ལྷོ་གཏེར་བོད་ཀྱི་ཐེག་པ་རིམ་དགུའི་ལྟ་གྲུབ་ངོ་སྤྲོད་མདོར་ཙམ།

རྩོམ་པ་པོ། དགེ་བཤེས་ཉི་མ་དོན་འགྲུབ། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

ལྷོ་གཏེར་གྱི་ཐེག་པ་རིམ་དགུ།

ཐེག་པ་དང་པོ་ཕྱྭ་གཤེན་གྱི་ཐེག་པ།

ཞུ་བ་པོ་ཕྱྭ་གཤེན་གཙུག་ཕུད། མཚན་གཞན་ཕྱྭ་གཤེན་ལེགས་རྒྱལ་ཐང་པོར་ཡང་གྲགས། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་ལོ་གཅིག་བཞེས་པའི་དུས། ཕྱྭ་གཤེན་ཐེག་པའི་གཞུང་། མོ་རྩིས་གཏོ་དཔྱད་ཀྱི་གཞུང་རྣམས་སོ། ཕྱྭ་གཤེན་ཐེག་པའི་ལྟ་བ་ངོས་འཛིན། དཔེར་ན་ལ་ཁའི་སོ་པས་དགྲ་དང་འཇིགས་པ་ཐམས་ཅད་མཐོང་བ་བཞིན་དུ། ནད་ལ་བཅོས་ཤིང་སྦྱང་དུ་ཡོད་པར་རྟོགས་ལ། གདོན་ལ་ཟློག་ཅིང་བསྒྱུར་དུ་ཡོད་པར་རྟོགས་པ་ནི་ལྟ་བའོ། །ཕྱྭ་གཤེན་ཐེག་པའི་འཇུག་སྒོ། མོ་དང་རྩིས་དང་གཏོ་དང་དཔྱད་དང་བཞི། འཇུག་སྒོ་སྤྱི་ཡི་རྣམ་གྲངས་ལ། མོ་ལ་མོ་རིགས་སུམ་བརྒྱ་དྲུག་ཅུ། རྩིས་ལ་རྩིས་རིགས་གབ་ཙེ་སུམ་བརྒྱ་དྲུག་ཅུ། གཏོ་ལ་གཏོ་རིགས་སུམ་བརྒྱ་དྲུག་ཅུ། དཔྱད་ལ་དཔྱད་ཐབས་ཉིས་ཁྲི་གཅིག་སྟོང་། མདོ་རུ་བསྡུས་ན་མོ་ལ་བཞི། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག། ཡེ་མཁྱེན་སྒྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས་དང་བཞིའོ། །རྩིས་ལ་རྣམ་པ་བཞི། གབ་ཙེ་འཕྲུལ་གྱི་མེ་ལོང་། སྤར་ཁམས་སྨེ་བའི་གླིང་བསྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་དང་བཞིའོ། །གཏོ་ལ་བཞི། འབྱུང་བ་འཁྲུགས་པའི་ཡོ་གཏོ། ཧོས་ཆ་རྟེན་འབྲེལ་བརྟག་གཏོ། གག་གཉན་ཟློག་པའི་བསྣུན་གཏོ། མཉམ་གཉིས་བསོར་བའི་བརྗེ་གཏོ་དང་བཞིའོ། །དཔྱད་ལ་བཞི། རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང་། ངོས་འཛིན་རྩ་ལ་དཔྱད་པ། ཕན་གནོད་ཆུ་ལ་དཔྱད་པ། འཆི་གསོ་ཁམས་ལ་དཔྱད་པ་དང་བཞིའོ། །ཇི་ལྟར་འཇུག་ན། སྤྱིར་སེམས་ཅན་རྣམས་གདོན་ལས་སོགས་པའི་ཡེ་འགྲོག་མང་དུ་འབྱུང་སྟེ། དེ་དག་མོ་དང་གཏོའི་སྒོ་ནས་བསལ་བའི་ཕྱིར་འཇུག་ལ། ཚ་གྲང་ལ་སོགས་ནད་མང་དུ་འབྱུང་བས། དེ་རྣམས་ཀྱང་སྨན་དང་དཔྱད་ཀྱི་སྒོ་ནས་བསལ་བའིི་ཕྱིར་འཇུག་པའོ། །སྤྱོད་པའི་ལས་ནི། ནད་ལ་རྩ་དང་ཆུའི་སྒོ་ནས་བརྟག་ལ། གདོན་ལ་མོ་དང་མཐོང་གི་སྒོ་ནས་བརྟག་སྟེ། ནད་ལས་གྱུར་པ་རྣམས་ལ་སྨན་དང་དཔྱད་ཀྱི་སྒོ་མ་འགག་པས། སྨན་དང་དཔྱད་ཀྱི་སྒོ་ནས་ཕན་པར་བྱེད། གདོན་ལས་གྱུར་པ་རྣམས་ལ་མོ་དང་གཏོ་ཡི་སྒོ་མ་འགག་པས། གཏོ་སྒོ་སྣ་ཚོགས་པའི་སྒོ་ནས་ཕན་པར་བྱེད་དོ། །ཕྱྭ་གཤེན་ཐེག་པའི་ངེས་ཚིག་ནི། སྟོན་པ་ཕྱྭ་ཡིས་མཛད་པས་ཕྱྭ་གཤེན་ནོ།

ཐེག་པ་གཉིས་པ་སྣང་གཤེན་ཐེག་པ།

ཐེག་པ་གཉིས་པ་སྣང་གཤེན་གྱི་ཐེག་པ། ཞུ་བ་པོ་སྣང་གཤེན་གཙུག་ཕུད། མཚན་གཞན་སྣང་ལྡན་གཙུག་ཕུད་ཀྱང་བྱ། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་ལོ་གཉིས་བཞེས་པའི་དུས། སྣང་གཤེན་ཐེག་པའི་གཞུང་མཚན་གཞི་ཙམ་ངོས་འཛིན། མཁའ་ཀློང་རབ་འབྱམས་ཀྱི་གཞུང་ལྟ་བུའོ། །སྣང་གཤེན་ཐེག་པའི་ལྟ་བ་ངོས་འཛིན། དཔེར་ན་ཚོང་འདུས་ཀྱི་ཚོང་བྱེད་པ་དེའི་ཚོང་དཔོན་གྱིས་སྐད་བསྒྱུར་བས། རང་རང་གི་འདོད་པ་སོ་སོར་སྐོང་བ་བཞིན་དུ། སྣང་བ་འདི་ལ་ལྷ་ཞེས་འཆེས་པར་རྟོགས་ལ། འདྲེ་ཞེས་བྱ་བ་གནོད་པར་རྟོགས་པས། སྐྱེ་འཆི་ཐམས་ཅད་ལྷ་དང་འདྲེས་བྱེད་པར་རྟོགས་པ་ནི་ལྟ་བའོ། །སྣང་གཤེན་ཐེག་པའི་འཇུག་སྒོ་གྱེར་སྒོ་བཞི། སྐད་ཀྱི་གཅོང་དགུ། གཏང་རག་བཞི་བཅུ་རྩ་གཉིས་སོ། །གྱེར་སྒོ་བཞི་ནི། ལྷ་གསས་མཆོད་པའི་སྒོ། སེལ་དང་ཁྲུས་ཀྱི་སྒོ། ཐར་དང་གླུད་ཀྱི་སྒོ། ཕྱྭ་དང་གཡང་གི་སྒོ་དང་བཞིའོ། །ཡང་ན་ཡར་གསོལ་བ་ལྷའི་གཙང་སྒོར་གྱེར་བ། མར་གནོན་པ་སྲིའི་བྱུར་སྒོར་གྱེར་བ། ཕར་གཏོང་བ་སྤྱིའི་གླུད་སྒོར་གྱེར་བ། ཚུར་སྐྱོབས་པ་ཕྱྭའི་གཡང་སྒོར་གྱེར་བ་དང་བཞིའོ། །སྐད་ཀྱི་གཅོང་དགུ་ནི། གསོལ་བ་ལྷ་ལ་སྐད་གཅོང་གཉིས་ནི། གཡུ་འབྲུག་ངུར་སྐད་ཀྱིས་ལྷ་གསས་ཀྱིས་དཔུང་བསྡུས། ཁྱུང་མོའི་འཚེར་སྐད་ཀྱིས་དྲག་པོའི་ལྷ་བདར་བའོ། །སྐྱོབས་པ་ཕྱྭ་ལ་སྐད་གཅོང་གཉིས་ནི། ཁྱུང་མོའི་བུ་སྟོར་གྱིས་མིའི་ཕྱྭ་བླན། རྨ་བྱའི་སྒྲ་སྐད་ཀྱིས་ཕྱུགས་ཀྱི་གཡང་འགུག གཉན་པོ་སྤྱི་ལ་སྐད་གཅོང་གསུམ་ནི། ཁུ་བྱུག་གསུང་སྙན་གྱིས་ལྷ་སྲིན་སྤྲོ་བ་བསྐྱེད། ཅོ་ཀའི་འགྱུར་སྐད་ཀྱིས་གླུད་ལམ་བསྟན། ནེ་ཙོའི་གཅོང་སྐད་ཀྱིས་ལྷ་སྲིན་བརྡ་སྤྲད་དོ། །གནོན་པ་སྲི་ལ་སྐད་གཅོང་གཉིས་ཏེ། ཕོ་རོག་སྟོང་སྐད་ཀྱིས་སྲིའི་བྱུང་བཏབ། སྟག་སྦྲང་བུའི་སྐད་ཀྱིས་སྲི་ཁ་མནན་པའོ། །གཏང་རག་བཞི་བཅུ་རྩ་གཉིས་ནི། གསོལ་བ་ལྷ་ལ་གཏང་རག་བཅུ། སྐྱོབས་པ་ཕྱྭ་ལ་བཅུ། གཉེན་པོ་སྤྱི་ལ་བཅུ། གནོན་པ་སྲི་ལ་བཅུ། ཐར་གླུད་གཉིས་ཏེ་བཞི་བཅུ་རྩ་གཉིས་སོ། །དེ་ལྟར་གྱེར་སྒོ་བཞི་དང་སྐད་གཅོང་དགུ་དང་གཏང་རག་བཞི་བཅུ་རྩ་གཉིས་དང་འབྲེལ་ནས་རིགས་ཀྱི་ལྷ་བདར། ཁུངས་ཀྱི་སྨྲང་གྱེར། ཕྱག་གི་བརྡ་ཐབས་དང་བསྟུན་ཏེ་མ་ནོར་བར་འཇུག་པའོ། །སྤྱོད་པའི་ལས་ནི། སྣང་ཞིང་སྲིད་པ་ཐམས་ཅད་ལྷ་དང་འདྲེ་རུ་གནས་པས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ལྷ་མ་སྲིན་སྡེ་བརྒྱད་ལ། སྔོན་གྱི་ལས་སམ། འཕྲལ་གྱི་རྐྱེན་ལས་གྱུར་པ་རྣམས་ལ། དགོས་དགུ་དང་མཉེས་པའི་ཡས་སྟགས་བསགས་ཏེ། ཕན་པའི་ལྷ་དང་གནོད་པའི་འདྲེ་རུ་ཕྱེས་ནས། ཕུགས་སུ་ལྷ་གསོལ་ཏེ། གཤེན་རབ་ཀྱི་མགོན་དང་ཡོན་བདག་གི་སྐྱབས་མཛད། བར་དུ་བགེགས་ལ་གླུད་བཏང་ཞིང་རྫོངས་བཏབ་པས། འགྲས་པ་འདུམ་ཞིང་འཁོན་པ་བྱང་བར་བྱས་ནས། ཐབས་ཀྱི་གཟེར་མདའ་ཕྱུང་སྟེ། ནད་དལ་གྱི་འཕྲོ་གཅད་དོ། །ཐ་མར་སྒོ་རུ་སྲི་མནན་ནས། སྲི་གཅན་ཁུང་དུ་འབྲུབ་པ་ནི་སྤྱོད་པའི་ལས་སོ། །འདྲེ་དགུ་ནི། མཐོ་རུ་མི་སྟེར་དམའ་བའི་འདྲེ། ཡོད་དུ་མི་སྟེར་མེད་པའི་འདྲེ། ཕྱུག་ཏུ་མི་སྟེར་དབུལ་བའི་འདྲེ། འཕན་དུ་མི་སྟེར་རྨང་བའི་འདྲེ། གང་དུ་མི་སྟེར་སྟོང་པའི་འདྲེ། ཆགས་སུ་མི་སྟེར་འཇིག་པའི་འདྲེ། ཡག་ཏུ་མི་སྟེར་ཉེས་པའི་འདྲེ། སྐྱིད་དུ་མི་སྟེར་སྡུག་པའི་འདྲེ། འཕེལ་དུ་མི་སྟེར་འགྲིབ་པའི་འདྲེ། སྲིད་པ་ཆགས་ནས་སྲིད་པ་ཡི། སྲིད་པའི་འདྲེ་དགུ་བྱ་བ་ཡིན། །སྲི་བཅུ་ནི། ཕོ་སྲི་རལ་ཆེན་དྲི་བདུད་རྗེ། མོ་སྲི་དར་མ་གཞོན་བདུད་རྗེ། ཕོ་མོ་སྟང་དབྱལ་འཚོས་པ་ལས། ཆེ་སྲི་ཆུང་སྲི་དར་སྲི་རྒན་སྲི་གཞོན་སྲི་གོད་སྲི། བྱེས་སྲི་བྱུར་སྲི་རྣམས་སོ། །འདྲེ་དགུ་སྐྱས་འདེབས་སྲི་བཅུ་ཐུར་དུ་གནོན་པར་བྱེད་དོ། །སྣང་གཤེན་ཐེག་པའི་ངེས་ཚིག་ནི། རང་བཞིན་ཡས་སུ་སྣང་བས་སྣང་གཤེན་ནོ། ཡང་ན་ལྷ་འདྲེའི་སྣང་བ་མཐུན་པར་སྟོན་པས་སྣང་གཤེན་ནོ། །

སྣང་གཤེན་ཐེག་པའི་སེལ་སྒོ་ཆབ་ནག་ཆུ་བོ་གཞུང་ཆེན་བཞི་ཡི་ངོས་འཛིན།

ཆབ་ནག་ཆུ་བོ་གཞུང་ཆེན་བཞི་ནི། སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་། ཐུགས་ཀར་གཉེན་པོ་ལྷ་ཡི་གཞུང་། སྒྲ་བླ་ཝེར་མ་དཔའ་ཁྲོམ་གཞུང་། སྲིད་པ་མིའུ་རྒྱུད་ཀྱི་གཞུང་དང་བཞིའོ། །དང་པོ་སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་ལ་སེལ་གྱི་གཞུང་ཆེན་བཅུ་གཉིས་ཡོད། གཉིས་པ་ཐུགས་ཀར་གཉེན་པོ་ལྷ་ཡི་གཞུང་ལ། ཡེ་སྲིད་ལྷ་གཞུང་དཀར་པོ་དང་། ཡེ་དབང་གཉན་གཞུང་ཁྲ་བོ་དང་། ཡེ་འདུལ་དམག་གཞུང་ནག་པོ་དང་གསུམ་ཡོད། ཡེ་སྲིད་ལྷ་གཞུང་དཀར་པོ་ལ། ལྷ་འཁོར་སུམ་བརྒྱ་དྲུག་ཅུ་ཡོད། ཡེ་དབང་གཉན་གཞུང་ཁྲ་བོ་ལ་ལྷ་འཁོར་ཉིས་བརྒྱ་ལྔ་བཅུ་ཡོད། ཡེ་འདུལ་དམག་གཞུང་ནག་པོ་ལ། ལྷ་འཁོར་བརྒྱ་དང་རྩ་བརྒྱད་ཡོད། གསུམ་པ་སྒྲ་བླ་ཝེར་མ་དཔའ་ཁྲོམ་གྱི་གཞུང་ལ་རྣམ་པ་བཞི་ཡོད། སྒྲ་བླ་གཉན་དང་ཝེར་མ་རྗེ། ཅང་སེང་གཉན་དང་ཤུགས་མགོན་རྫི་བཅས་བཞིའོ། །སྲིད་པ་མིའུ་རྒྱུད་ཀྱི་གཞུང་ལ། དང་པོ་ཕྱི་སྣོད་ཆགས་པ་ནས། སྲིད་པ་ཇི་ལྟར་སྲིད་པ་དང་། སྐོས་པ་ཇི་ལྟར་བསྐོས་པ་དང་། མི་རྒྱུད་གང་ལྟར་གྲོལ་བ་དང་། སྔོན་གྱི་ཆོ་རབས་བཤད་པ་དང་། བདེན་པའི་སྨྲང་གིས་བཀྲོལ་བའོ། །

སེལ་གྱི་གཞུང་ཆེན་བཅུ་གཉིས་དང་སེལ་གྱི་གོ་དོན།

རྩ་དཀར་འཕེལ་བའི་ཡར་སེལ་བཞི། རྩ་་ནག་འགྲིབ་བའི་མར་སེལ་བཞི། མཉམ་གཉིས་བསལ་བའི་བར་སེལ་བཞི་སྟེ་བཅུ་གཉིས་སོ། །དང་པོ་རྩ་དཀར་འཕེལ་བའི་ཡར་སེལ་བཞི་ནི། རྨངས་ལ་འཕན་པོར་འདོད་པ་ལ། གཡུང་དྲུང་སྲིད་པའི་འཕེལ་སེལ་བྱ། དབུལ་ལ་ཕྱུག་པོར་འདོད་པ་ལ། སྲིད་པ་བ་དཀར་གྱེན་སེལ་བྱ། ཁས་ཉེན་བཙན་པོར་འདོད་པ་ལ། ཀླུང་རྟ་དར་བའི་གག་སེལ་བྱ། ཆུང་ལ་ཆེ་བར་འདོད་པ་ལ། རྒྱལ་གྱི་ཁྲི་འཕང་གོང་སེལ་བྱ། གཉིས་པ་རྩ་ནག་འགྲིབ་པའི་མར་སེལ་བཞི་ནི། རྨང་སྟེ་ཆད་ལ་ཁད་པ་ལ། འདྲེ་དགུ་སྲི་བཅུའི་མར་སེལ་བྱ། དབུལ་ཏེ་ལྟོག་ལ་ཁད་པ་ལ། སྲིད་པའི་ས་བདག་ཐུར་སེལ་བྱ། བརླག་སྟེ་ཉེས་ལ་ཁད་པ་ལ། བྱུར་དང་མི་ལ་ཆུང་སེལ་བྱ། དམའ་སྟེ་ལྷུང་ལ་ཁད་པ་ལ། མཐོ་རུ་མི་སྟེར་ཉེན་སེལ་བྱ། གསུམ་པ་མཉམ་གཉིས་སེལ་བའི་བར་སེལ་བཞི་ནི། ལྷ་ཀླུ་གཉན་དང་འགྲས་པ་ན། ལྷ་མི་བར་གྱི་དབྱེན་སེལ་བྱ། ཤིན་ཏུ་གག་ཉེན་རྩུབ་པ་ན། བྱ་དམར་མཚལ་བུའི་གག་སེལ་བྱ། སྨེ་མནོལ་མི་གཙང་འབགས་པ་ན། དམེ་མུག་ནལ་གྱི་བཙོག་སེལ་བྱ། མི་མཐུན་པྲ་ལྟས་ངན་པ་ན། ལྟས་ངན་ཟློག་པའི་ཐན་སེལ་བྱ། སེལ་གྱི་གོ་དོན་གང་ཞེ་ན། དཀར་ནག་བསལ་བས་སེལ་ཞེས་བྱ། གཙང་སྨེ་བསལ་བས་སེལ་ཞེས་བྱ། སྨེ་མནོལ་བསལ་བས་སེལ་ཞེས་བྱ། དམེ་མུག་བསལ་བས་སེལ་ཞེས་བྱ། དབུལ་རྨངས་བསལ་བས་སེལ་ཞེས་བྱ། འགག་པ་བསལ་བས་སེལ་ཞེས་བྱ། གག་ཉེན་བསལ་བས་སེལ་ཞེས་བྱ། ཞེས་གསུངས།

ཐེག་པ་གསུམ་པ་འཕྲུལ་གཤེན་ཐེག་པ།

ཐེག་པ་གསུམ་པ་འཕྲུལ་གཤེན་གྱི་ཐེག་པ། ཞུ་བ་པོ་འཕྲུལ་གཤེན་གཙུག་ཕུད། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་ལོ་གསུམ་པའི་སྐབས། འཕྲུལ་གཤེན་ཐེག་པའི་གཞུང་ངོས་འཛིན། རྫུ་འཕྲུལ་བཅུ་གསུམ་ལས་ཐིག་གི་གཞུང་ངོ་། ། འཕྲུལ་གཤེན་ཐེག་པའི་ལྟ་བ་ངོས་འཛིན། དཔེར་ན་རྗེ་དང་ཁོལ་ལྟ་བུ། རྗེ་བུ་དེས་བྲན་དེ་ལས་ལ་འཁོལ་བར་བྱེད་པ་བཞིན་དུ། སྒྲུབ་པ་པོ་བདག་ཉིད་ནི་གཙོ་བོའམ་རྗེ་ལྟ་བུ། དབལ་མོ་དང་ལས་མཁན་རྣམས་ནི་བྲན་དང་འབངས་ལྟ་བུར་རྟོགས་པས་ནི་བདག་བསྒྲལ། གྲུབ་པས་གཞན་སྒྲོལ་བར་འདོད་པ་ནི་ལྟ་བའོ། །འཕྲུལ་གཤེན་ཐེག་པའི་འཇུག་སྒོ་ནི། རྫུ་འཕྲུལ་བཅུ་གསུམ་མོ། །དགྲ་ལ་དམིགས་པའི་རྫུ་འཕྲུལ་བདུན། བགེགས་ལ་དམིགས་པའི་རྫུ་འཕྲུལ་བཞི། བོན་ཉིད་ལ་དམིགས་པའི་རྫུ་འཕྲུལ་གཉིས་སོ། །དང་པོ་བདུན་ནི། གསད་པའི་རྫུ་འཕྲུལ། གསོ་བའི་རྫུ་འཕྲུལ། དབབ་པའི་རྫུ་འཕྲུལ། གཅད་པའི་རྫུ་འཕྲུལ། ལྟས་ངན་གྱི་རྫུ་འཕྲུལ། ཆོ་འཕྲུལ་གྱི་རྫུ་འཕྲུལ། ཇག་ཆིངས་ཀྱི་རྫུ་འཕྲུལ་དང་བདུན་ནོ། །གཉིས་པ་བཞི་ནི། གནན་པའི་རྫུ་འཕྲུལ། གཟིར་བའི་རྫུ་འཕྲུལ། བསྡུད་པའི་རྫུ་འཕྲུལ། བསྲེག་པའི་རྫུ་འཕྲུལ་དང་བཞིའོ། །གསུམ་པ་གཉིས་ནི། གཞན་དོན་ལ་དམིགས་པའི་རྫུ་འཕྲུལ་དང་། རང་དོན་ལ་དམིགས་པའི་རྫུ་འཕྲུལ་གཉིས་སོ། །སྤྱོད་པའི་ལས་ནི། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ། བསྒྲལ་བའི་ཞིང་བཅུ་རུ་གྱུར་པའི་བསྟན་པའི་སྤྱི་དགྲ། སྒྲུབ་གཤེན་གྱི་སྒོས་དགྲ། བསྟན་པ་ཁྱད་དུ་གསོད་པ། བཀའ་དང་དམ་ལས་འགལ་བ། གཤེན་གྱི་དཀོར་ལ་རློམ་པ། མ་ཉེས་སྟབས་ལ་གཅོད་པ། བྱང་ཆུབ་བསྒྲུབ་པ་ལ་བར་ཆོད་བྱེད་པ། སེམས་ཅན་ཡོངས་ལ་གནོད་པ། སྲིད་པའི་གཏོ་ལ་འགལ་བ་དང་བཅུ་པོ་དེ་རྣམས། མངོན་སྤྱོད་དྲག་པོས་བསྒྲལ་བར་བྱེད་པའོ། །འཕྲུལ་གཤེན་ཐེག་པའི་ངེས་ཚིག་ནི། རྫུ་འཕྲུལ་གཉེན་པོ་རགས་པས་འཕྲུལ་གཤེན་ནོ། ཡང་ན་རྫུ་འཕྲུལ་གྱིས་དགྲ་བགེགས་བསྒྲལ་བའོ། །

ཐེག་པ་བཞི་པ་སྲིད་གཤེན་ཐེག་པ།

ཐེག་པ་བཞི་པ་སྲིད་གཤེན་གྱི་ཐེག་པ། ཞུ་བ་པོ་སྲིད་གཤེན་གཙུག་ཕུད། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་ལོ་བཞི་པའི་དུས། སྲིད་གཤེན་ཐེག་པའི་གཞུང་ངོས་འཛིན། འདུར་ཐབས་སུམ་བརྒྱ་དྲུག་བཅུའི་གཞུང་རྣམས་སོ། །སྲིད་གཤེན་ཐེག་པའི་ལྟ་བ་ངོས་འཛིན། དཔེར་ན་རྨི་ལམ་དང་འདྲ་སྟེ། གཉིད་ལོག་པའི་དུས་ན་ལུས་མལ་ནས་མ་འགུལ་ཡང་། ཡིད་སེམས་ཡུལ་ལས་འཕྲོས་ཏེ། བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་ལ། གཉིད་སད་པའི་དུས་སུ་གང་ཡང་གྲུབ་པ་མེད་པ་བཞིན་དུ། ཚེ་འདས་ལུས་སེམས་བྲལ་ནས། ལུས་བེམ་པོ་བོར་ཀྱང་བླ་ཡིད་སེམས་དང་གསུམ། འཁོར་བར་འཁྱམས་ཤིང་སྡུག་བསྔལ་ཉམས་སུ་མྱོང་། དེ་ཡང་བླ་ཡིད་སེམས་དང་གསུམ་ནི། ཀུན་གཞི་ལ་བག་ཆགས་བསགས་པས་བླ། དེའི་རྗེས་སུ་འབྲེལ་བས་སེམས། དེ་ལ་བདེ་སྡུག་སྣ་ཚོགས་རྒྱུ་བས་ཡིད། དེ་བསྐལ་སྲིད་གཤོག་དང་གསུམ་གྱིས་འབྱོངས་པར་འདོད་པ་ནི་ལྟ་བའི་ཕུགས་སོ། །སྲིད་གཤེན་ཐེག་པའི་འཇུག་སྒོ་ནི། ཤི་ཐབས་བརྒྱད་ཅུ་རྩ་གཅིག་ལ་འདུར་སྒོ་བཞི། འདུར་ཐབས་སུམ་བརྒྱ་དྲུག་བཅུའོ། །ཤི་ཐབས་བརྒྱད་ཅུ་རྩ་གཅིག་ནི། ཚ་གྲང་གི་སྒོ་ནས་ནད་ཀྱིས་འཆི་བ་ཉི་ཤུའི་ཆ། གདོན་བགེགས་ཀྱི་སྒོ་ནས་གློ་བུར་དུ་འཆི་བ་ཉི་ཤུའི་ཆ། འཐབ་རྩོད་ཀྱི་སྒོ་ནས་མཚོན་ཆས་འཆི་བ་ཉི་ཤུའི་ཆ། འབྱུང་བའི་སྒོ་ནས་རྐྱེན་གྱིས་འཆི་བ་ཉི་ཤུའི་ཆ། ཚེ་ཟད་ལས་ཀྱིས་འཆི་བ་གཅིག་གི་ཆ་སྟེ་བརྒྱད་ཅུ་རྩ་གཅིག་གོ །འདུར་སྒོ་བཞི་ནི། བཀྲ་དང་བཀྲེའུ་གཉིས། གྲི་དང་མཚུན་གཉིས་ཏེ་བཞིའོ། །འདུར་ཐབས་སུམ་བརྒྱ་དྲུག་ཅུ་ནི། ཤི་རབས་དང་ཆོ་འབྲང་མི་འདྲ་བ་བརྒྱ་ཉི་ཤུ། དེ་འདུར་བའི་ཁོག་པ་ལ་མི་འདྲ་བ་བརྒྱ་ཉི་ཤུའོ། །འདུར་ཁོག་དེ་ལས་བྱུང་བའི་འདུར་བོན་ལ་མི་འདྲ་བ་བརྒྱ་དང་ཉི་ཤུའོ། དེ་རྣམས་མ་ནོར་བའི་སྒོ་ནས་འཇུག་པའོ། ། སྤྱོད་པའི་ལས་ནི། བྱམས་ཤིང་གདུང་བའི་ཐུགས་རྗེ་མ་དང་འདྲ་བས། ཚེ་འདས་དེ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་ལ། འདྲེན་པའི་ཐབས་ལ་མཁས་པར་བྱ་བ་ནི། སྣང་ཡུལ་གསོན་པོ་དང་། མི་སྣང་བའི་གཤིན་པོའི་མཚམས་ནས་བདེན་པའི་བརྡ་དོན་འབྱོར་ཞིང་། ལན་ཆགས་དང་གླུད་ཀྱིས་གཏོར་མ་ཕུལ་ནས་སྦྱོང་བ་ནི། སྤྱོད་པའི་ལས་སོ། །སྲིད་གཤེན་ཐེག་པའི་ངེས་ཚིག་ནི། ཤི་སྲིད་འདུར་དུ་སྲིད་པས་ན་སྲིད་གཤེན་ནོ། །ཡང་ན་སྲིད་པ་བར་དོ་ནས་འདྲེན་པས་སྲིད་གཤེན་ནོ། །ཕྱྭ་གཤེན་དང་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་དང་བཞི་ལ་རྒྱུ་ཡི་ཐེག་པ་བཞི་ཡང་བྱ། འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པའི་ཐེག་པ་ཡང་བྱའོ།

ཐེག་པ་ལྔ་པ་དགེ་བསྙེན་ཐེག་པ།

ཐེག་པ་ལྔ་པ་དགེ་བསྙེན་གྱི་ཐེག་པ། ཞུ་བ་པོ་ཚངས་པ་གཙུག་ཕུད། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་གྲངས་ལྔ་པའི་སྐབས། དགེ་བསྙེན་ཐེག་པའི་གཞུང་ངོས་འཛིན། དྲི་མེད་ལས་བྱུང་བའི་ཚྭ་ཚྭ་ཆུ་གཏོར་དགེ་བསྙེན་ཐེག་པའི་མདོ་རྣམས་སོ། །དགེ་བསྙེན་པའི་ལྟ་བ་ངོས་འཛིན། དཔེར་ན་རྒྱུ་སྔོན་ལ་བཏང་བས་འབྲས་བུ་ཕྱིས་འབྱུང་བ་བཞིན་དུ། སེམས་ལ་འཁྲུལ་པའི་རྒྱུ་ཡོད་པ་དེ། བར་དུ་དཀའ་བ་གཞུང་དུ་སྤྱད་པས། འཁྲུལ་པ་དེ་སྤངས་ཤིང་དག་ནས། འབྲས་བུ་ཕྱིས་ཐོབ་པར་འདོད་པ་དེ་ཡང་དག་པའི་ལྟ་བའོ། །དགེ་བསྙེན་ཐེག་པའི་འཇུག་སྒོ། དགེ་བ་བཅུའི་སྒོ་ནས་འཇུག། ལུས་ཀྱིས་སྡིག་པ་རྣམ་པ་གསུམ་སྤོང་བའི་སྒོ་ནས་འཇུག སྲོག་འདོན་བྱ་བ་དང་། སྦྱིན་པ་གཏོང་བ་དང་། ཚངས་པར་སྤྱོད་པའི་སྒོ་ནས་འཇུག ངག་གི་སྒོ་ནས་སྡིག་པ་རྣམ་པ་བཞི་སྤང་སྟེ། བདེན་པར་སྨྲ་བ་དང་། ཕྲ་མ་མི་གཞུག་པ་དང་། ཞི་བར་སྨྲ་བ་དང་། ངག་འཁྱལ་བར་མི་སྨྲ་བའོ། །ཡིད་ཀྱི་སྡིག་པ་གསུམ་སྤོང་སྟེ། གདུག་སེམས་མི་བསམ་པ་དང་། ཕན་པར་བསམ་པ་དང་། དོན་མ་ལོག་པར་བསམ་པ་གསུམ་གྱི་སྒོ་ནས་འཇུག་པའོ། །སྤྱོད་པའི་ལས་ནི། བོན་སྤྱོད་བཅུ་གསུམ་སྤྱོད་པ་སྟེ། ལུས་ཀྱི་ལས་སུ་ཕྱག་དང་བསྐོར་བ། ངག་གི་ལས་སུ་སྙིང་པོ་དང་བཟླས་བརྗོད། ཡིད་ཀྱི་ལས་སུ་མོས་གུས་དང་ཏིང་འཛིན། རླུང་ལ་བརྟེན་པའི་རླུང་འཁོར། མེ་ལ་བརྟེན་པའི་སྦྱིན་སྲེག ཆུ་ལ་བརྟེན་པའི་ཆབ་གཏོར། ས་ལ་བརྟེན་པའི་མཆོད་རྟེན་ཚ་ཚ། མཎྜལ་འབུལ་བ། ཕྱག་དར་བྱ་བ། ཞིག་རལ་གསོལ་བ། ལམ་འཕྲང་བཅོས་པ། ཉེའུ་འདོན་པ། ཟང་ཟིང་གི་སྦྱིན་པ་འགྱེད་པའོ། །དགེ་བསྙེན་པའི་ཐེག་པའི་ངེས་ཚིག་ནི། གནས་གསུམ་དགེ་བར་བསྙེན་པས་དགེ་བསྙེན་ནོ། ཡང་ན་དགེ་བ་ལ་ཡིད་བསྙེན་པས་ན་དགེ་བསྙེན་ནོ། །

ཐེག་པ་དྲུག་པ་དྲང་སྲོང་ཐེག་པ།

ཐེག་པ་དྲུག་པ་དྲང་སྲོང་གི་ཐེག་པ། ཞུ་བ་པོ་རྣམ་དག་གཙུག་ཕུད། མཚན་གཞན་དྲང་སྲོང་རྒྱལ་བ། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་གྲངས་དྲུག་པའི་དུས། དྲང་སྲོང་ཐེག་པའི་གཞུང་ངོས་འཛིན། བསྲུང་ཁྲིམས་རྩ་བ་དང་ཡན་ལག་གི་མདོ་རྣམས་སོ། །དྲང་སྲོང་ཐེག་པའི་ལྟ་བ་ནི། ཐེག་པ་དམན་པའི་དབང་དུ་བྱས་ན། ཕྱི་གཟུང་བར་བྱ་བའི་ཡུལ་རྡུལ་ཕྲ་རབ་ཏུ་རྟོགས་ལ། ནང་འཛིན་པའི་ཤེས་པ་སྐད་ཅིག་མར་རྟོགས་ཏེ། དེ་གཉིས་དོན་དམ་དུ་ཡོད་པར་འདོད་པ་ནི་ལྟ་བའོ། །ཐེག་པ་འབྲིང་པོ་དྲང་སྲོང་སེམས་བདེན་དུ་སྨྲ་བའི་དབང་དུ་བྱས་ན། གཟུང་འཛིན་གཉིས་སྟོང་དུ་ལྟ་བ་དང་། །ཐེག་པ་ཆེན་པོ་དྲང་སྲོང་དབུ་མ་བདེན་གཉིས་ཀྱི་དབང་དུ་བྱས་ན། དོན་དམ་པར་ཡིན་ཚུལ་དུ་ཅི་ཡང་མ་གྲུབ་པ་སྤྲོས་བྲལ་དུ་ལྟ་བ་དང་། སྣང་ཚུལ་དུ་འགག་མེད་སྣང་ལ་རང་བཞིན་མེད་པར་ལྟ་བ་ནི་ལྟ་བའི་བཞེད་ཕུགས་སོ། ཆོག་ཆེན་དང་ཆོག་ཆུང་དུ་གྲགས་པའི་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་གཞུང་ཆོག་དུ་མ་ཞིག་དྲང་སྲོང་གི་བོན་སྡེ་རུ་གསལ་བ་ལྟར་ན། རྒྱུད་སྡེ་འོག་མའི་གཞུང་ལ་ཡང་དྲང་སྲོང་ཐེག་པའི་གཞུང་ཡོད་པའམ། ཡང་ན་བྱ་སྤྱོད་ཀྱི་ཐེག་པ་གཉིས་ཀྱང་དྲང་སྲོང་གི་ཐེག་པ་རུ་འདོད་དགོས་པ་གང་ཡིན་དཔྱད་དགོས་པར་མཐོང་ངོ་། །འཇུག་པའི་སྒོ་ནི་ཚད་མེད་པ་བཞི་དང་དགེ་བ་བཅུ་ཡི་སྒོ་ནས་འཇུག་པར་བྱེད་དོ། དེ་ཡང་བྱམས་པས་ཀུན་སྐྱོབས་པར་བྱེད་པ་དང་། སྙིང་རྗེས་གདུང་ཞིང་འཛིན་པར་བྱེད། དགའ་བས་སེམས་ཅན་གྱི་དོན་ལ་སྤྲོ་བ་བསྐྱེད། བཏང་སྙོམས་ཀྱིས་དགའ་བ་ལ་བྱེ་བྲག་མི་འབྱེད་པའོ། །སྤྱོད་པའི་ལས་ནི། རྩ་བ་བཞི་ལས་གྱེས་པའི་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། རྩ་བ་བརྒྱད་ལས་གྱེས་པའི་མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་དེ་རྣམས། ཁྲེལ་དང་ངོ་ཚ་དང་སྤྱོད་ལམ་དང་བག་ཟོན་བཞི་ཡི་སྒོ་ནས་སྲུང་བར་བྱེད་དོ། །དྲང་སྲོང་གི་ཐེག་པའི་ངེས་ཚིག་ནི། ལུས་སེམས་སྐྱོན་དང་བྲལ་བས་དྲང་སྲོང་ངོ་། །ཡང་ན་རང་རྒྱུད་དྲང་པོས་གཞན་རྒྱུད་འཁྱོག་པོ་སྲོང་བས་ན་དྲང་སྲོང་། ཡང་ན་གཡོ་སྒྱུ་མེད་པར་དྲང་པོར་སྲོང་བས་དྲང་སྲོང་ངོ་། །

ཐེག་པ་བདུན་པ་ཨ་དཀར་ཐེག་པ།

ཐེག་པ་བདུན་པ་ཨ་དཀར་གྱི་ཐེག་པ། ཞུ་བ་པོ་དབང་གཤེན་གཙུག་ཕུད། མཚན་གཞན་གསང་བ་འདུས་པ། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ། གསུངས་པའི་དུས་གཤེན་གྱི་དགུང་གྲངས་བདུན་པའི་དུས། །ཨ་དཀར་གྱི་ཐེག་པའི་གཞུང་གི་མཚན་གཞི་འགའ་ཙམ་ངོས་འཛིན། སྤྱི་སྤུངས་རྩ་བའི་རྒྱུད་གསུམ་དང་བདག་གཞན་རྒྱུད་སྒྲོལ་ཕུར་པའི་བོན་སྡེ་དབལ་ཕུར་རྒྱུད་དགུ་ལྟ་བུའོ། ཡོངས་འཛིན་ཆེན་མོའི་དགོངས་དོན་ལྟར་ན་གསས་མཁར་མཆོག་ལྔས་བསྡུས་པའི་བཀའ་ཐམས་ཅད་དོ། ཨ་དཀར་གྱི་ཐེག་པའི་ལྟ་བ་ནི། དཔེར་ན་ཆུ་ནང་དུ་ཟླ་བ་ཤར་བའམ། མཁའ་ལ་གཞའ་ཚོན་ཤར་བ་དང་འདྲ་སྟེ། སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད། ཡེ་ནས་རང་རིག་པའི་ཡེ་ཤེས་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལྷའི་གཞལ་ཡས་ཁང་དུ་རྟོགས་ལ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་སྐུར་སྣང་སྟེ། དེ་ཡང་སྣང་ལ་རང་བཞིན་མེད་པར་རྟོགས་པ་དེ་ལྟ་བའོ། །ཨ་དཀར་བའི་འཇུག་སྒོ་ནི། བསྙེན་པའི་གཞི་མ་སྒོ་དགུ། བསྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཆོང་ཆེན་སྡེ་དགུའི་སྒོ་ནས་འཇུག་གོ། ཨ་དཀར་བའི་སྤྱོད་པ་ནི། ལུས་ཀྱི་ལས་སུ་ཕྱག་རྒྱ་བསྒྱུར། ངག་གི་ལས་སུ་སྔགས་དང་སྙིང་པོ་བཟླ། ཡིད་ཀྱི་ལས་སུ་བསྐྱེད་རིམ་གཙོ་བོར་བྱེད་པ་ནི་སྤྱོད་པའི་ལས་སོ། །ཨ་དཀར་ཐེག་པའི་ངེས་ཚིག་ནི། འཕྲོ་འདུ་བག་ཆགས་དག་པས་ཨ་དཀར་རོ། །ཡང་ན་ཡི་གེ་ཨ་དཀར་གནས་སུ་དག་པ་ལས། ཡེ་ཤེས་ལྷ་ཡི་བསྙེན་སྒྲུབ་བྱེད་པས་ཨ་དཀར་རོ། །

ཐེག་པ་བརྒྱད་པ་ཡེ་གཤེན་ཐེག་པ།

ཐེག་པ་བརྒྱད་པ་ཡེ་གཤེན་གྱི་ཐེག་པ། ཞུ་བ་པོ་ཡེ་གཤེན་གཙུག་ཕུད། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་གྲངས་བརྒྱད་པའི་དུས། ཡེ་གཤེན་པའི་གཞུང་གི་མཚན་གཞི་འགའ་ཙམ་ངོས་འཛིན། ཀུན་མཁྱེན་ཉི་མའི་དགོངས་བཞེད་ལྟར་ན་ཡེ་གཤེན་བཀོད་པ་དོན་འབུམ་དེ་ཡེ་གཤེན་པའི་གཞུང་གི་མཚན་གཞིར་གསུངས། ཀུན་མཁྱེན་གྱི་བཀའ་བརྟེན་འགྱུར་སྒྲིག་ཚུལ་ལྟར་ན་ཀུན་གསལ་བྱམས་མའི་རྒྱུད་ལེའུ་བཅུ་གསུམ་པ་དང་རྩ་བའི་སྒྲུབ་པ་རྣམས་སོ། ལྷོ་གཏེར་ཐེག་དགུའི་རྣམ་བཞག་ལྟར་ན། བརྒྱད་པ་ཡེ་གཤེན་ཐེག་པ་ལ། ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད། ཕ་རྒྱུད་ལུང་ཆེན་ཀུན་བཟང་རྒྱུད། མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད། གཉིས་མེད་བྱམས་མ་ཆེན་མོའི་རྒྱུད། ཅེས་གསུངས། ཡོངས་འཛིན་སྨྲ་བའི་སེང་གེའི་དགོངས་དོན་ལྟར་ན། མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད། དྲན་པ་གསང་སྒྲུབ་ཁྲིད་གཞུང་། ཚེ་དབང་རྒྱ་གར་མའི་ཁྲིད་གཞུང་། རིག་འཛིན་འདུས་པའི་ཁྲིད་གཞུང་། དྲན་པ་ཆོག་དྲུག་གི་གཞུང་རྣམས་སོ། ཡེ་གཤེན་ཐེག་པའི་ལྟ་བ་ནི། སྣང་བ་མ་སྐྱེས་པའི་ཁ་ནས། རིག་པ་འགག་མེད་དུ་འཆར་བའམ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་དེའོ། ཡེ་གཤེན་པའི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་ཀྱི་སྒོ་ནས་འཇུག་སྟེ། དབྱིངས་ཞེས་བྱ་བ་ནི་ཀུན་གཞི་མ་གཡོས་པ་ཡིན་ལ། ཡེ་ཤེས་ནི་རིག་པ་གསལ་ལ་མ་འགག་པ་ཡིན་ཏེ། གསལ་ལ་མ་གཡོས་པའི་སྒོ་ནས་འཇུག་པའོ། ཡེ་གཤེན་པའི་ཐེག་པས་ཀྱང་སྣང་ཞིང་སྲིད་པ་གང་དུ་ཡང་མ་འགག་པའི་ཀློང་དེ་ན། སྐྱེ་བ་མེད་པའི་ཡེ་ཤེས་ཟང་ཐལ་དུ་ཤར་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བོན་གྱི་སྐུར་རྟོགས་པ་དེ་ལྟ་བའོ། ལྟ་བ་དེ་ཇི་ལྟར་སྤྱོད་ཅིང་བསྒོམ་ན། རིག་པ་རང་ལ་ལྷུན་གྱིས་རྫོགས་ཤིང་ཡེ་མ་བཅོས་པའི་ངང་ལས་སྙིང་པོ་བརྗོད་པའམ། ཏིང་ངེ་འཛིན་དྲན་པ་ཙམ་གྱིས་ལྷ་ཡི་སྐུ་རུ་འཆར་ཏེ། དེ་ཡང་ཐེག་པ་འོག་མ་བ་བཞིན་དུ་རྩོལ་བ་དང་བཅས་པ་དེ་མི་དགོས་ལ། ཏིང་ངེ་འཛིན་གྱི་བྱེ་བྲག་ཇི་སྙེད་ཐམས་ཅད། དཔེར་ན་རྒྱ་མཚོ་དྭངས་པའི་ནང་དུ། གཟའ་སྐར་ཤར་བ་དེ། མ་འདྲེས་ལ་ཡོངས་སུ་རྫོགས་པར་སྣང་བ་བཞིན་དུ། ཀུན་གཞི་མ་གཡོས་པའི་ནང་དུ། རྣམ་པར་དག་པའི་ལྷ་ཚོགས་གསལ་བ་དེ་ཡང་། མ་འདྲེས་ལ་ཡོངས་སུ་རྫོགས་པར་སྣང་ལ་རང་བཞིན་མེད་པར་གསལ་བའོ། །ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྤྱོད་པའོ། །ཡེ་གཤེན་གྱི་ཐེག་པའི་ངེས་ཚིག་ནི། སྐྱེ་འགག་མེད་པར་རྟོགས་པས་ཡེ་གཤེན་པའོ། །ཡང་ན་ཡིད་བཞིན་གྱི་དོན་སྒོམ་པས་ཡེ་གཤེན་པའོ། །

ཐེག་པ་དགུ་པ་ཁྱད་པར་བླ་མེད་ཀྱི་ཐེག་པ།

ཐེག་པ་དགུ་པ་བླ་མེད་ཀྱི་ཐེག་པ། ཞུ་བ་པོ་ཚད་མེད་གཙུག་ཕུད། མཚན་གཞན་ཚད་མེད་འོད་ལྡན་ཡང་གསལ། གསུང་པ་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། གསུངས་པའི་དུས་གཤེན་གྱི་དགུང་གྲངས་དགུ་པའི་དུས། བླ་མེད་ཐེག་པའི་གཞུང་གི་མཚན་གཞི་འགའ་ཙམ་ངོས་འཛིན། རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི། རྫོགས་ཆེན་གྱི་ལྟ་བ། ཐེག་པ་འོག་མ་བཞིན་དུ་གཟའ་གཏད་ཅན་དུ་མི་ལྟ་སྟེ། གཟའ་གཏད་ཐམས་ཅད་དང་བྲལ་བའི་མཐའ་བཞི་རྒྱ་གྲོལ་དུ་ལྟ་བའོ། །རྫོགས་ཆེན་གྱི་འཇུག་སྒོ་ངོས་འཛིན། ཐེག་པ་འོག་མ་བ་བཞིན་དུ་རྣམ་རྟོག་དང་གཟུང་འཛིན་དང་བཅས་ནས་མི་འཇུག་སྟེ། མཉམ་པ་ཉིད་གཉིས་སུ་མེད་པར་རང་འབྱུང་ཡེ་ཤེས་ཆེན་པོའི་སྒོ་ནས་རིག་པ་རྐྱང་དེད་གྱི་ལམ་ནས་འཇུག་པའོ། །རྫོགས་ཆེན་གྱི་སྤྱོད་པ་ནི། ཐེག་པ་འོག་མ་བཞིན་དུ་རྩོལ་བ་དང་བཅས་ནས་མི་འཇུག་སྟེ། མེད་པ་དང་། ཕྱལ་བ་དང་། གཅིག་པུ་དང་། རྩོལ་མེད་ལྷུན་གྲུབ་དང་བཞི་ཡི་སྤྱོད་པ་ལ་འཇུག་པའོ། །ཁྱད་པར་བླ་མེད་ཀྱི་ཐེག་པའི་ངེས་ཚིག་ནི། སྤྱི་ལུང་ཕུན་སུམ་ཚོགས་པས་ན་ཁྱད་པར་བའོ། །ཡང་ན་བྱ་རྩལ་ཐམས་ཅད་དང་བྲལ་བས་ནའོ། དགེ་བསྙེན་དང་དྲང་སྲོང་ཨ་དཀར་ཡེ་གཤེན་བླ་མེད་ཀྱི་ཐེག་པ་དང་ལྔ་ལ་འབྲས་བུའི་ཐེག་པ་བྱ། གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཚུལ་ཇི་ལྟར་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་ཆ་ནས་ཡིན་པར་གསུངས། སྤྱིར་ཐེག་དགུའི་རྣམ་བཞག་ལ་ལྷོ་གཏེར་བོད་ཀྱི་ཐེག་དགུའི་རྣམ་བཞག་ཕྱྭ་སྣང་འཕྲུལ་སྲིད་སོགས་དང་། བྱང་གཏེར་ཞང་ཞུང་གི་ཐེག་དགུའི་རྣམ་བཞག་སྣང་ལྡན་རང་ལྡན་བཞེད་ལྡན་སོགས་དང་། དབུས་གཏེར་རྒྱ་གར་གྱི་ཐེག་དགུའི་རྣམ་བཞག་ལྷ་མི་རང་རྟོགས་ཐུགས་རྗེ་སེམས་དཔའ་སོགས་སུ་འཆད་སྲོལ་ཡོད་པ་ལྷོ་གཏེར་ཐེག་དགུའི་རྣམ་བཤད་ལས་གསལ། དེ་ཡང་དབུས་གཏེར་ཐེག་དགུའི་བོན་འཁོར་རྣམས་གཙོ་བོ་སྤྱི་དོན་རྣམ་པ་བདུན་དང་འབྲེལ་ནས་གསུངས་པ་དང་། ལྷོ་བྱང་གཉིས་གཙོ་བོ་འཇུག་སྒོ་དང་སྤྱོད་པ་དང་ལག་ལེན་གྱི་སྒོ་ནས་གསུངས། ལྷོ་གཏེར་གྱི་ཐེག་དགུ་རེ་རེ་ལ་ཐུན་མོང་མ་ཡིན་པའི་ཞུ་འཁོར་རེ་ཡོད་པ་དང་། དབུས་གཏེར་ལ་ལྷ་རབ་སྒམ་གསུམ་གྱིས་ཐུན་མོང་དུ་ཞུས་པ་ལས་དབུས་ཐེག་རེ་རེ་ལ་ཐུན་མོང་མ་ཡིན་པའི་ཞུ་འཁོར་མ་གསལ། ལྷོ་གཏེར་གྱི་ཐེག་དགུའི་གཞུང་ལ་ཡང་ནང་གསེས་འཕྲུལ་གཤེན་དང་ཨ་དཀར་ཐུན་མོང་གི་གཞུང་དབལ་མོ་ལས་ཐིག་ལྟ་བུ་ཐུན་མོང་དུ་བྱུང་བ་དང་། ལྷ་ཡང་དབལ་གསས་རྔམ་པ་ལྟ་བུ་ཐུན་མོང་དུ་བྱུང་ན་ཡང་། སྒྲུབ་ཐབས་ཀྱི་ལག་ལེན་མི་འདྲ་བ་འཕྲུལ་གཤེན་པས་རྫུ་འཕྲུལ་བཅུ་གསུམ་གྱི་སྒོ་ནས་སྒྲུབ་པའི་ཚུལ་དང་། ཨ་དཀར་བས་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་སྒྲུབ་ཚུལ་ཁྱད་པར་ཆེ་བར་མཐོང་། བྱང་གཏེར་ནི་མིང་ཙམ་ལས་གཞུང་འགྲེལ་རྒྱས་པ་མཇལ་ཡུལ་དུ་མ་གྱུར་པས་བཤད་མ་ནུས་སོ། །ལྷོ་གཏེར་ལས་བྱུང་བའི་ཐེག་དགུའི་བོན་འཁོར་རྣམས་བཀའ་འཁོར་དང་པོའི་ཁོངས་སུ་གསུངས་པ་མཛད་མདོ་རྒྱས་འབྲིང་གཉིས་ལས་གསལ། དབུས་གཏེར་ལས་བྱུང་བའི་ཐེག་དགུའི་བོན་འཁོར་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་མདོ་འགྲེལ་མེ་ལོང་དགུ་བསྐོར་རྣམས་རྫོགས་ཆེན་ཡེ་ཁྲིའི་ཆ་ལག་ཡིན་ཕྱིར་བཀའ་འཁོར་ཐ་མའི་ཁོངས་སུ་གསུངས་པ་ལུང་རིག་གཉིས་ཀྱིས་གྲུབ། བྱང་གཏེར་ལས་བྱུང་བའི་ཐེག་དགུའི་བོན་འཁོར་རྣམས་བཀའ་འཁོར་ཐོག་མཐའ་བར་གསུམ་གང་གི་ཁོངས་སུ་གསུངས་པ་ཁོ་བོས་མཇལ་ཡུལ་དུ་མ་གྱུར་པས་སྡོམ་ཚིག་སྤེལ་མ་ནུས་སོ། །

ལྷོ་གཏེར་གྱི་ཐེག་པ་རིམ་དགུའི་ལྟ་བའི་ཚད་དགུ་ངོས་འཛིན།

ཁྱད་པར་ཆེན་པོའི་ལྟ་བའི་ཚད་ནམ་མཁའ་ལ་བོར། ཡེ་གཤེན་པའི་ལྟ་བའི་ཚད་ནམ་མཁའ་ལ་ཉི་མ་ཤར་བའམ་གཞའ་ཚོན་གྱིས་བྲིས་པ་ལ་བོར། ཨ་དཀར་བའི་ལྟ་བའི་ཚད་རུས་སྦལ་རྒྱ་མཚོར་སྐུམ་པ་ལ་བཞག། དྲང་སྲོང་གི་ལྟ་བའི་ཚད་རྒུན་གྱི་འཁྱག་པ་དབང་ལ་བཏབ་པ་ལ་བོར། དགེ་བསྙེན་པའི་ལྟ་བའི་ཚད་ནམ་མཁའ་ལས་ཆར་བབ་པ་ལ་བོར། སྲིད་གཤེན་པའི་ལྟ་བའི་ཚད་རྨི་ལམ་ལ་བོར། འཕྲུལ་གཤེན་པའི་ལྟ་བའི་ཚད་སེང་གེ་རྩལ་ཆེན་ལ་བོར། སྣང་གཤེན་པའི་ལྟ་བའི་ཚད་ལྷ་སྲིན་ཚོང་དུས་ཀྱི་ལོ་ཙཱ་བ་ལ་བོར། ཕྱྭ་གཤེན་པའི་ལྟ་བའི་ཚད་སོ་པ་ལ་ཁར་བཞག་པ་ལ་བོར་བ་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་གབ་འགྲེལ་ཀུན་བཟང་དགོངས་རྒྱན་ལས། ཁྱད་པར་ཆེན་པོའི་ལྟ་བའི་ཚད་ནི། ནམ་མཁའ་ལ་བོར་ཏེ་བཞག་པའི་དོན། སྤྲོས་པའི་མཚན་མ་དང་བྲལ་བ་ལ་སོགས་པའོ། །ཡེ་གཤེན་པའི་ལྟ་བའི་ཚད་ནི། གསལ་ལ་རང་བཞིན་མེད་པ་ནམ་མཁའ་ལ་ཉི་མ་ཤར་བའམ། སྣང་ལ་རང་བཞིན་མེད་པ་གཞའ་ཚོན་གྱིས་བྲིས་པ་ལ་བོར་ཞིང་བཞག་པའོ། །ཨ་དཀར་བའི་བསྐྱེད་རིམ་ཟུང་འབྲེལ་ཕྱི་ནང་གསང་བར་སྦས་པའི་ལྟ་བའི་ཚད་ནི། རུས་སྦལ་རྒྱ་མཚོ་བས་སྐུམ་པ་ལ་བོར་ཞིང་བཞག་པའོ། །དྲང་སྲོང་བའི་ལྟ་བའི་ཚད་ནི། བསྲུང་ཁྲིམས་ལ་ཉམས་ཞིག་མེད་པར་འདོད་པ་ནིི། རྒུན་གྱི་འཁྱག་པ་དབང་ལ་བཏབ་པ་ལ་བོར་ཞིང་བཞག་པའོ། །དགེ་བསྙེན་པའི་སྦྱིན་པ་ཕྱོགས་མེད་དུ་གཏོང་བར་འདོད་པའི་ལྟ་བའི་ཚད་ནི། ནམ་མཁའ་ལས་ཆར་བ་བབ་པ་ལ་བོར་ཞིང་བཞག་པའོ། །སྲིད་གཤེན་པས་གསོན་གཤིན་མཚམས་བརྡ་འཕྲོད་པར་འདོད་པའི་ལྟ་བའི་ཚད་ནི། རྨི་ལམ་ལ་བོར་ཞིང་བཞག་པའོ། །འཕྲུལ་གཤེན་པས་རྩལ་དང་རྫུ་འཕྲུལ་གྱི་གདུག་སེམས་ཀྱིས་དགྲ་བགེགས་བསྒྲལ་བར་འདོད་པའི་ལྟ་བའི་ཚད་ནི། སེང་གེ་རྩལ་ཆེན་པོ་ལ་བོར་ཞིང་བཞག་པའོ། །སྣང་གཤེན་པས་ལྷ་འདྲེའི་བར་དུ་བརྡ་སྤྲོད་ལ་སོགས་པའི་ལྟ་བའི་ཚད་ནི། ལྷ་སྲིན་ཚོང་འདུས་ཀྱི་ལོ་ཙྭ་བ་ལ་བོར་ཞིང་བཞག་པའོ། །ཕྱྭ་གཤེན་པའི་ལྟ་བའི་ཚད་ནི། སོ་བ་ལ་ཁར་བཞག་པ་ལ་བོར་ཞེས་བྱ་སྟེ། ཕྱི་ནང་དང་སྔ་ཕྱིའི་བྱ་ར་བྱེད་པའི་ཕྱིར་རོ། །ཞེས་གསུངས།

ལྷོ་གཏེར་ཐེག་དགུའི་ལྷ་དགུ་དང་བསྟན་འཛུགས་གཤེན་པོ་དགུ་ཡི་ངོས་འཛིན།

ཕྱྭ་གཤེན་ཐེག་པའི་བསྒྲུབ་བྱའི་ལྷ་དཀྱེལ་ཕུ་ཝེར་དཀར་པོ། སྣང་གཤེན་ཐེག་པའི་གར་གསས་བཙན་པོ། འཕྲུལ་གཤེན་ཐེག་པའི་དབལ་གསས་རྔམ་པ། སྲིད་གཤེན་ཐེག་པའི་འདུར་གསས་རྨང་པོ། དགེ་བསྙེན་ཐེག་པའི་ལྷ་ཡེ་མཁྱེན་འཕྲུལ་གྱི་རྒྱལ་པོ། དྲང་སྲོང་ཐེག་པའི་གཡུང་དྲུང་ཚེའི་རྒྱལ་པོ། ཨ་དཀར་ཐེག་པའི་ཁྲོ་བོ་ཆེན་པོ་མཁའ་འགྱིང་ཁ། ཡེ་གཤེན་ཐེག་པའི་གཡུང་དྲུང་ཡེ་དབང་གི་རྒྱལ་པོ། ཁྱད་པར་གྱི་ཐེག་པའི་གཡུང་དྲུང་མི་འགྱུར་བའི་ལྷ། ཕྱྭ་གཤེན་གྱི་བསྟན་པ་འཛུགས་མཁན་ལྷ་ཀུ་བྱི་མང་སྐེ། སྣང་གཤེན་གྱི་བསྟན་པ་འཛུག་མཁན་མི་བོན་ལྷ་བོན་རྒྱ་བྲི་དང་སྣར་བ། འཕྲུལ་གཤེན་ཐེག་པའི་བསྟན་པ་འཛུགས་མཁན་དབལ་བོན་སྟག་ལ་མེ་འབར། སྲིད་གཤེན་ཐེག་པའི་བསྟན་པ་འཛུགས་མཁན་འདུར་གཤེན་རྨ་འདངས། དགེ་བསྙེན་ཐེག་པའི་བསྟན་པ་འཛུགས་མཁན་གཤེན་ཚངས་པ་གཙུག་ཕུད། དྲང་སྲོང་ཐེག་པའི་བསྟན་པ་འཛུགས་མཁན་གཤེན་དྲང་སྲོང་རྒྱལ་བ། ཨ་དཀར་ཐེག་པའི་བསྟན་པ་འཛུགས་མཁན་གཤེན་གསང་བ་འདུས་པ། ཡེ་གཤེན་ཐེག་པའི་བསྟན་པ་འཛུགས་མཁན་ཡེ་གཤེན་གཙུག་ཕུད། ཁྱད་པར་གྱི་ཐེག་པའི་བསྟན་པ་འཛུགས་མཁན་གཤེན་ཚད་མེད་འོད་ལྡན་ནོ། །དེ་ལྟར་བསྒྲུབ་བྱ་ལྷ་དང་སྒྲུབ་བྱེད་གཤེན་དང་སྒྲུབ་ཐབས་བོན་གྱི་ལག་ལེན་ཐུན་མོང་མ་ཡིན་པའི་ཚུལ་འདི་རྣམས་བོན་གཞུང་གི་དཔེ་རྙིང་འགངས་ཆེན་བླ་མེད་རྫོགས་པ་ཆེན་པའི་བཀའ་སེམས་སྨད་སྡེ་དགུའི་ནང་ཚན་རིག་པ་ཁུ་བྱུག་གི་འགྲེལ་ལས་གསལ་བས་དེར་གཟིགས་པར་མཛོད། ལྷ་དཀྱེལ་ཕུ་ཝེར་དཀར་པོ་དང་། འདུར་གསས་རྨང་པོ་དང་། ཡེ་མཁྱེན་འཕྲུལ་རྒྱལ་དང་། གཡུང་དྲུང་ཚེའི་རྒྱལ་པོ་དང་། གཡུང་དྲུང་ཡེ་དབང་རྒྱལ་པོ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་རྣམས་འབྲི་བར་འདོད་ཀྱང་མཐོང་རྒྱ་ཞན་པས་མ་རྙེད་སྟབས་དེ་ཙམ་གྱིས་འཐུས་པར་བྱས།
གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བཅོ་བརྒྱད་པའི་སྐབས་སུ་ཁོ་བོའི་བགྲོ་གླེང་གི་བརྗོད་བྱ་འདི་ཉིད་ཡིན་འདུག་པར་བརྟེན། དགའ་ཞིང་སྤྲོ་བའི་ངང་ནས་ལྷོ་གཏེར་ཐེག་དགུའི་རིམ་པ་རྣམས་མཛད་མདོ་རྒྱས་པ་གཟི་བརྗིད་དང་། བླ་ཆེན་དྲན་པས་མཛད་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ། དཔེ་རྙིང་འགངས་ཆེན་སེམས་སྨད་སྡེ་དགུའི་ནང་ཚན་རིག་པ་ཁུ་བྱུག་གི་རྩ་འགྲེལ་གཉིས། བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་འགྲེལ་ཡིད་བཞིན་བཀོད་པའི་རྒྱན། རྗེ་བདག་ཉིད་ཆེན་པོས་མཛད་པའི་གབ་འགྲེལ་ཀུན་བཟང་དགོངས་རྒྱན། མཛད་བྱང་མི་གསལ་བའི་དཔེ་རྙིང་འགངས་ཆེན་ལྷོ་གཏེར་ཐེག་དགུའི་རྣམ་བཞག ཀུན་མཁྱེན་གྱིས་མཛད་པའི་ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་བཅས་ལས་རྩལ་དུ་བཏོན་ནས་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་ཟུར་དུ་ཕྱུང་བ་ལས་རང་གིས་བརྩམས་པ་དང་རྟོག་བཟོ་བྱས་པ་རྡུལ་ཙམ་ཡང་མེད་དོ། །

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།