  །རྐང་བའི་འགྱུར་ཁྱད་རྣམ་པ་དྲུག  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་བ་ཟུང་བསྣོར་སོ་སོའི་དོན།  །གསལ་གསལ་སེམས་ཀྱི་གཏད་སོ་དེ།  །གསལ་གསལ་ཚིག་ལ་བཅོལ་དྲགས་ན།  །དྲང་དོན་གསལ་གསལ་སྨྲ་མཁས་ཀྱང་།  །ངེས་དོན་གསལ་གསལ་རྟོགས་པ་དཀའ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་ཐོག་དབུས་གཟུགས  །འདྲ་མིན་ཟུང་སྦྲེལ་བསྐོར་བསྣོར་བ།  །ཐ་དད་རྐང་བའི་འགྱུར་ཁྱད་དྲུག  །རྐང་གྲངས་ཁ་གསལ་ཐོག་དབུས་གཟུགས།  །འདྲ་མིན་ཟུང་བསྐོར་བསྣོར་བ་དོན།  །འཕྲུལ་འཕྲུལ་ཚིག་ལ་མ་སྦྱང་ན།  །བདེན་དོན་ངེས་ངེས་མི་རྟོགས་ཏེ།  །འཕྲུལ་འཕྲུལ་གཟིངས་ལ་མ་ཞུགས་ན།  །འདོད་འབྱུང་ངེས་ངེས་ཐོབ་མི་འགྱུར།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་བཞི་གང་རུང་ཐོག་མཐའི་གཟུགས།  །གནས་རེ་བསྐོར་བསྣོར་ཐོག་མཐའ་ཅན།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །ཚིག་རྐང་ཐོག་མཐའི་གཟུགས་སྣ་ཚོགས།  །ཟུང་སྦྲེལ་བསྣོར་བ་བར་མ་ཆོད།  །རྐང་པའི་འགྱུར་ཁྱད་རྣམ་པ་དྲུག  །རྐང་གྲངས་ཁ་གསལ་ཐོག་མཐའི་གཟུགས། །སྣ་ཚོགས་ཟུང་སྦྲེལ་བསྣོར་བ་དོན།  །འུར་འུར་སྒྲོག་པའི་དུར་ཁྲོད་ན།  །ཅེར་ཅེར་མིག་གིས་བལྟས་ཙམ་ན།  །གིང་ཆེན་མང་པོ་ཁྲ་ལ་ལ།  །གདུག་པའི་བཤུད་གླུ་ཀྱུ་རུ་རུ།  །གྱོང་གྱོང་ཁེངས་པ་མ་ཐུལ་པས།  །རང་སྣང་དྲེགས་པའི་མི་ལ་ལ།  །འགྲིག་འགྲིག་ཚིག་གིས་བསྟོད་ཙམ་ན།  །དགྱེས་པའི་འཛུམ་དཀར་མུ་ལུ་ལུ།  །རྔམ་རྔམ་སྒྲ་བླའི་དམགས་ཚོགས་རྣམས།  །དབལ་གྱི་འབྲུག་སྒྲ་དི་རི་རི།  །གློག་དམར་ཚ་ཚ་ཐ་ར་ར།  །བྷྱོ་བྷྱོ་དགྲ་བོའི་སྲོག་ལ་ཡ།  །མཚལ་གྱི་སྣང་མ་ཏ་ལ་ལ།  །གསལ་གསལ་འོད་མདངས་ཕྱད་མ་ཕྱོད།  །ལྡེམ་ལྡེམ་གར་སྟབས་ལང་མ་ལིང་།  །མར་ཁུའི་རྒྱ་མཚོ་མེ་རེ་རེ།  །ཉིན་རིམ་བཞིན་དུ་ཚིག་རེ་རེ།  །ངེས་ངེས་ཤེས་ན་མཁས་པ་སླ།  །དལ་དུ་འབབ་པའི་ཆུ་ཆུང་ཆུང་།   །མེར་མེར་རྒྱ་མཚོ་འཁྱིལ་ལ་ལྟོས།  །འདུ་ལང་སྤངས་པའི་ལུས་ཙོག་ཙོག  །གཟའ་གཏད་བྲལ་བའི་མིག་ཟིམ་ཟིམ།  །ལྷོད་ལྷོད་ངང་ནས་རང་བཞིན་གཤིས།  །བཅོས་བཅོས་མེད་པར་ལྷམ་མེ་འོ།  །རྐང་བཞི་ཐོག་གམ་མཐའི་གནས་རེ།  །གཟུགས་བསྐོར་བསྣོར་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་བཞི་ཐོག་མཐའི་གནས་རེའི་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ།  །རྐང་བའི་འགྱུར་ཁྱད་རྣམ་པ་དྲུག  །རྐང་པ་ཁ་གསལ་ཐོག་མཐའི་གཟུགས།  །འདྲ་བ་བསྐོར་བསྣོར་སོ་སོའི་དོན།  །ལེགས་འབྱུང་ཡིད་བཞིན་ནོར་བུ་དེ།  །བསྟེན་ན་ཚེ་འདིར་བདེ་ལེགས་འབྱུང་།  །ལེགས་འབྱུང་རྒྱལ་བའི་བསྟན་པ་ལ།  །བརྩོན་ན་རྣམ་ཀུན་དགེ་ལེགས་འབྱུང་།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་བཞི་ཐོག་མཐའི་གནས་རེའི་གཟུགས།  །འདྲ་མིན་བསྐོར་བསྣོར་རིགས་ཐ་དད།  །རྐང་བཞི་འགྱུར་ཁྱད་རྣམ་པ་དྲུག  །མཚན་ཉིད་གོང་གི་ཤུགས་ལས་རྟོགས།  །བཅུ་ཕྲག་རིག་པ་འཛིན་པའི་གཤེན།  །ཡངས་པའི་ཞིང་ཀུན་འགེངས་གྱུར་ཅིག  །བཅུ་ཕྲག་བླ་མེད་ཕྱིན་པའི་དོན།  །འགྲོ་ཀུན་རྒྱུད་ལ་སྨིན་གྱུར་ཅིག  །དེས་མཚོན་གཞན་ཀུན་སྔར་བཞིན་ཤེས།  །རྐང་པའི་ཐོག་མཐའི་གནས་རེའི་གཟུགས།  །ཟུང་སྦྲེལ་མཐུན་བསྣོར་ཆོད་མ་ཆོད།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པའི་ཐོག་མཐའི་གནས་རེའི་གཟུགས།  །འདྲ་བ་ཟུང་བསྐོར་བསྣོར་བ་སྟེ།  །རྐང་པའི་འགྱུར་ཁྱད་རྣམ་དྲུག་གི།  །དོན་ལྡོག་སྔ་མའི་ཤུགས་ལ་དྲིས།  །བདེ་བདེ་ས་བཅུའི་ཐེམ་བཟང་ལ། །བདེ་བདེ་བགྲོད་པའི་སེམས་དཔའ་རྣམས། །འཁོར་ཆགས་བྲལ་བའི་ཐུགས་བདེ་བདེ།  །གཞན་ངོར་གང་སྤྲུལ་སྟབས་བདེ་བདེ།  །དེས་མཚོན་གཞན་རྣམས་སྔར་བཞིན་འགྲེས།  །རྐང་པའི་ཐོག་མཐའི་གནས་རེའི་གཟུགས།  །འདྲ་མིན་ཟུང་བསྐོར་བསྣོར་ཐ་དད།  །དྲུག་འགྱུར་མཚན་ཉིད་གོང་མར་འགྲེས།  །རང་རང་གནས་ལུགས་མི་རྟོགས་བཞིན།  །རང་རང་གོང་མའི་ལུགས་བཟང་དེ།  །མི་འདོད་རྒྱང་བཀག་བྱེད་སྙམ་སྙམ།  །ད་དུང་མཁས་པ་ཡིན་སྙམ་སྙམ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཚིག་རྐང་དབུས་མཐའི་གནས་རེའི་གཟུགས།  །སྐོར་ཟློས་བསྣོར་བ་དབུས་མཐའ་ཅན།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །ཚིག་རྐང་དབུས་མཐའི་གནས་རེའི་གཟུགས།  །སྣ་ཚོགས་ཟུང་བསྣོར་བར་མ་ཆོད།  །རྐང་པའི་འགྱུར་ཁྱད་རྣམ་པ་དྲུག  །ཚིག་གསལ་དབུས་མཐའི་གནས་རེའི་གཟུགས།  །སྣ་ཚོགས་ཟུང་བསྣོར་སོ་སོའི་དོན།  །དབལ་གཤེན་འཇིགས་འཇིགས་ཁྲོ་སྐུར་བཞེངས།  །དྲག་ཚད་རྔམ་རྔམ་བསྟན་ཙམ་ན། །རི་རབ་རྒྱ་མཚོ་འདར་ཤིག་ཤིག  །ལྷ་སྲིན་སྡེ་བརྒྱད་སྐད་རེང་རེང་།  །ཕྱི་དབྱིབས་གོར་གོར་པད་མོའི་ཚུལ།  །ནང་དུ་རིགས་རྟགས་བཀྲ་ལམ་ལམ།  །བལྟས་ན་སྤྲོ་སྤྲོ་དང་ཁ་བདེ།  །དཀྲོལ་ན་སྐད་སྙན་སི་ལི་ལི།  །གྷན་ངྷེ་སེང་སེང་གྲགས་པ་དང་།  །སེམ་དཔའི་འདུས་ཚོགས་ཉི་ལི་ལི།  །ཚད་གསུམ་རྩོད་སྒྲ་དི་རི་རི།  །རྒྱལ་ཞིང་ལྷང་ལྷང་ཡིད་ལ་བཀོད།  །ད་ཆར་ཁོ་བོའི་ལུས་སེར་སེར།  །འབོལ་ཁར་ལྷོད་ལྷོད་གནས་ཚུལ་ཙམ།  །བསམ་པ་བྲེལ་བྲེལ་རྒྱལ་ཁམས་ཀུན།  །ཉུལ་བའི་སྟོང་ཁྱབ་ཕྱ་ལ་ལ།  །དུང་དཀར་རྒྱང་འབོད་འུ་རུ་རུ།  །སྒྲོག་ཚེ་མང་མང་འདུས་པའི་སྡེ།  །སྤ་བའི་འདུ་འཕྲོ་ཉེ་རེ་རེ།  །གདངས་དབྱངས་འགྲིག་འགྲིག་འུར་གྱིས་འགེངས།  །འཁོར་བར་འཁྱམས་པའི་ཡུན་རིང་རིང་།  །ཟིན་མེད་ལས་ལ་སྒྱིད་ལུག་ལུག  །བྲག་ཕུག་ཆུང་ཆུང་རང་ཤོང་ཙམ། །ཡིད་ལ་ཀྱུག་ཀྱུག་གཏན་དུ་དྲན།  །རྐང་པའི་དབུས་མཐའི་གནས་རེའི་གཟུགས། །སྐོར་ཟློས་བསྣོར་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པའི་དབུས་མཐའི་གནས་རེའི་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ། །དྲུག་འགྱུར་མཚན་ཉིད་སྔར་བཞིན་ཤེས།  །སྟོན་མཆོག་དམ་པ་གཤེན་རྒྱལ་གྱི།  །འཕྲིན་ལས་དམ་པ་འཛིན་སྐྱོང་མཁས།  །སྐྱེ་བ་ཀུན་གྱི་མཆོག་དམ་པ།  །བསོད་ནམས་ཡོངས་ཀྱི་དཔལ་དམ་པ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པའི་དབུས་མཐའི་གནས་རེའི་གཟུགས།  །འདྲ་མིན་བསྐོར་བསྣོར་རིགས་ཐ་དད།  །རྐང་འགྱུར་དྲུག་གི་དོན་ལྡོག་འགྲེས།  །འོ་སྐོལ་སྟོན་པ་རྫོགས་སངས་རྒྱས།  །སྔོན་ཚེ་བསོད་ནམས་དབང་གི་དྲུང་།  །ཐུགས་བསྐྱེད་བསོད་ནམས་རྒྱ་ཆེ་བསགས།  །སྤངས་རྟོགས་མཐར་ཕྱིན་མངོན་སངས་རྒྱས།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པའི་དབུས་མཐའི་གནས་རེའི་གཟུགས།  །ཟུང་སྦྲེལ་བསྣོར་བ་ཆོད་མ་ཆོད།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་པའི་དབུས་མཐའི་གནས་རེའི་གཟུགས།  །འདྲ་བ་ཟུང་བསྣོར་རིགས་གཅིག་པ།  །འགྱུར་དྲུག་དོན་ལྡོག་གོང་བཞིན་འགྲེས།  །ལྷ་ཞལ་ལམ་ལམ་ཁུམས་པའི་མཐུས།  །རིགས་པའི་གནས་ཀུན་བཀྲ་ལམ་ལམ།  །བདག་ཞལ་ལམ་ལམ་མཇལ་ཙམ་ན།  །འཁོར་འདས་བོན་ཀུན་གསལ་ལམ་ལམ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པའི་དབུས་མཐའི་གནས་རེའི་གཟུགས།  །འདྲ་མིན་ཟུང་བསྣོར་ཐ་དད་པ།  །རྐང་འགྱུར་དྲུག་པའི་དོན་ལྡོག་འགྲེས།  །ལྟད་མོ་མཚར་མཚར་ལྟ་འདོད་ན།  །རང་རིག་དྲི་མེད་དཔལ་མཛེས་མཛེས།  །མཐོང་ན་མཚར་མཚར་སྣང་བ་གཞན།  །འཁྲུལ་སྣང་སྒྱུ་མའི་ཚུལ་མཛེས་མཛེས།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་སོ་སོའི་གནས་གཉིས་གཉིས།  །ཚིག་བསྐོར་བསྣོར་བ་སྦྲག་འདྲེས་ཏེ།  །ཐོག་དབུས་དབུས་མཐའ་འདྲེས་པ་དང་།  །ཐོག་དབུས་ཐོག་མཐའ་འདྲེས་པ་དང་།  །ཐོག་མཐའ་དབུས་མཐའ་འདྲེས་པ་གསུམ།  །ཐོག་དབུས་དབུས་མཐའི་གནས་གཉིས་གཟུགས།  །སྐོར་ཟློས་བསྣོར་བ་དང་པོ་སྟེ།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །ཐོག་དབུས་མཐའ་དབུས་གནས་གཉིས་གཟུགས།  །སྣ་ཚོགས་ཟུང་བསྣོར་བར་མ་ཆོད།  །རྐང་པའི་འགྱུར་ཁྱད་རྣམ་པ་དྲུག  །རྐང་གྲངས་ཁ་གསལ་གནས་གཉིས་གཟུགས།  །སྣ་ཚོགས་ཟུང་སྦྲེལ་བསྣོར་བ་དོན།  །ཟབ་ཟབ་འཁོར་འདས་འདས་པ་ཆེའི།  །གསལ་གསལ་བོན་ཀུན་ཀུན་གཞིའི་རྩལ།  །ཡིན་ཀྱང་མང་མང་འགྲོ་རང་རང་།  །འཛིན་སྟངས་སོ་སོའི་ལུགས་ཁ་ཁ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་གྲངས་ཐོག་དབུས་མཐའ་དབུས་ཀྱི། །གནས་གཉིས་གཟུགས་བསྐོར་བསྣོར་བར་ཆོད།  །རིགས་གཅིག་པ་དང་ཐ་དད་གཉིས།  །ཐོག་དབུས་མཐའ་དབུས་གནས་གཉིས་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ།  །དྲུག་འགྱུར་མཚན་ཉིད་སྔར་བཞིན་འཕྲུལ།  །ལེགས་སྦྱངས་གསེར་ལེགས་བུམ་བཟང་ཁར།  །ལེགས་བྲིས་སྒྲོ་ལེགས་དག་གིས་བརྒྱན།  །དར་མཚོན་འཇམ་ལེགས་མགུལ་ཆུ་ལེགས།  །ལྷ་རྟེན་མཛེས་ལེགས་བཀོད་རེ་ལེགས།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་མཐའ་དབུས་གནས་གཉིས་གཟུགས།  །འདྲ་མིན་བསྐོར་བསྣོར་རིགས་ཐ་དད།  །དྲུག་འགྱུར་མཚན་ཉིད་གོང་མར་འཕྲུལ།  །མཚན་དཔེ་ལེགས་མཚན་རྒྱལ་གཤེན་གྱི།  །མཚན་སྙན་དགེ་མཚན་གར་ཁྱབ་འགྲོ།  །རྣམ་དཀར་དགེ་ལ་སྤྱོད་པའི་དགེ།  །ཤོང་བའི་དགེ་ལེགས་ཞིང་འདི་དགེ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་མཐའ་དབུས་གནས་གཉིས་གཟུགས།  །ཟུང་བསྐོར་བསྣོར་བ་ཆོད་མ་ཆོད།  །རིགས་གཅིག་པ་དང་ཐ་དད་གཉིས།  །ཐོག་དབུས་མཐའ་དབུས་གནས་གཉིས་གཟུགས།  །འདྲ་བ་ཟུང་བསྣོར་རིགས་གཅིག་པ།  །དྲུག་འགྱུར་དོན་ལྡོག་སྔ་མར་འགྲེས། །ལེགས་ལེགས་དགེ་ལེགས་ལེགས་ལམ་བོན།  །ལེགས་ལེགས་སྦྱང་ལེགས་ལེགས་བརྒྱའི་ཡུལ།  །ལྟ་བ་ལེགས་ལེགས་བསྒོམ་ལེགས་ལེགས།  །སྤྱོད་པ་ལེགས་ལེགས་འབྲས་ལེགས་ལེགས།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་མཐའ་དབུས་གནས་གཉིས་གཟུགས།  །འདྲ་མིན་ཟུང་བསྣོར་རིགས་ཐ་དད།  །འགྱུར་དྲུག་མཚན་ཉིད་སྔར་བཞིན་ཤེས།  །སྐབས་སྐབས་བདེ་སྐབས་སྐབས་དེར་ཆགས།  །ན་སོ་ཆུང་ཆུང་ཐུགས་ཆུང་ཆུང་།  །སྐབས་སྐབས་ངལ་སྐབས་སྐབས་ལ་སྐྱོ།  །སྒྱུ་ལུས་ཆུང་ཆུང་སྟོབས་ཆུང་ཆུང་།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་ཐོག་མཐའི་གནས་གཉིས་རེའི།  །གཟུགས་བསྐོར་བསྣོར་བ་བར་པ་སྟེ།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །སྣ་ཚོགས་ཟུང་བསྣོར་བར་མ་ཆོད།  །དྲུག་འགྱུར་མཚན་ཉིད་གོང་མར་འགྲེས།  །བདེན་བདེན་བོན་སྤྱོད་སྤྱོད་ལམ་གཙང་།  །དཀར་དཀར་གངས་རིའི་རྩེ་ཟང་ཟང་།  །སྨེ་སྨེ་ལས་ལོག་ལོག་པའི་ལམ།  །ནག་ནག་ཆུ་བོའི་སྣ་མར་མར།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །སྐོར་ཟློས་བསྣོར་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ།  །དྲུག་འགྱུར་མཚན་ཉིད་སྔ་མར་འགྲེས།  །སེམས་དཀར་དགེ་སེམས་ཅན་རྣམས་ལ།  །སེམས་ཉིད་རྗེན་པར་སྟོན་ན་སེམས།  །སེམས་ངན་གནོད་སེམས་གཏོང་བའི་འགྲོར།  །སེམས་ལུང་འཁྱུད་སྤྱད་བྱས་ན་སེམས།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །འདྲ་མིན་བསྐོར་བསྣོར་ཐ་དད་པ།  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །དོན་རྩ་སེམས་དོན་སྐྱོང་ཤེས་ན། །ཉེ་ལམ་ཟབ་མོ་བགྲོད་ལ་ཉེ།  །དོན་མེད་ལས་དོན་གཉེར་དྲགས་ན།  །ཉེ་འཁོར་འཁྱམས་པོའི་གླིང་ལ་ཉེ།  །དེས་མཚོན་གཞན་ཀུན་གོང་བཞིན་འགྲེས།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །ཟུང་བསྐོར་བསྣོར་བ་ཆོད་མ་ཆོད།  །རིགས་གཅིག་པ་དང་ཐ་དད་གཉིས།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །འདྲ་བ་ཟུང་བསྐོར་བསྣོར་བ་གཅིག  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །ལ་ལས་དབྱིངས་ལ་ལ་ཆེན་བཟླ།  །ལ་ལས་ཚིག་ལ་ལ་རྒྱ་གཅོད།  །ལ་ལས་བདག་མེད་ཡིན་ལ་ལ།  །ལ་ལས་སྣང་ཚད་བདེན་ལ་ལ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་ཐོག་མཐའི་གནས་གཉིས་གཟུགས།  །འདྲ་མིན་ཟུང་བསྐོར་བསྣོར་ཐ་དད།  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །འགྲིག་འགྲིག་གཏམ་འགྲིག་འགྲིག་དྲགས་ན།  །ངེས་ངེས་བདེན་བློ་བསྐྱེད་ངེས་ངེས།  །འགྲིག་འགྲིག་གོ་འགྲིག་འགྲིག་ལེགས་ན།  །ངེས་ངེས་བརྗོད་དོན་འགྲུབ་ངེས་ངེས།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་ཐོག་མཐའ་དབུས་མཐའི་གཟུགས།  །གནས་གཉིས་བསྐོར་བསྣོར་ཐ་མ་སྟེ།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །ཐོག་མཐའ་དབུས་མཐའི་གནས་གཉིས་གཟུགས།  །སྣ་ཚོགས་ཟུང་བསྣོར་བར་མ་ཆོད།  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །བརྗིད་བརྗིད་སྐུ་ཡི་མཚན་བཟང་བཟང་།  །རིགས་རྒྱུད་གཙང་གཙང་ཐུགས་གསལ་གསལ།  །ཟབ་ཟབ་རིག་གནས་ཀུན་མཁས་མཁས།  །ཀུན་ལ་དགྱེས་དགྱེས་འཛུམ་ལྷུག་ལྷུག  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་མཐའ་དབུས་མཐའི་གནས་གཉིས་གཟུགས།  །སྐོར་ཟློས་བསྣོར་བ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །ཐོག་མཐའ་དབུས་མཐའི་གནས་གཉིས་གཟུགས།  །འདྲ་བ་བསྐོར་བསྣོར་རིགས་གཅིག་པ།  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །ཞྭ་དཀར་རྩེ་རྒྱལ་སྒོམ་ཆེན་ཞྭ།  །སྟག་གཟིག་རྒྱན་ཞྭ་སྔགས་པའི་ཞྭ།  །ཞྭ་སེར་ལྟག་སྒྲོ་རྩོད་པའི་ཞྭ།  །སྐྱོན་བྲལ་པད་ཞྭ་འདུལ་བའི་ཞྭ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་མཐའ་དབུས་མཐའི་གནས་གཉིས་གཟུགས།  །འདྲ་མིན་སྐོར་བསྣོར་རིགས་ཐ་དད།  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །ཀུན་རྫོབ་བོན་ཅན་འཁོར་བའི་བོན།  །ཟབ་བརླིང་རྒྱ་མཚོའི་འཇིངས་ལྟར་ཟབ།  །དོན་དམ་བོན་ཉིད་མྱང་འདས་བོན།  །ཟབ་ཡངས་ནམ་མཁའི་གཏོས་ལྟར་ཟབ།  །དེས་མཚོན་གཞན་ཀུན་སྔར་བཞིན་འདྲེས།  །ཐོག་མཐའ་དབུས་མཐའི་གནས་གཉིས་གཟུགས།  །ཟུང་བསྐོར་བསྣོར་བ་ཆོད་མ་ཆོད།  །རིགས་མཐུན་པ་དང་ཐ་དད་གཉིས།  །ཐོག་མཐའི་དབུས་མཐའི་གནས་གཉིས་གཟུགས།  །འདྲ་བ་ཟུང་བསྐོར་བསྣོར་བ་གཅིག  །རྐང་ཁྱད་དྲུག་དང་མཚན་ཉིད་འགྲེས།  །བྲེལ་བྲེལ་དྲན་འགྱུའི་ཡིད་བྲེལ་བྲེལ། །བྲེལ་བྲེལ་གྲངས་བརྗོད་ཁ་བྲེལ་བྲེལ།  །སོར་མོ་བྲེལ་བྲེལ་གཡོ་བྲེལ་བྲེལ།  །ལྕགས་མྱུག་བྲེལ་བྲེལ་འཁྱུག་བྲེལ་བྲེལ། །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །ཐོག་དབུས་དབུས་མཐའི་གནས་གཉིས་གཟུགས།  །འདྲ་མིན་བསྐོར་བསྣོར་རིགས་ཐ་དད།  །རྐང་འགྱུར་དྲུག་དང་མཚན་ཉིད་འགྲེས།  །དལ་དལ་འཁོར་སྤངས་ལུས་དལ་དལ།  །དལ་དལ་ཆགས་བྲལ་སེམས་དལ་དལ།  །འཕྲོ་འདུ་ལྷང་ལྷང་གསལ་ལྷང་ལྷང་།  །ལྷ་བསྙེན་ལྷང་ལྷང་སྒྲོག་ལྷང་ལྷང་།  །དེས་མཚོན་གཞན་རྣམས་སྔར་བཞིན་འགྲེས།  །རྗེས་མཐུན་རྐང་འགྱུར་བསམ་མཐའ་ཡས།  །བརྗོད་དཀའ་འདི་ཡི་ཤུགས་ཀྱིས་དཔོག  །རྗེས་མཐུན་ཐོག་དབུས་མཐའ་ཟུང་ལྡན།  །དངོས་མེད་ལྟར་སྣང་ཙམ་གྱི་ངག  །རྐང་པ་གང་རུང་ཐོག་དབུས་མཐའི།  །གཟུགས་བསྐོར་ཐོག་དབུས་མཐའ་ཟུང་ལྡན།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །རྐང་པ་གང་རུང་གནས་གསུམ་གཟུགས། །སྣ་ཚོགས་ཟུང་སྦྲེལ་བར་མ་ཆོད།  །རྐང་པ་སོ་སོའི་ཁྱད་པར་གྱིས།  །རེ་རེ་གཉིས་གཉིས་གསུམ་གསུམ་བཞིར།  །སྦྱར་བའི་རྣམ་གྲངས་བཅོ་ལྔ་འགྱུར།  །རྐང་གྲངས་ཁ་གསལ་གནས་གསུམ་གཟུགས།  །སྣ་ཚོགས་ཟུང་སྦྲེལ་སོ་སོའི་དོན།  །ཟབ་ཟབ་དགུང་སྔོ་སྔོ་སངས་སངས།  །དཀར་དཀར་སྤྲིན་དཔུང་དཔུང་འཐུག་འཐུག  །མཛེས་མཛེས་གཞུ་བཀྲ་བཀྲ་ཁྱུག་ཁྱུག  །གསལ་གསལ་ཉི་འོད་འོད་ལམ་ལམ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་གནས་གསུམ་གཟུགས།  །སྐོར་ཟློས་བྱེད་པ་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །རྐང་གྲངས་གང་རུང་གནས་གསུམ་གཟུགས།  །འདྲ་བ་སྐོར་ཟློས་རིགས་གཅིག་པ།  །རྐང་པ་གཉིས་གཉིས་གསུམ་གསུམ་བཞིར།  །སྦྱར་བའི་ཁྱད་པར་བཅུ་གཅིག་འགྱུར།  །རྐང་གྲངས་ཁ་གསལ་གནས་གསུམ་གཟུགས།  །འདྲ་བ་སྐོར་ཟློས་སོ་སོའི་དོན།  །བཟང་རབ་ཐུགས་བཟང་སྐྱབས་སུ་བཟང་།  །བཟང་པོ་རིགས་བཟང་བཤེས་སུ་བཟང་།  །བཟང་པོ་ངང་བཟང་གྲོགས་སུ་བཟང་།  །བཟང་ཁམས་གཞུང་བཟང་འབངས་སུ་བཟང་།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།  །རྐང་པ་གང་རུང་གནས་གསུམ་གཟུགས།  །འདྲ་མིན་སྐོར་ཟློས་རིགས་ཐ་དད།  །རྐང་པ་སོ་སོའི་ཁྱད་པར་གསུམ།  །རྐང་གྲངས་ཁ་གསལ་མཚན་ཉིད་འགྲེས།  །མཚན་བཟང་སྐུ་མཚན་འཕགས་པའི་མཚན།  །བཀྲ་ཤིས་རྟགས་བཀྲ་སྐུ་ལ་བཀྲ།  །མཚན་ཉིད་དཔེ་མཚན་རྫོགས་པའི་མཚན།  །བཀྲ་གསལ་རྣམ་བཀྲ་ཐུགས་ལ་བཀྲ།  །དེས་མཚོན་གཞན་ཀུན་སྔར་བཞིན་འགྲེས།    །རྐང་པ་སོ་སོའི་གནས་གསུམ་གཟུགས།  །ཟུང་སྦྲེལ་བསྐོར་བ་ཆོད་མ་ཆོད།  །མི་འདྲ་འདྲ་བའི་རྐང་འགྱུར་བཞི།  །རྐང་གྲངས་ཁ་གསལ་གནས་གསུམ་གཟུགས།  །ཟུང་སྦྲེལ་བསྐོར་བ་སོ་སོའི་དོན།  །དཀར་དཀར་དཀར་དཀར་སྐུ་དཀར་དཀར།  །དཀར་དཀར་དཀར་དཀར་གསུང་དཀར་དཀར།  །དཀར་དཀར་དཀར་དཀར་ཐུགས་དཀར་དཀར།  །དཀར་དཀར་དཀར་དཀར་ལས་དཀར་དཀར།  །དེས་མཚོན་གཞན་རྣམས་སྔར་བཞིན་འགྲེས།  །གཞན་ཡང་རྐང་པའི་འགྱུར་ཁྱད་ནི།  །ཆོམས་ཤིག་ཆོམས་ཤིག་བདུད་ཆོམས་ཤིག  །ཐིལ་ཅིག་ཐུལ་ཅིག་བགེགས་ཐུལ་ཅིག  །སྒྲོལ་ཅིག་སྒྲོལ་ཅིག་དགྲ་སྒྲོལ་ཅིགམཛོད་ཅིག་མཛོད་ཅིག་ལས་མཛོད་ཅིག  །འདིས་མཚོན་རྗེས་མཐུན་བསམ་མཐའ་ཡས།  །ཇི་སྙེད་མཁས་པའི་བློ་ཡིས་དཔོག  །ཐོག་དབུས་མཐའ་གསུམ་ཟུང་ལྡན་ནི།  །གནས་གསུམ་བརྗོད་པ་བསྐྱར་བའི་ངག  །སྔ་རྐང་མཐའ་དང་ཕྱི་རྐང་ཐོག  །གཟུགས་མཐུན་སྦྲེལ་བ་མཐའ་ཐོག་སྦྱར།  །བར་མ་ཆོད་དང་བར་ཆོད་པ།  །ཆོད་ཅིང་མ་ཆོད་པ་དང་གསུམ།  །སྔ་རྐང་མཐའ་གཟུགས་གཟུགས་སྣ་ཚོགས།  །ཕྱི་རྐང་ཐོག་འདྲེན་བར་མ་ཆོད།  །དོན་གྱི་འདུག་ཚུལ་སྟོང་སངས་སངས།  །སངས་སངས་རང་མདངས་གསལ་ལྷག་ལྷག  །ལྷག་ལྷག་རང་གྲོལ་བདེ་ལམ་ལམ།  །ལམ་ལམ་སྔར་གྱི་ཤུལ་དུ་ཡལ།  །ཚིག་རྐང་སྔ་མའི་མཐའི་གཟུགས་རེ།  །ཕྱི་མའི་ཐོག་འདྲེན་བར་ཆོད་པ།  །རིགས་གཅིག་པ་དང་ཐ་དད་གཉིས།  །སྔ་ཕྱི་རྐང་མཚམས་སྦྱར་བའི་གཟུགས།  །འདྲ་བ་སྐོར་ཟློས་རིགས་གཅིག་པ།  །དཔོན་གསས་བླ་མ་མཁྱེན་སྟོབས་ལྡན།  །སྟོབས་ལྡན་ཡི་དམ་མཐུ་སྟོབས་ལྡན།  །སྟོབས་ལྡན་མཁའ་འགྲོ་ནུས་སྟོབས་ལྡན།  །སྟོབས་ལྡན་བོན་སྐྱོང་ཚོགས་ལ་འདུད།  །རིག་འཛིན་སེམས་དཔའ་ཀུན་གྱི་རྒྱལ།  །རྒྱལ་ཀུན་ངོ་བོ་ཟླ་བ་རྒྱལ།  །རྒྱལ་ཁམས་བདེ་ལ་བཀོད་པའི་རྒྱལ།  །རྒྱལ་བ་གཉིས་པ་ཁྱེད་མིན་སུ།  །སྔ་ཕྱི་རྐང་མཚམས་སྦྱར་བའི་གཟུགས།  །འདྲ་བ་སྣ་ཚོགས་རིགས་ཐ་དད།  །མཁའ་མཉམ་སྐྱེ་དགུའི་རེ་གནས་མཆོག  །གནས་མཆོག་དམ་པ་རྫོགས་སངས་རྒྱས།  །སངས་རྒྱས་བསྟན་དང་དམུ་རྒྱས་སྲས།  །རྒྱལ་སྲས་སེམས་དཔའི་ཚོགས་བཅས་བསྟོད།  །ཟབ་ཡངས་རིག་པའི་གནས་རྣམས་ཀུན།  །ཀུན་མཁྱེན་ཤེས་རབ་བློ་ལྡན་མཆོག  །མཆོག་གྱུར་རྒྱལ་བའི་སྣང་བརྙན་སྤྱི།  །སྤྱི་བོའི་གཙུག་ཏུ་འབྲལ་མེད་བཀོད།  །སྔ་ཕྱི་རྐང་མཚམས་སྦྱར་བའི་གཟུགས།  །ཟུང་འདྲ་སྐོར་ཟློས་ཆོད་མ་ཆོད།  །སྟག་སྐྱེས་ལྷ་བུའི་སྐུ་རྔམ་རྔམ།  །རྔམ་རྔམ་ཁྲོ་སྟབས་འགྱིང་རྔམ་རྔམ།  །རྔམ་རྔམ་དྲག་པོའི་གདངས་རྔམ་རྔམ།  །རྔམ་རྔམ་བདུད་སྲིན་སྒྲོལ་ལ་དཔའ།  །དེས་མཚོན་མཐའ་ཐོག་སྦྱར་བའི་རིགས།  །མཐའ་ཀླས་དཔྱོད་ལྡན་བློ་ཡི་དཔོག  །མཐའ་ཐོག་སྦྱར་བ་སྔ་རྐང་མཐའ།  །ཕྱི་རྐང་ཐོག་མ་འདྲེན་པའི་ངག  །ཀུན་ཏུ་ཟུང་ལྡན་ཞེས་བྱ་བ།  །ཚིག་རྐང་སྐོར་ལྡབ་བྱེད་པ་སྟེ།  །རྐང་པའི་འགྱུར་ཁྱད་བཅུ་དྲུག་ལས།  །ཚིག་རྐང་ཡ་ལྡབ་ཟུང་ལྡན་ཏེ།  །ཕན་ཚུན་ཚིག་དོན་འབྲེལ་ཆགས་པ།  །སྒོ་སྟོན་བསྟན་པའི་ཉི་མ་ཤར།  །མདོ་སྔགས་བཤད་སྒྲུབ་པད་ཚལ་རྒྱས།  །སྒོ་སྟོན་བསྟན་པའི་ཉི་མ་ཤར།  །མདོ་སྔགས་བསྟན་པའི་པད་ཚལ་རྒྱས།  །ཚིག་རྐང་སྔ་ལྡབ་ཕྱི་ལྡབ་སྟེ།  །ཕན་ཚུན་ཚིག་དོན་འབྲེལ་ཆགས་པ།  །སྣང་སྟོན་རྒྱལ་བའི་མཚན་ཅན་བྱུང་།  །སྣང་སྟོན་རྒྱལ་བའི་མཚན་ཅན་བྱུང་།  །བོན་བསྟན་མི་ནུབ་རྒྱལ་མཚན་ཕྱར།  །བོན་བསྟན་མི་ནུབ་རྒྱལ་མཚན་ཕྱར།  །ཚིག་རྐང་དབུས་ལྡབ་ཐོག་མཐའ་ལྡབ།  །ཕན་ཚུན་ཚིག་དོན་འབྲེལ་ཆགས་པ།  །གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་།  །ལྷོ་གླིང་གསལ་བའི་སྒྲོན་མེ་ཆེ།  །ལྷོ་གླིང་གསལ་བའི་སྒྲོན་མེ་ཆེ།  །གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་།  །སྔ་རྐང་གཉིས་པོ་ལྡབ་པའི་དོན།  །ཕྱི་རྐང་གཉིས་དང་འབྲེལ་ཆགས་པ།  །ཐེག་ཆེན་ཟབ་མོའི་མདོ་འཛིན་པ།  །ཐེག་ཆེན་ཟབ་མོའི་མདོ་འཛིན་པ།  །སྤྲུལ་སྐུ་ཏ་པི་ཧྲི་ཙ་སྟེ།  །བྱ་དུར་ཉི་མ་འོད་ཟེར་ཡང་།  །རྐང་པ་ཡ་ལྡབ་ཟུང་གང་བདེ།  །ཕན་ཚུན་ཚིག་དོན་འབྲེལ་ཆགས་པ།  །ལུང་དང་རིག་པའི་དབང་ཕྱུག་རྗེ།  །གཉོས་རྒྱལ་སྨྲ་བའི་སེང་གེ་སྟེ།  །ལུང་དང་རིག་པའི་དབང་ཕྱུག་རྗེ།  །འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡང་།  །རྐང་པ་དང་བཞི་ལྡབ་པའི་དོན།  །གཉིས་པ་གསུམ་པ་འབྲེལ་ཆགས་པ།  །སྙན་ཚིག་གཞུང་བརྒྱ་སྨྲ་བའི་དབང་།  །པཎ་ཚ་རྒྱལ་བ་འོད་ཟེར་ཏེ།  །གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་ཡང་།  །སྙན་ཚིག་གཞུང་བརྒྱ་སྨྲ་བའི་དབང་།  །རྐང་པ་གཉིས་གསུམ་ལྡབ་པའི་དོན།  །དང་པོ་བཞི་བར་འབྲེལ་ཆགས་པ།  །རྒྱལ་བ་གཉིས་པ་མཉམ་མེད་པ།  །གཤེན་བསྟན་གདུགས་དཀར་སྤོར་བའི་གཉེན།  །གཤེན་བསྟན་གདུགས་དཀར་སྤོར་བའི་གཉེན།  །ཀུན་མཁྱེན་ཟླ་བ་རྒྱལ་མཚན་ཡང་།  །རྐང་པ་གཉིས་བཞི་ལྡབ་པའི་དོན།  །དང་པོ་གསུམ་པར་འབྲེལ་བ་སྟེ།  །གྱེར་སྤུངས་སྣང་བཞེར་ལོད་པོ་ཡིས།  །འབྱུང་ལྔ་རོལ་བའི་སྟབས་སུ་སྒྱུར།  །དབྲ་སྟོན་ཤེས་རབ་དགོངས་རྒྱལ་ཡང་།  །འབྱུང་ལྔ་རོལ་བའི་སྟབས་སུ་སྒྱུར།  །རྐང་པ་ཕྱི་ལྡབ་སྔ་གོང་བདེ།  །ལུང་རིག་སྨྲ་བའི་མཁས་པ་དང་།  །བསླབ་གཞི་བརླིང་བའི་བཙུན་པ་ཡང་།  །འཇིག་རྟེན་མིག་གི་ཉེར་འཚོར་གསལ།  །འཇིག་རྟེན་མིག་གི་ཉེར་འཚོར་གསལ།  །རྐང་དང་གཉིས་གསུམ་ལྡབ་པའི་དོན།  །བཞི་བའི་སྟེང་དུ་འདྲིལ་བ་སྟེ།  །གཤེན་བསྟན་མཛེས་པའི་དཔལ་དུ་ཤར།  །གཤེན་བསྟན་མཛེས་པའི་དཔལ་དུ་ཤར།  །གཤེན་བསྟན་མཛེས་པའི་དཔལ་དུ་ཤར།  །རྒྱན་དྲུག་གཤེན་བརྒྱད་མཁས་བཞི་འོ།  །གསུམ་པ་གང་འདོད་གཞན་ལྡབ་པ།  །བཅུ་རིག་སྨྲ་བའི་པཎྚི་ཏ།  །རྨེའུ་སྟོན་རོང་སྟོན་དགའ་སྟོན་ཡང་།  །བཅུ་རིག་སྨྲ་བའི་པཎྚི་ཏ།  །རྐང་དང་གསུམ་བཞི་ལྡབ་པའི་དོན།  །གཉིས་པའི་སྟེང་དུ་འདྲིལ་བ་སྟེ།  །བདེ་ཆེན་ཞིང་ལ་འཇུག་པའི་ངོགས།  །སྤང་ལམ་བསྒྱུར་དང་གྲོལ་ལམ་ཡང་།  །བདེ་ཆེན་ཞིང་ལ་འཇུག་པའི་ངོགས།  །བདེ་ཆེན་ཞིང་ལ་འཇུག་པའི་ངོགས།  །རྐང་གཉིས་གསུམ་བཞི་ལྡབ་པའི་དོན།  །དང་པོའི་སྟེང་དུ་འདྲིལ་བ་སྟེ།  །ཡོངས་དག་བསམ་ལེགས་ཀླུ་སྒྲུབ་འབུམ།  །ཟབ་ལམ་སྔགས་ཀྱི་གཉེར་དཔོན་རྗེ།  །ཟབ་ལམ་སྔགས་ཀྱི་གཉེར་དཔོན་རྗེ།  །ཟབ་ལམ་སྔགས་ཀྱི་གཉེར་དཔོན་རྗེ།  །ཚིག་རྐང་རང་སྐྱ་ཐུབ་པ་ཞིག  །ལན་བཞི་ལྡབ་སྨྲ་བྱེད་པ་སྟེ།  །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན།  །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན།  །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན།  །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན།  །ཤད་བར་བཞི་ལྡན་ཤོ་ལོ་ཀ།  །ཟུང་གཅིག་ལྡབ་པ་ཚིག་བཅད་དེ།  །ཕྱི་ལྟར་ཡང་དག་ཁྲི་གཙུག་རྒྱལ།  །ནང་ལྟར་སྟོན་མཆོག་འཆི་མེད་གཙུག  །གསང་བ་གདོད་མའི་མགོན་པོ་སྟེ།  །སངས་རྒྱས་བསྟན་པའི་གཙོ་ལ་འདུད།  །ཕྱི་ལྟར་ཡང་དག་ཁྲི་གཙུག་རྒྱལ།  །ནང་ལྟར་སྟོན་མཆོག་འཆི་མེད་གཙུག  །གསང་བ་གདོད་མའི་མགོན་པོ་སྟེ།  །སངས་རྒྱས་བསྟན་པའི་གཙོ་ལ་འདུད།  །རང་སྐྱ་ཐུབ་པའི་ཚིག་རྐང་གཅིག  །ལན་བརྒྱར་བརྒྱད་པ་ཟུང་ལྡན་ཆེ།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །སངས་རྒྱས་བསྟན་པ་དར་ཞིང་རྒྱས།  །དེས་མཚོན་ཀུན་ཏུ་ཟུང་ལྡན་རིགས།  །ཇི་སྲིད་མཁས་པའི་བློ་ཡིས་དཔོག  །ཀུན་ཟུང་གནད་ཆེའི་ཚིག་དོན་ལ།  །ཡང་ཡང་ནན་ཏན་བྱེད་པའི་ངག  །སྒྲ་རྒྱན་ངེས་མེད་སྣ་ཚོགས་པ།  །འདྲེས་པ་འདྲེས་པའི་ཟུང་ལྡན་ཏེ།  །འདྲེས་དང་གྲངས་འཛིན་ཟུར་རྒྱན་གསུམ།  །ཟུང་ལྡན་གཅིག་ཏུ་མ་ངེས་པ།  །སྣ་ཚོགས་འདྲེས་པ་འདྲེས་ཟུང་སྟེ།  །དཀར་དཀར་དགེ་ལ་ལ་མོར་སྤྱོད།  །སྤྱོད་པ་ཟབ་ཟབ་ཚུལ་མཛེས་མཛེས།  །འོལ་འོལ་སོབ་སོབ་མེད་པ་རུ།  །བསྲུང་ན་ཐར་དང་ཐར་ཆེན་འཐོབ།  །དེས་མཚོན་འདྲེས་ཟུང་བགྲངས་ཡས་པ།  །དཔྱོད་ལྡན་བློ་ཡིས་གཞིག་པ་སླ།  །རྐང་གནས་གྲངས་རིམ་རྐྱང་འདེད་དམ།  །བསྐོར་ནས་སྤྲས་པ་གྲངས་ཚིག་རྒྱན།  །རྗེ་གཅིག་སྐུ་གཉིས་མཁྱེན་གསུམ་ལྡན།  །ལས་བཞི་སྤྱན་ལྔ་རྩལ་དྲུག་དང་།  །ནོར་བདུན་ཐར་བརྒྱད་དབྱིངས་དགུའི་མཛོད།  །སྟོབས་བཅུ་འབྲས་རྟགས་བཅུ་གཅིག་རྫོགས།  །དེས་མཚོན་གྲངས་ཀྱི་ཚིག་རྒྱན་རིགས།  །མཐའ་ཀླས་བློ་གྲོས་ཅན་གྱིས་དཔོག  །རྐང་གནས་གང་རིགས་བརྗོད་འདོད་སྒྲ།  །འབྲུ་གཞོམ་བྱེད་པ་ཟུར་རྒྱན་ཏེ།  །བོན་སྡེ་མུ་མེད་མཁྱེན་པའི་མུ།  །བསྐལ་པའི་ཆོ་རབས་ཐོན་པས་ཆོ།  །དུང་གི་ལྡེམ་ཤིང་བསྣམས་པས་ལྡེམ།  །མངོན་ཤེས་དྲུག་རྩལ་རྫོགས་པས་དྲུག  །དེས་མཚོན་ཟུར་རྒྱན་མཐའ་ཀླས་པ།  །དཔྱོད་ལྡན་བློ་ཡིས་འཕྲུལ་འཁོར་གཅེས།  །འདྲེས་ཟུང་གང་འདོད་སྒྲ་སྣ་ཚོགས།  །མཛེས་པར་བསྐོར་ཏེ་བརྗོད་པའི་ངག  །ཚིག་བཅད་ལུགས་འབྱུང་ལུགས་ལྡོག་གིས།  །བརྡ་དོན་འཕྲོད་པ་ལྡོག་ཟུང་སྟེ།  །དབུས་ལྡོག་གཅིག་ལྡོག་ཕྱེད་ལྡོག་དང་།  །ཚིག་བཅད་རང་ལྡོག་རྣམ་པ་བཞི།  །རྐང་ཕྱེད་ལུགས་འབྱུང་ཕྱེད་ལུགས་ལྡོག  །བརྗོད་དོན་འཕྲོད་པ་དབུས་ལྡོག་སྟེ།  །གཤེན་རབ་མི་བོ་མི་རབ་གཤེན།  །བསྟན་པ་རྣམ་གསུམ་རྣམ་པ་བསྟན།  །ཁམས་གསུམ་རིགས་དྲུག་རིགས་གསུམ་ཁམས།  །བདེ་ཆེན་དབྱིངས་དྲངས་དབྱིངས་ཆེན་བདེ།  །རྐང་པ་རེ་རེ་འབྱུང་ལྡོག་གཉིས།  །བརྗོད་དོན་འཕྲོད་པ་གཅིག་ལྡོག་སྟེ།  །སློབ་པ་ཐོས་ན་བསམ་མཆོག་མཁས།  །མཁས་མཆོག་བསམ་ན་ཐོས་པ་སློབ།  །བསྲུང་ཁྲིམས་གཙང་སྤྱོད་རྣམ་དག་ཡང་།  །ཡང་དག་རྣམ་སྤྱོད་གཙང་ཁྲིམས་བསྲུང་།  །རྐང་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ།  །བརྗོད་དོན་འཕྲོད་ལ་ཕྱེད་ལྡོག་སྟེ།  །རྗེ་བཙུན་མཁས་པའི་ལེགས་བྱས་གང་།  །དར་ཞིང་རྒྱས་ལ་ཡུན་རིང་གནས། །གནས་རིང་ཡུན་ལ་རྒྱས་ཞིང་དར།  །གང་བྱས་ལེགས་པའི་མཁས་བཙུན་རྗེ།  །རྐང་བཞི་ལུགས་འབྱུང་ལུགས་ལྡོག་ཏུ།  །བརྗོད་དོན་འཕྲོད་པ་ཚིག་བཅད་ལྡོག  །སྔ་རབས་ལྷ་རབས་གཤེན་རབས་བོན།  །མདོ་སྡེ་འབུམ་སྡེ་རྒྱུད་སྡེ་མཛོད།  །འཆད་དང་རྩོད་དང་རྩོམ་དང་བསྒྲུབ།  །རྒྱལ་མཆོག་བསྟན་འདི་དར་ཞིང་སྨིན།  །སྨིན་ཞིང་དར་འདི་བསྟན་མཆོག་རྒྱལ།  །བསྒྲུབ་དང་རྩོད་དང་རྩོམ་དང་འཆད།  །མཛོད་སྡེ་རྒྱུད་སྡེ་འབུམ་སྡེ་མདོ།  །བོན་རབས་གཤེན་རབས་ལྷ་རབས་སྔ།  །དེས་མཚོན་ལྡོག་པའི་ཟུང་ལྡན་རིགས།  །ཇི་སྲིད་མཁས་པའི་བློ་ཡིས་དཔོག  །ལྡོག་ཟུང་ཚིག་གི་རྐང་པ་རྣམས།  །འབྱུང་ལྡོག་ཇི་ལྟར་བཀླག་བདེ་ངག  །ཟུང་ལྡན་གང་ཞིག་བརྗོད་པའི་གཟུགས།  །ཡང་ཡང་བསྐྱོར་ཟློས་བྱེད་པའི་ངག  །གང་ཞིག་སྒྲ་མཐུན་ཚིག་གི་མཚམས།  །སྦྱོར་བར་དཀའ་བ་བྱ་དཀའ་སྟེ།  །འཁྱོག་འགྲོ་ཕྱེད་འཁོར་ཀུན་འཁོར་དང་།  །དབྱངས་དང་སྐྱེ་གནས་གསལ་བྱེད་དྲུག  །གོང་འོག་སྤེལ་དང་དྲང་པོར་བཀླག  །གཟུགས་གཅིག་འབྱུང་བ་འཁྱོག་འགྲོ་སྟེ།  །ཟུང་དང་ཡ་མཚན་རྣམ་པ་གཉིས།  །ཡིག་གཟུགས་ཟུང་མཐུན་གོང་འོག་སྤེལ།  །དྲང་བཀླག་གཟུགས་གཅིག་ཟུང་མཐུན་ཏེ།  །ཐར་པའི་གོ་འཕང་འཐོབ་འདོད་རྣམས།  །ཡེ་གནས་གཞི་ལ་འཇུག་ལ་ལེགས།  །བསྟན་པའི་དབུ་འཕང་མཐོ་འདོད་རྣམས།  །རིག་གནས་ཀུན་ལ་བསླབ་པ་གཅེས།  །ཡིག་གཟུགས་ཡ་མཐུན་གོང་འོག་སྤེལ།  །དྲང་བཀླག་གཟུགས་གཅིག་ཡ་མཐུན་ཏེ།  །ཤེས་བྱ་ཀུན་ལ་མི་རྨོངས་པའི།  །གཟུངས་སྤོབས་སྣང་བ་ཐོབ་པར་ཤོག  །ཤེས་འདོད་ཀུན་གྱིས་མི་བརྗེད་པའི། །གཟུངས་ཀྱི་སྣང་ཆེན་ཐོབ་གྱུར་ཤོག  །རྐང་ཕྱེད་གཡས་གཡོན་སྟེང་འོག་ན།  །གཟུགས་གཅིག་འཁོར་བ་ཕྱེད་འཁོར་ཏེ།  །ཤེས་རབ་རྒྱལ་མཚན་རྒྱལ་རབ་ཤེས།  །རབ་རྒྱལ་མཚན་ཤེས་མཚན་རྒྱལ་རབ།  །རྒྱལ་མཚན་ཤེས་རབ་ཤེས་མཚན་རྒྱལ། །མཚན་ཤེས་རབ་རྒྱལ་རབ་ཤེས་མཚན།  །རྒྱལ་མཚན་ཤེས་རབ་ཤེས་མཚན་རྒྱལ།  །རབ་རྒྱལ་མཚན་ཤེས་མཚན་རྒྱལ་རབ།  །ཤེས་རབ་རྒྱལ་མཚན་རྒྱལ་རབ་ཤེས།  །གཞན་ཡང་ཕྱེད་འཁོར་ལུགས་མང་རིགས།  །འདིས་མཚོན་མཁས་པའི་བློ་ཡིས་དཔོག  །དཀྱུས་དང་ཕྱོགས་ནས་དབུས་འཇུག་བདེའི།  །རིགས་གནས་ཀུན་ཏུ་འཁོར་བ་སྟེ།  །གྲུ་བཞི་འཁོར་ལོ་གཉིས་སུ་དབྱེ།  །གྲུ་བཞི་སྐོར་ཁང་རྩིབས་བརྒྱད་དང་།  །ལན་བརྒྱད་མ་དང་བཅུ་གཉིས་མ།  །གཡུང་དྲུང་གཅིག་པ་བཞི་པ་དང་།  །དཔལ་དབྱེ་ཟུར་དྲུག་ཟུར་བརྒྱད་སོགས།  །རྣམ་འགྱུར་མང་ཕྱིར་ཞལ་ལས་ཤེས།  །ཟླུམ་པོ་པད་མ་འཁོར་ལོ་དང་།  །རྩིབས་བརྒྱད་རིས་སོགས་རིག་པའི་འཕྲུལ།  །ཇི་སྙེད་མཁས་པའི་ཞལ་ལས་ཤེས།  །ཚིག་རྐང་རེ་རེའི་མིང་གཞིའི་སྲོག  །དབྱངས་རེས་ཁྱབ་རིགས་དབྱངས་ངེས་ཏེ།  །དབྱངས་བཞི་གསུམ་གཉིས་གཅིག་ངེས་བཞི།  །རྐང་ཚན་རྣམ་བཞིའི་མིང་གཞིའི་སྲོག  །དབྱངས་རེས་ཁྱབ་པ་གཞི་ལྡན་ཏེ།  །ཐམས་ཅད་ཀ་དག་ཁྱབ་བདལ་ངང་།  །སྲིད་ཞི་མི་དམིགས་དབྱིངས་རིག་འདྲིལ།  །དུས་གསུམ་ལུགས་ཀུན་འུབས་སུ་ཆུད།  །སྐྱེ་མེད་བདེ་ཆེན་ཡེ་ཤེས་ཆེ།  །རྐང་ཚན་རྣམ་བཞིའི་མིང་གཞིའི་སྲོག  །དབྱངས་གསུམ་ངེས་པ་གསུམ་ལྡན་ཏེ།  །ཀྭི་ཀྭི་དི་རིང་ཉི་ཁྱིམ་འདིར།  །མཆོད་དོ་གསོལ་ལོ་བོན་སྐྱོང་ཚོགས།  །དགེ་ལེགས་གཏེར་ཆེན་དགྱེས་བཞེས་ཏེ།  །དགོས་འདོད་དངོས་པོ་ཡོད་ཅོག་སྩོལ།  །རྐང་ཚན་རྣམ་བཞིའི་མིང་གཞིའི་སྲོག  །དབྱངས་གཉིས་ངེས་པ་གཉིས་ལྡན་ཏེ།  །དུས་སུ་གཡུ་འབྲུག་འུ་རུ་རུ།  །ཆིམ་ཆིམ་སྤྲིན་ཟིམ་སི་ལི་ལི།  །ཁུ་སྨུག་གཡུ་བུན་ཐུ་ལུ་ལུ།  །རྩི་ཤིང་སྨིན་འགྲིག་ཉི་ལི་ལི།  །རྐང་ཚན་རྣམ་བཞིའི་མིང་གཞིའི་སྲོག  །དབྱངས་རེས་ཁྱབ་པ་གཅིག་ངེས་ཏེ།  །བསྐལ་བཟང་བྱ་བ་གང་ལ་ཡང་།  །ལྷག་བསམ་རྣམ་པར་དག་པ་ན།  །སྔར་བསགས་ལས་དང་བག་ཆགས་རྣམས།  །གཡའ་བྲལ་ནམ་མཁའ་དྭངས་ལྟར་འདག  །དེས་མཚོན་རྐང་འགྱུར་བསམ་ཡས་དང་།  །རྐང་པའི་སྟོད་སྨད་དབྱངས་འགྱུར་སོགས།  །རྗེས་མཐུན་ཇི་སྙེད་བློ་ཡིསདཔོག  །དབྱངས་ངེས་སྐབས་ཀྱི་མིང་གཞིའི་སྲོག  །དབྱངས་གྲངས་ངེས་པར་སྟོན་པའི་ངག   །རྐང་ཚན་རེ་རེའི་མིང་གཞི་རྣམས།  །སྐྱེ་གནས་རེས་ཁྱབ་སྐྱེ་གནས་ངེས།  །གནས་བཞི་གསུམ་གཉིས་གཅིག་ངེས་བཞི།  །རྐང་ཚན་བཞི་པོའི་མིང་གཞི་རྣམས།  །སྐྱེ་གནས་བཞིས་ཁྱབ་བཞི་ལྡན་ཏེ། །གངས་ཁྲོད་ཁ་ལྔས་སྐད་སྒྲོགས་སྐབས།  །ཉེ་གཅན་བཅོལ་ཆུང་འཆི་ཆར་ཆས།  །མདངས་ལྡན་ན་དར་འདབ་གདུགས་བསྡུ།  །དབྱར་འབྲུག་སྤུར་མོ་བྱེ་མའི་ཕག  །རྐང་ཚན་སྡེ་བཞིའི་མིང་གཞི་རྣམས།  །སྐྱེ་གནས་གསུམ་ངེས་གསུམ་ལྡན་ཏེ།  །གཙང་མཛེས་བཙུན་ཚུལ་གཙོར་འཛིན་ཚོགས།  །ཞལ་བཟང་ཡིད་འོང་ཟླ་བཞིན་གཞོན།  །རང་རིག་གཤིས་ལུགས་རང་ལ་ཤར།  །ལུང་རིག་སློབ་བཤད་ས་ལེ་གསལ།  །རྐང་ཚན་སྡེ་བཞིའི་མིང་གཞི་རྣམས།  །སྐྱེ་གནས་གཉིས་ངེས་གཉིས་ལྡན་ཏེ།  །འགྲོ་མགོན་རྒྱལ་གྱི་བཀའ་འཁོར་གང་།  །མཐོང་ཐོས་བལྟ་རྟོགས་དོན་ལྡན་རྣམས།  །མཐུ་དང་ནུས་སྟོབས་མཐར་ཐོན་ཏེ།  །ཀུན་ཁྱབ་ཀློང་ལྔ་མངོན་གྱུར་གྲོལ།  །རྐང་ཚན་སྡེ་བཞིའི་མིང་གཞི་རྣམས།  །སྐྱེ་གནས་རེས་ཁྱབ་གཅིག་ལྡན་དེ།  །འཕྲུལ་བོན་སྦྱང་པ་ཕུལ་ཕྱིན་པའི། །སྨྲ་བའི་དབང་པོ་དབུ་མ་བས།  །བློས་བྱས་མ་སྤང་མི་དམིགས་པར།  །དབྱེར་མེད་སྤྲོས་བྲལ་བདེ་བ་མྱོང་།  །དེས་མཚོན་རྐང་འགྱུར་བགྲང་ཡས་དང་།  །རྐང་པའི་སྟོད་སྨད་གནས་འགྱུར་སོགས།  །རྗེས་མཐུན་ཇི་སྙེད་བློ་ཡིས་དཔོག  །གནས་ངེས་སྐབས་ཀྱི་མིང་གཞི་རྣམས།  །སྡེ་བ་སོ་སོར་ངེས་པའི་ངག  །རྐང་ཚན་རེ་རེའི་མིང་གཞི་རྣམས།  །གསལ་བྱེད་རེས་ཁྱབ་གསལ་བྱེད་ངེས།  །གསལ་བཞི་གསུམ་གཉིས་གཅིག་ལྡན་བཞི།  །རྐང་ཚན་སྡེ་བཞིའི་མིང་གཞི་རྣམས།  །གསལ་བྱེད་བཞིས་ཁྱབ་བཞི་ལྡན་ཏེ།  །སྐྱིད་སྐབས་བཀའ་ཀུན་ཀྱུར་ཀྱུར་བཀླག  །ཁྲལ་ཁྲིམས་ཁུར་འཁྲི་ཁོང་འཁྲུག་ཁྲོ།  །གྱེར་གྱི་དགོན་གྲྭ་དགག་སྒྲུབ་སྒྲ།  །དངོམ་དངགས་རྔམ་རྔམ་མངོན་མངའ་ངེས།  །རྐང་ཚན་སྡེ་བཞིའི་མིང་གཞི་ཀུན།  །གསལ་བྱེད་གསུམ་ཁྱབ་སུམ་ལྡན་ཏེ།  །དད་ལྡན་བདག་དང་བདག་འདྲའི་སྡེ།  །དུག་འདུལ་བདེན་དོན་བདོག་འདོད་དུ།  །རྟག་ཏུ་སྟོན་བསྟན་ཏོག་ལྟར་བསྟི།  །ཐབས་ཐུགས་མཐུན་མཐུས་མཐར་ཐུག་འཐོབ།  །རྐང་ཚན་སྡེ་བཞིའི་མིང་གཞི་ཀུན།  །གསལ་བྱེད་གཉིས་ངེས་གཉིས་ལྡན་ཏེ།  །ལ་ལ་ལུང་ལོག་ལམ་ལ་ལོག  །ལ་ལ་ལེ་ལོའི་ལས་ལ་ལུས།  །རང་རིག་རབ་རིམ་རབ་རིབ་རེ།  །རིག་རུང་རང་རེ་རབ་རང་རེད།  །རྐང་ཚན་སྡེ་བཞིའི་མིང་གཞི་རྣམས།  །གསལ་བྱེད་རེས་ཁྱབ་གཅིག་ལྡན་ཏེ།  །དབལ་བོན་དབྱངས་དབྱུང་དབང་བྱིན་དབབ།  །དབུས་བུམ་དབུར་བླངས་བོན་དབང་དབོག  །བུ་བློའི་བག་བྱང་བོགས་འབུམ་འབར།  །བོན་དབྱིངས་འབྲས་བུར་བྲེང་བྲེང་བྲོད།  །དེས་མཚོན་རྐང་འགྱུར་གྲངས་མེད་དང་།  །རྐང་པའི་སྟོད་སྨད་གསལ་འགྱུར་སོགས།  །རྗེས་མཐུན་ཇི་སྙེད་བློ་ཡིས་དཔོག  །གསལ་ངེས་སྐབས་ཀྱི་མིང་གཞི་རྣམས།  །གསལ་བྱེད་ངོ་གྲངས་ངེས་པའི་ངག  །བྱ་དཀའ་ཡིག་སྦྱོར་དཀའ་བ་སྟེ།  །སྒྲ་རྒྱན་སྒྲ་མཐུན་བསྐྱར་བའི་ངག།      སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ལས།    སྒྲ་རྒྱན་བསྟན་པའི་སྐབས་ཏེ་གསུམ་པའོ།  །

ལེའུ་བཞི་བ།  གབ་ཚིག་གི་རྒྱན་བསྟན་པ།

        དེ་ནས་གབ་ཚིག་བསྟན་པ་སྟེ།  །དོན་གྱི་ཁྱད་པར་ཚིག་སྐྱོབས་ཀྱི།  །ཕག་ཏུ་སྦེད་པ་གབ་ཚིག་སྟེ།  །ཀུན་འཚོགས་བསླུ་བྱེད་རིམ་པ་བྲལ།  །རབ་བཅོམ་མཐུན་གཟུགས་རྩུབ་མོའི་ཚིག   །གྲངས་དང་རབ་བརྟག་མིང་འདུས་དང་།  །སྒྲིབ་དང་མཐུན་སྒྲ་རྨོངས་པ་དང་།  །ཡོངས་འཕྲོག་གཅིག་སྒྲིབ་གཉིས་ཀ་སྒྲིབ།  །ཡོངས་འདྲེས་པ་དང་བཅུ་དྲུག་གོ།  །མིང་ཚིག་མཚམས་སྦྱོར་སྒྲ་འདྲེས་པ།  །དོན་སྦས་པ་ནི་ཀུན་འཚོགས་ཏེ། །དཀར་མཛེས་ལང་ཚོ་ལེགས་པའི་བུ།  །མོ་འདིས་བཅུ་ཕྲག་རིག་གནས་མི།  །སྤྲོ་བས་དབྱངས་ཅན་མ་ཡིན་སྨད།  །ཚོང་མ་ལེགས་པས་བསྟེན་མི་མང་།  །གཞན་ལ་གྲགས་པའི་སྒྲ་བཀོད་ནས།  །དོན་དེ་དེར་འཁྲུལ་བསླུ་བྱེད་དེ།  །ངང་བའི་རྒྱལ་པོ་དག་གི་ངག  །སྙན་པའི་འགྱུར་ཁུགས་སྟོང་ལྡན་པ།  །ཐོས་པས་དགའ་བདེ་གསར་དུ་འཕེལ། །ནང་སྐྱོན་ཅན་ལ་ཅི་བྱར་ཡོད།  །ཚིག་སྦྱོར་དཀྲུགས་པས་དོན་རིམ་དག  །འཆོལ་བས་རྨོངས་བྱེད་རིམ་བྲལ་ཏེ།  །ཁོ་པའི་ལྟ་ཉན་མགོ་གཅོད་པ།  །ཚོར་ན་འོ་སྐོལ་བྱ་ར་བས།  །བདུད་རྒྱལ་ནག་པོ་མ་བྱས་ན།  །གསང་གྲོས་གཟབས་པར་ཁྲོགས་སུ་བརླག  །བརྗོད་དོན་རྟོགས་དཀའི་ཚིག་ཕྲེང་གིས།  །རྨོངས་པར་བྱེད་པ་རབ་བཅོམ་སྟེ། །གཤོག་བྲལ་འདམ་ཟན་ངུར་པ་ཞིག  །བྱ་རོག་སྤུ་མེད་ཕག་ཏུ་ཞོན།  །བརྡ་དོན་འཕྲོད་པའི་བྱ་རིགས་ཀྱིས།  །མཐོང་གི་དོགས་ཟོན་ཅན་འདི་སྐྱོ།  །གབ་བྱ་དོན་དང་ཚུལ་མཐུན་དཔེའི།  །ཚིག་སྦྱོར་སྡེབས་པ་མཐུན་གཟུགས་ཏེ།  །ཐང་ཤིང་རྩེར་འཛིན་སྤྲེལ་རྒན་ཞིག  །མེ་ལོང་གཉིས་ཕྱར་བྱ་ར་བྱེད།  །ཤིང་ཁོག་འབུས་ཟོས་མ་ཚོར་འགྱེལ། །སྤྲེལ་རྒན་གར་འཁྱམས་ཆ་ཡང་མེད།  །མཚན་ཉིད་ངེས་ཚིག་ལྡན་ཙམ་ལ།  །རྩུབ་ཅིང་གབ་པ་རྩུབ་མོ་སྟེ།  །མེ་ཆུའི་རེག་བྱ་མ་མྱོང་བས།  །ཝ་སྐྱེས་གྲ་ལེགས་རྔ་མ་དེ།  །རླུང་གིས་སྤུར་དུས་སྦོམ་བདོག་བདོག  །ལག་ཏུ་བཅང་ན་ངན་མཚང་རྟོགས།   །དོན་གང་གྲངས་ཀྱིས་རྨོངས་བྱེད་པ།  །དེ་ནི་གྲངས་གབ་ཞེས་བྱ་སྟེ།  །ཡོན་ཏན་ཁམས་དང་ལྡན་པའི་དུས།  །བོན་འབྱུང་ཐབས་ཤེས་ཁྲིམས་རྫོགས་ཤིང་།  །སྟོབས་ཀྱི་རིག་པ་དཔྱིས་ཕྱིན་ན།  །ས་ཕྱོགས་ལམ་དབང་མཐར་ཕྱིན་འགྱུར།  །དོན་གང་རྣམ་པ་གཞན་དག་ཏུ།  །སྒྲོ་བཏགས་པ་དེ་རབ་བཏགས་ཏེ།  །བདག་མིག་ཟུར་མདའ་ཁྱོད་གདོང་ལ།  །ཡང་ཡང་གཟིར་འདི་ཆགས་ནས་མིན།  །ཨུ་དཔལ་མཐང་ཀའི་རྣ་རྒྱན་གྱི།  །མཚར་སྡུག་ཡིད་ལ་བཀོད་པ་ལགས།  །མིང་དོན་དུ་མ་འདུས་པ་ཡིས།  །དངོས་དོན་སྒྲིབ་པ་མིང་འདུས་ཏེ།  །ཤིན་ཏུ་གཞིལ་བར་དཀའ་བའི་སྨག  །སེལ་བར་ནུས་པའི་གཟི་བརྗིད་ཅན།  །འཇུག་ངོགས་ཚད་མར་སྣང་བའི་དཔལ།  །ནོར་བུ་ཉི་ཟླ་སྒྲོན་དཀར་མིན།    །མཚུངས་བའི་བོན་གྱིས་དེར་གོ་ཞིང་།  །དངོས་དོན་སྒྲིབ་པ་སྒྲིབ་པ་སྟེ།  །སྙིང་པོས་དབེན་པའི་འཛུམ་དཀར་ཅན།  །རླབས་ཕྲེང་གཅིག་སྟེང་གཅིག་ནོན་པ།  །ཟིན་མེད་རྒྱ་མཚོའི་གཉེར་མ་ལ།  །སྤྱོད་ན་ཞི་བདེའི་གོ་སྐབས་ཕྲ།  །ཐུན་མོང་སྒྲ་ཡི་རྣམ་གྲངས་ཀྱིས།  །དོན་རྟོགས་དཀའ་བ་མཐུན་སྒྲ་སྟེ།  །བགྲོད་བྱའི་ལམ་ལ་ཞུགས་འདོད་ན།  །བཞེད་དོན་སྒྲུབ་པར་བྱེད་པའི་ཡུམ།  །འདུ་འབྲལ་མེད་པར་བརྟེན་དགོས་ཏེ།  །སྲས་རྒྱུད་ཉེ་བར་སྐྱེ་བའོ།  །དངོས་དོན་བསྟན་ཀྱང་སྦྱོར་ཁྱད་ཀྱིས།  །རྨོངས་པར་བྱེད་པ་རྨོངས་པ་སྟེ།  །འདི་ལྟའི་རྟེན་འབྲེལ་སྣང་ཆ་ཀུན།  །ཡེ་ནས་ནམ་མཁའི་ངང་ཚུལ་ཅན།  །སྟོང་ཞིང་བདག་མེད་ཡིན་བཞིན་དུ།  །ལས་འབྲས་མངོན་སུམ་འབྱིན་འདི་ཅི།  །རིང་ནས་སྦྱོར་བའི་ཕྲེང་ཅན་གྱིས།  །དངོས་དོན་སྦ་བ་ཡོངས་འཕྲོག་སྟེ།  །ཤིང་མའི་གོས་ཅན་མདངས་འགྱུར་དང་།   །མུན་དགྲས་ནུབ་རིའི་རྩེར་འཛིན་དུས།  །སྲིད་མཚོ་སྒྲོལ་བའི་རྟེན་ཅན་ལ།  །རྟག་མིན་རྣམ་པ་རེ་རེ་འཆར།  །རྟེན་ནི་གསལ་ཞིང་བརྟེན་པའི་ཁྱད།  །སྦ་བའི་སྦྱོར་བ་གཅིག་སྒྲིབ་སྟེ།  །རྨད་བྱུང་ཚུལ་ལྡན་དྲང་སྲོང་བའི།  །ཨུད་དུམ་ཝ་རའི་མེ་ཏོག་ལ།  །དུས་ཀྱི་སད་མདའ་མ་ཕོག་ན།  །ཕུན་ཚོགས་འབྲས་བུ་སྨིན་ལ་ཉེ།  །རྟེན་དང་བརྟེན་པ་གཉིས་ཀའི་ཁྱད།  །སྦ་བའི་སྦྱོར་བ་གཉིས་སྒྲིབ་སྟེ།  །ཡུལ་ལྔའི་ཁམས་ལས་མ་གྲུབ་པའི།  །སྐྱོན་ཡོན་དུ་མའི་ཟ་མ་ཏོག  །རིག་ན་འཁོར་འདས་གཞི་རྩ་ཆོད།  །མ་རིག་འཁྲུལ་པའི་མུ་ལ་ཡན།  །གབ་ཚིག་དག་གི་མཚན་ཉིད་ནི།  །སྣ་ཚོགས་འདྲེས་པ་ཡོངས་འདྲེས་ཏེ།  །རྒྱལ་མཁར་གྲུ་བཞི་སྒོ་བརྒྱད་ན།  །རྗེ་བཙུན་ཀུན་ཡིད་གང་མིན་དེས།  །ནང་བློན་ལྔ་དང་ཕྱི་བློན་བརྒྱད།  །མཁའ་ཐིག་སྟོང་སྡེ་ལྷ་འབངས་སྐྱོང་།  །དེས་མཚོན་ཐུན་མོང་མིན་པའི་ཚིག  །ཇི་སྙེད་མཁས་པའི་བློ་ཡིས་དཔོག།གབ་ཚིག་ཁྲོམ་བསྒྲགས་རུང་མིན་གཏམ།  །གཞན་ལ་སྦེད་དེ་བཤད་པའི་ངག།   སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ལས།  གབ་ཚིག་གི་རྒྱན་བསྟན་པའི་སྐབས་ཏེ་བཞི་བའོ།  །

ལེའུ་ལྔ་བ།       སྐྱོན་སེལ་བསྟན་པ།

       དེ་ལྟར་བཤད་ཟིན་རྒྱན་རྣམས་ལ།  །སྐྱོན་སེལ་དམིགས་བསལ་རིམ་པ་ནི།  །ལུང་དང་རིག་པ་གང་རུང་གི།  །གནོད་བྱེད་འབེབ་པའི་མཚམས་སྦྱོར་སྐྱོན།  །དོན་ཉམས་དོན་འགལ་དོན་གཅིག་པ།  །ཐེ་ཚོམ་ཅན་དང་རིམ་པ་ཉམས།  །སྒྲ་ཉམས་གཅོད་མཚམས་སྡེབས་སྦྱོར་ཉམས།  །མཚམས་སྦྱོར་ཉམས་དང་འགལ་སྐྱོན་བཅུ།  །བརྗོད་བྱ་འཕྲལ་ཕུག་གང་རུང་གི།  །དོན་གྱིས་དབེན་པ་དོན་ཉམས་ཏེ།  །ཐང་དཀར་རྒོད་སྤུའི་སྨ་ར་ཅན།  །ལང་ཚོ་ཡོལ་བའི་ན་ཆུང་མ།  །མ་ནིང་བུ་ཡིས་མག་པ་ལ།  །འབྱོར་བའི་དགའ་སྟོན་རྒྱ་ཆེར་གཟབས།  །ཚིག་སྡུད་སོགས་ལ་སྐྱོན་མེད་དེ།  །དགུང་ལ་པད་མོའི་དགའ་ཚལ་བཞིན།  །དོག་ལ་རྒྱུ་སྐར་ཚོམ་བུ་སྟེ།  །ཉི་མའི་འོད་ཀྱིས་ཀུ་མུད་བཞིན།  །ཟླ་བའི་བསིལ་གྱིས་ཆུ་སྐྱེས་ཀྱང་།  །བརྗོད་དོན་སྔ་ཕྱིའི་ནུས་པ་དག  །འབྲེལ་བ་མེད་པ་དོན་འགལ་སྟེ།  །ཀ་ཁའི་རྣམ་འབྱེད་མི་དཔོག་པའི།  །བཅུ་རིག་ཕུལ་ཕྱིན་དཔྱོད་ལྡན་ཁྱེད།  །མཛའ་མོའི་བཞེད་དོན་བསྒྲུབ་བཞིན་དུ།  །སོ་ཐར་སྨ་མེད་མཐར་ཕྱིན་ཤོག  །འདོད་གདུང་ཅན་ལ་འགའ་ཞིག་སྟེ།  །བསྟན་དང་འགྲོ་བ་སྤྱི་བཙན་ལ།  །རྟག་ཏུ་འཚེ་བའི་གདུག་རྩུབ་ཅན།  །སྲོག་དབང་དགག་པའི་ཐབས་ཡོད་ན།  །བཟོད་ཐོབ་བསླབ་པ་ཉམས་ཀྱང་ཅི།  །བརྗོད་བྱའི་དོན་དེ་ཡང་ནས་ཡང་།  །བསྐྱར་ཟློས་བྱེད་པ་དོན་གཅིག་སྟེ།  །མུ་ལ་དལ་འཛིན་ནམ་མཁའི་ལྟོར།  །ཉི་རི་ཁྲི་གདུགས་ཉིན་བྱེད་རྒྱས།  །ཁི་ཁར་གཟི་མདངས་འོད་ཟེར་འབར།  །བཞད་ལྡན་པད་མ་འདབ་བརྒྱ་གྲོལ།  །ནན་ཏན་སོགས་ལ་འགའ་ཞིག་སྟེ།  །རྒྱས་སོ་རྒྱས་སོ་རྒྱལ་བའི་བསྟན།  །དར་རོ་དར་རོ་རིགས་ལམ་ཀུན།  །གསལ་ལོ་གསལ་ལོ་འཁོར་འདས་བོན།  །གྲུབ་པོ་གྲུབ་པོ་མཐར་ཐུག་འབྲས།  །མཚམས་སྦྱོར་ཁྱད་ཀྱི་དངོས་དོན་གང་།  །འདི་ཞེས་མ་ངེས་ཐེ་ཚོམ་སྟེ།  །བལྟར་བཟོད་འོད་དང་བལྟར་མེད་ཀྱི།  །ཟེར་དང་ལྡན་པའི་གཟི་བརྗིད་ཅན།  །ཀུན་གསལ་ནོར་བུའི་ཐིག་ལེ་འམ།  །གཤེན་རབ་རྣམ་པར་རྒྱལ་བའི་སྐུ།  །ཁྱད་བོན་ཟུར་གསལ་འགའ་ཞིག་སྟེ།  །སྙིང་སྟོབས་ཞན་པའི་སྡར་མ་འམ།  །གཡུང་དྲུང་སེམས་དཔའ་ལྡན་ཀྱང་རུང་།  །རྩུབ་མོའི་རྣམ་འགྱུར་གང་ལ་ཡང་།  །བཞིན་མདངས་མི་ལྡོག་ཁྱད་རེ་མཚར།  །བརྗོད་དོན་སྔ་ཕྱིའི་གོ་རིམ་དག  །འཆོལ་བ་རིམ་པ་ཉམས་པ་སྟེ།  །མཐར་ཐུག་གཏན་བདེ་འཐོབ་འདོད་ན།  །གོམ་པ་ཆུ་བོའི་རྒྱུན་བཞིན་སྐྱོངས།  །བསམ་པ་དཔའ་བོའི་མདའ་བཞིན་གཟིར།  །ཐོས་པ་བུང་བུའི་རྩི་བཞིན་སོགས།  །ལུགས་ལྡོག་སོགས་ལ་འགའ་ཞིག་སྟེ།  །རྒྱལ་བའི་གོ་འཕང་འཐོབ་པ་ལ།  །ས་བཅུ་ལམ་ལྔའི་ཡོན་ཏན་དགོས།  །དེ་ལ་སྐྱབས་སེམས་ཁྱད་པར་ཅན།   །དེ་ལ་དད་པ་སྙིང་རྗེ་གཅེས།  །ཕྲད་རྐྱེན་རྣམ་དབྱེ་དབེན་པ་དང་།  །ནོར་བའི་མཚམས་སྦྱོར་སྒྲ་ཉམས་སྟེ།  །ཕྱོགས་བཅུའི་བདེ་བར་གཤེགས་པ་ཡི།  །ཞལ་སྐྱིན་བསྟན་པ་རྣམ་གསུམ་དང་།  །རྗེས་འབྲང་སེམས་དཔའི་ཚོགས་རྣམས་ལ།  །རྩེ་གཅིག་དད་པའི་ཡི་རང་འབུལ།  །ཚིགས་བཅད་བསྡུས་སོགས་འགའ་ཞིག་སྟེ།  །ཡེ་དབྱིངས་ནམ་མཁའི་ཡངས་རྫོངས་ནས།  །སྒྲ་བླ་ཁྱུང་ནག་གཡུ་རལ་ཅན།  །ལྷ་དམག་བྱེ་བ་དཔུང་བསྡུས་ལ།  །བྱད་ཕུར་ཐུན་ཟོར་བྱོལ་ཁྲམ་ཟློག  །སྔ་ཕྱིའི་རྐང་མཚམས་མིང་དབུས་སུ།  །ངལ་གསོ་བྱེད་པ་གཅོད་མཚམས་ཉམས། །སྔོན་ཐལ་རྒྱལ་བ་སྲས་བཅས་སངས།  །རྒྱས་པར་གཤེགས་ཤུལ་ལེགས་ལམ་ཟབ།  །མོ་ལ་རྩེ་གཅིག་དད་པས་འཇུག  །སྤྱོད་ན་ཕ་རྗེས་བུ་ཡིས་ཟིན།  །འབྲེལ་སྒྲ་ཅན་སོགས་འགའ་ཞིག་གིས།  །མི་མཐུན་དུས་ཀྱི་རྒུད་པ་ཀུན།  །སེལ་ཞིང་འདོད་དགུ་ཡིད་བཞིན་དུ།  །འགྲུབ་པའི་ནོར་འདི་སྔོན་བསགས་ཀྱི།  །བསོད་ནམས་རྒྱ་མཚོའི་དཔལ་ལས་འཁྲུངས།  །ཚིག་རྐང་རིང་ཐུང་འདྲེས་མ་འམ།  ། མིང་གཞི་ནོར་བ་སྡེབས་ཉམས་ཏེ།  །སྔ་མ་གྲངས་སྡེབས་ཉམས་པ་ནི།  །བསྐལ་པའི་དང་པོ་ལ།  །ཕྱི་སྣོད་མས་ཡར་ཆགས་ཤིང་།  །ནང་བཅུད་སེམས་ཅན་ཡས་མར་བབ།  །སྣོད་བཅུད་དེ་ལྟར་བརྟེན་ཞིང་འབྲེལ་བྱུང་།  །ཚིག་ལྷུག་འཐིང་པོ་སོགས་ལ་བཤད།  །ཕྱི་མ་བརྡ་སྡེབ་ཉམས་པ་སྟེ།  །ཁྱེ་ཁྱེས་བཙོན་དུས་ཉམས་ཆུང་ཆུང་།  །ཀྱེས་ཀྱེས་བརྗིས་ན་ཁོང་ཇང་ཇང་།  །གྲང་གྲང་གྲིས་ན་ལན་འཆོག་འཆོག  །ཆོད་འགྲའི་དྲོགས་ལ་སུ་ཞིག་འདོད།  །བརྡ་སྙིང་སོགས་ལ་འགའ་ཞིག་སྟེ།  །ཕ་མྱེས་ལྷ་རྩོག་འགྲོན་བཞི་ཀུན།  །མར་མྱེ་དྲི་བརྩུང་ངད་ལ་སྤྱོན།  །རང་མཐུན་དགེས་པའི་བདན་ལ་བཞུགས།  །གཉི་ཟེར་འདྲིལ་བཞིན་གཉིག་ཏུ་གྱུར།  །བརྗོད་པ་སྔ་ཕྱི་འབྲེལ་མེད་པའི།  །མིང་ཚིག་བསྡེབས་པ་མཚམས་སྦྱོར་ཉམས།  །གཡས་རུ་མཁས་གྲུབ་བཅོ་བརྒྱད་བྱོན།  །བཤད་སྲོལ་མདོ་སྡེ་བསྟན་པ་དར།  །སྒོམ་བསྒྲུབ་ཨ་དཀར་མཐུ་བྱིན་ལྡན།  །གདུལ་བྱ་སྨིན་གྲོལ་བདེ་ཆེན་བཀོད།  །ཤད་ཆོད་ཚིག་སྡུད་འགའ་ཞིག་སྟེ།  །རྣམ་འདྲེན་རྒྱལ་བ་གཤེན་རབ་མཆོག  །རྗེས་འབྲེང་གཡུང་དྲུང་སེམས་དཔའི་སྡེ།  །རྟག་གཟིགས་ཞང་བོད་རྒྱ་གར་ནག  །ལོ་པཎ་ཡོངས་ལ་གུས་བརྒྱས་འདུད།  །ལུང་རིག་གང་ལའང་མ་ལྟོས་པའི།  །འབྲེལ་མེད་མཚམས་སྦྱོར་འགལ་བ་སྟེ།  །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་།  །རིག་པ་ལུང་དང་འགལ་བ་དྲུག  །ལུང་དང་རིག་པའི་སྐྱོན་འབེབ་པའི།  །བརྗོད་ཡུལ་འབྲེལ་མེད་ཡུལ་འགལ་ཏེ།  །མོ་གཤམ་བུ་མོ་བཞིན་བཟང་མ།  །དམུ་ལོང་སྣང་བའི་ཉེར་འཚེར་གསལ།  །ཁ་མེད་ལྐུགས་པའི་གླུ་སྙན་ཡང་།  །ཞ་སྒྲེ་རྣམས་ཀྱིས་བསྐལ་བཟང་ཐོབ།  །སྔ་ཕྱི་དུས་དང་མི་མཐུན་པའི།  །མཚམས་སྦྱོར་འབྲེལ་མེད་དུས་འགལ་ཏེ།  །ཕྱོགས་ཀྱི་བུ་མོ་སྔོ་བསངས་མས།  །ཉི་མའི་གདུགས་ལ་སྐར་ཁྲབ་ཅན།  །ཐུན་གསུམ་སྨག་ལ་སྲིད་པའི་མིག  །བགྲད་དེ་གླིང་བཞི་དུས་གཅིག་གཟིགས།  །གར་དགུ་ལ་སོགས་རྣམ་འགྱུར་དང་།  །འབྲེལ་མེད་མཚམས་སྦྱོར་སྒྱུ་རྩལ་འགལ།  །འཇིགས་རུང་དུག་ཆེན་ཧ་ལ་དང་།  །མཐུན་པའི་དཀར་འཇམ་མཛེས་སྡུག་ཅན།  །དགྱེས་འཛུམ་ཞི་བའི་དྲག་ཚད་ཀྱིས།  །འཇིག་རྟེན་ཕུང་བའི་དཀོས་ཐག་མ།  །ཐ་སྙད་སྨྲ་བ་སྤྱི་བཙན་གྱི།  །རིག་པས་གནོད་པ་འཇིག་རྟེན་འགལ།  །ཆུ་བོ་གྱེན་འབབ་རླབས་རྩེ་ན།  །མེ་སྟག་ཚ་ཚ་སྐར་ལྟར་འཁྲུག  །དོག་ནས་ལྷུང་བའི་ཆར་རྒྱུན་མཁར།  །འཁྱིལ་བས་ལྷ་ཡི་རྫིང་རིང་ཞེས།  །རྗེས་དཔག་རིག་པ་ཚད་མ་ཡིས།  །གནོད་པའི་མཚམས་སྦྱོར་རིག་འགལ་ཏེ།  །ནང་དང་ཕྱི་བའི་རིག་འགལ་གཉིས།  །བཅུ་ཕྲག་རིག་པ་གང་རུང་གིས།  །གནོད་བྱེད་འབེབ་པའི་མཚམས་སྦྱོར་ནང་།  །རིག་གནས་ཡ་བཅུ་ཟུང་ལྔ་ཞེས།  །མི་རྒན་བཅོས་པའི་གཏམ་ཉོབ་ཀུན།  །བསྐལ་པར་གཤེར་ཀྱང་བདེན་དོན་གྱི།  །འབྲས་བུ་ངེས་པ་ག་ལ་རྙེད།  །དེས་མཚོན་རིག་གནས་སོ་སོ་དང་།  །འགལ་བའི་རྣམ་བཞག་ཞལ་ལས་ཤེས།  །ཕྱི་པའི་རིག་ལམ་གང་རུང་གིས།  །གནོད་བྱེད་འབེབས་པའི་མཚམས་སྦྱོར་ཕྱི།  །བརྟེན་ཅིང་འབྲེལ་བའི་ཕུང་པོ་དེ།  །རྟག་བདེ་གཙང་མ་གཅིག་པུ་བ།  །རང་དབང་ཅན་སོགས་འདོད་པ་ནི།  །འཁྲུལ་བའི་མུ་སྟེགས་གོལ་བའི་ལམ།  །མདོ་འབུམ་རྒྱུད་མཛོད་གང་རུང་གིས།  །གནོད་པའི་མཚམས་སྦྱོར་ལུང་འགལ་ཏེ།  །འདི་ལྟའི་སྣང་བ་ཇི་སྙེད་པ།  །བདེན་པའི་དངོས་པོར་མ་གྲུབ་ན།  །རྒྱུ་ལས་འབྲས་བུ་ཅི་སྟེ་འབྱུང་།  །དེས་ན་བདག་ཉིད་ཅན་དུ་ངེས།  །ལུང་གི་བྱེ་བྲག་སོ་སོ་དང་།  །འགལ་བའི་རྣམ་བཞག་ཞལ་ལས་ཤེས།  །ཐུན་མོང་ལུགས་དང་མི་མཐུན་ཡང་།  །སྒྲུབ་བྱེད་ཁྱད་ལྡན་དམིགས་བསལ་ཏེ།  །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་།  །རིག་དང་ལུང་འགལ་སྐྱོན་མེད་དྲུག  །དམིགས་ཡུལ་ཐུན་མོང་ལས་བརྒལ་བའི།  །ཁྱད་ལྡན་མཚམས་སྦྱོར་ཡུལ་སྐྱོན་མེད།  །བོན་ཀུན་བདག་མེད་མངོན་རྟོགས་པའི།  །འཕགས་པ་རྣམས་ཀྱི་གཟིགས་ངོ་རུ།  །རི་བོའི་གཏོས་དང་ཕྲ་རབ་རྡུལ།  །ཆེ་ཆུང་མེད་དེ་མཉམ་པ་ཉིད།  །དུས་འགྱུར་ཐུན་མོང་ལས་བརྒལ་བའི།  །ཁྱད་ལྡན་མཚམས་སྦྱོར་དུས་སྐྱོན་མེད།  །ཕལ་བ་འགའ་ཞིག་གསོན་པའི་དུས།  །ཚ་གྲང་དམྱལ་བའི་སྡུག་བསྔལ་མྱོང་།  །ཕ་རོལ་གནས་སུ་འཁྱམས་པའི་ཚེ།  །འདི་ཁའི་སྣང་བ་ཀྱུག་ཀྱུག་འཆར།  །རྣམ་འགྱུར་ཐུན་མོང་ལས་བརྒལ་བའི།  །ཁྱད་ལྡན་མཚམས་སྦྱོར་སྒྱུ་རྩལ་ཅན།  །ཡེ་ཤེས་དབྱིངས་ཀྱི་བྱ་ར་མས།  །མངོན་སྤྱོད་འབར་བའི་ཧོམ་ཞལ་དུ།  །སྲིད་གསུམ་ཁམ་དུ་རོལ་བཞིན་པར།  །འགྲོ་ཀུན་བུ་གཅིག་མ་ལྟར་སྐྱོང་།  །སྣང་བ་ཐུན་མོང་ལས་བརྒལ་བའི།  །ཁྱད་ལྡན་མཚམས་སྦྱོར་འཇིག་སྐྱོན་མེད།  །གྲུབ་པ་མཆོག་བརྙེས་བོན་གཤེན་བཞི།  །གཤེགས་ཤུལ་ཡར་ཆབ་གྱེན་ལ་ལྡོག  །ཅོ་ཟ་བོན་མོ་མ་ལགས་ན།  །བོད་ཡུལ་རྒྱ་མཚོས་འགེངས་ལ་ཁད།  །བཀྲིད་དྲང་ལུགས་ལས་བརྒལ་བ་ཡི།  །ཁྱད་ལྡན་མཚམས་སྦྱོར་རིག་སྐྱོན་མེད།  །སྒོམ་ཆེན་འབར་བས་ཐ་སྙད་ཀྱི།  །རིག་པའི་ཆ་ཙམ་མ་བསླབ་ཀྱང་།  །ས་ལམ་ཡོན་ཏན་གཅིག་ཆར་དུ།  །རྫོགས་ཏེ་སྐུ་གསུམ་མངོན་དུ་གྱུར།  །ལུང་དགོངས་ཐུན་མོང་ལས་བརྒལ་བའི།  །ཁྱད་ལྡན་མཚམས་སྦྱོར་ལུང་སྐྱོན་མེད།  །འགའ་ཞིག་སྤང་བསྒྱུར་གྲོལ་ལམ་ལ།  །མ་ཞུགས་གཤེན་ཞལ་མཇལ་ཙམ་ན།  །འཇའ་ལུས་འོད་ཀྱི་ཕུང་པོར་གྱུར།  །མཐར་ཐུག་མངོན་སངས་རྒྱས་ཏེ་སོང་།  །འདིས་མཚོན་སྐྱོན་དང་སྐྱོན་སེལ་རིགས།  །ཇི་སྙེད་མཁས་པའི་བློ་ཡིས་དཔོག  །བསྟན་བཅོས་མི་ཤེས་སྦྱོར་ཉེས་ན།  །ཡོན་ཏན་སྔོན་དུ་སྐྱོན་ཀུན་འབྱུང་།  །བརྩམས་དེ་འདོར་བ་ཅི་སྨོས་ཏེ།  །ཕྱི་རབས་གཤེན་གྱི་ལོག་རྟོག་སློང་།  །དེ་ཕྱིར་སྙན་ངག་མཁན་རྣམས་ཀྱིས།  །བརྩམ་ལ་ཞིབ་མོའི་བློས་བརྟག་སྟེ།  །སྐྱོན་གྱི་རྣམ་པ་ཕྲ་མོ་ཡང་།  །བཏང་སྙོམས་མ་བཞག་འཕྲལ་དུ་བཅོས།  །ཚད་གསུམ་ཟུང་དུ་འབྲེལ་བ་ཡི།  །དོན་ལྡན་ལེགས་པར་སྦྱོར་ཤེས་ན།  །བསྟན་དང་འགྲོ་བའི་དཔལ་འགྱུར་ཞིང་།  །སྙན་གྲགས་ཀུན་ཏུ་ཡུན་རིང་གནས།  །བསྐལ་པ་གྲངས་མེད་གནས་འགྱུར་ཡང་།  །དེ་ཡི་བསོད་ནམས་འཛད་མི་ཤེས།  །སྐྱོན་དང་དམིགས་བསལ་སྐྱོན་སེལ་དང་།  །ཉེས་ལེགས་སྐྱོན་ཡོན་བསྟན་པ་འོ།  །དོན་སྒྲ་གབ་ཚིག་སྐྱོན་སེལ་བཅས།  །ཐུན་མོང་རྒྱན་རྣམས་གྲུབ་པ་འོ།  །ལུས་སྲོག་སྐྱོན་ཡོན་རྒྱན་དང་བཅས།  །དོན་གྱི་དངོས་པོ་བསྟན་ཟིན་ཏོ།  །སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ལས་སྐྱོན་སེལ་མཇུག་བསྡུ་བསྟན་པའི་སྐབས་ཏེ་ལྔ་བའོ།  །

       སྙན་ངག་རིན་ཆེན་ལྡེ་མིག་འདི།  །གྲགས་འདོད་ཅོ་འདྲིས་མ་གོས་པར།  །རྒྱལ་བའི་བསྟན་དང་བསྟན་འཛིན་ལ།  །སྲི་ཞུ་བགྱི་བའི་བློས་བསྐུལ་ཏེ།  །དྲི་མེད་གཟི་བརྗིད་མ་རྒྱུད་དང་།  །ཤ་རའི་སྒྲ་འབུམ་བཀོལ་བྱང་དང་།  །མཚན་ཉིད་སྲིད་པའི་མཛོད་རྣམས་ཀྱི།  །དགོངས་དོན་དྲི་མ་མེད་པ་དང་།  །འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་།  །རྒྱལ་བ་གཉིས་པ་ཤེས་རབ་རྒྱལ།  །གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་དང་།  །ཉི་བསྟན་ཡོངས་འཛིན་རྣམ་འོད་སོགས།  །མཁས་པའི་ལེགས་བཤད་ལ་བརྟེན་ནས།  །རྟོག་བཟོའི་སྐྱོན་གྱིས་མ་བསླད་པར།  །གོང་མའི་དགོངས་པ་ཇི་ལྟ་བ།  །གོ་སླ་འཇུག་བདེའི་གཞུང་འདི་སྦྱར།  །རིན་ཆེན་དང་པོའི་ལྷུན་པོ་ལ།  །ཉི་གཞོན་བྱེ་བས་འཁྱུད་མཛེས་བཞིན།  །རྒྱལ་བའི་བསྟན་དང་མཁའ་མཉམ་འགྲོ།  །དུས་རྣམས་ཀུན་ཏུ་ཤིས་གྱུར་ཅིག  །བཀའ་ལུང་རིག་པ་ཟུང་སྦྲེལ་ནས།  །ལྷག་བསམ་དག་པས་བཤད་མོད་ཀྱི།  །མ་རིག་འཁྲུལ་སྐྱོན་ཅི་མཆིས་པ།  །རིན་ཆེན་གསུམ་ལ་སྙིང་ནས་བཤགས།  །བློ་གྲོས་བཟང་པོའི་མཐུར་བརྟས་པའི།  །རྣམ་དཀར་དགེ་རྩ་ཅི་མཆིས་པ།  །དུས་གསུམ་བསགས་པའི་དགེ་ཚོགས་བཅས།  །འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ།  །འདི་ལ་འབད་པའི་བསོད་ནམས་ཀྱིས།  །གཤེན་བསྟན་དར་རྒྱས་ཡུན་གནས་ཤིང་།  །སྐྱེ་དགུ་བདེ་སྐྱིད་ཕུན་ཚོགས་ཏེ།  །རྫོགས་ལྡན་བསྐལ་བཟང་ཡར་འཕེལ་ཤོག  །སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ཅེས་བྱ་བ་རྫོགས་སོ།  །ཅེས་པའི་ཚུལ་འདི་མཁན་ཆེན་ཤེས་རབ་བློ་ལྡན་དབང་གི་རྒྱལ་པོ་དང་ཡོངས་འཛིན་བློ་གྲོས་རྒྱ་མཚོ་སོགས་ཀྱི་ཞབས་རྡུལ་སྤྱི་བོར་འཆིང་བའི་གཤེན་གྱི་བཙུན་གཟུགས་ཚུལ་ཁྲིམས་རྒྱལ་མཚན་བདག་ལ་འདི་ཕྱོགས་ལ་མོས་པའི་སློབ་འབངས་འགའ་ཡིས་རང་ལུགས་དང་མཐུན་པའི་སྙན་གཞུང་རྒྱས་པ་གྲོང་ཚིག་གིས་མ་བཅིངས་ཤིང་གོ་སླ་འཇུག་བདེ་ཞིག་དགོས་ཚུལ་གྱི་གསུངས་བསྐུལ་མ་ལྡོག་ཙམ་དུ་གཤེན་བསྟན་གཡུང་དྲུང་གླིང་དུ་བགྱིས་པ་འདི་ཡང་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་ཅིག  །ཐ་ཚན་མུ་ཚུག་སྨྲར་རོ།  །དགེའོ།  །བཀྲ་ཤིས་པར་གྱུར་ཅིག  །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།