སུམ་པ་གླང་གི་གྱིམ་ཤོད་ཀྱི་གནས་ཡུལ་དང་གླང་ཞེས་པའི་ཐ་སྙད་ཐོགས་ཚུལ་ལ་དཔྱད་པ།

རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ནང་དོན་གནད་བསྡུས།

རྩོམ་འདིར་ལོ་ངོ་དྲུག་བརྒྱ་ལྷག་གི་གོང་དུ་བྱོན་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་སོགས་རིག་འཛིན་རྣམ་བཞིའི( བློ་ལྡན་སྙིང་པོ།  སངས་རྒྱས་གླིང་པ།  གསང་སྔགས་གླིང་པ།  བདེ་ཆེན་གླིང་པ།) གཏེར་སྙན་སོགས་ལ་གཞི་བཅོལ་བ་དང་ཡུལ་དངོས་ཀྱི་བབ་ལ་བརྟག་སྟེ།   སུམ་པ་གླང་གི་གྱིམ་ཤོད་ཀྱི་གནས་ཡུལ་དང་གླང་ཞེས་པའི་མིང་ཐོགས་ཚུལ།  ས་གནས་འདི་གཡུང་དྲུང་བོན་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ཚུལ་དང་སུམ་པའི་རྒྱལ་ཁམས་ཀྱི་ཡུལ་དབུས་ཡིན་པའི་གནད་དོན་སྐོར་ཞིག་གླེང་ཡོད།

གཙོ་གནད་མིང་བརྡ། སུམ་པ་གླང་གི་གྱིམ་ཤོད། བོད་གླང་སྤེ་ནེ་རི་བཀྲ། ཤེལ་ལེ་རྒྱ་གར། རྒྱ་ཤོད་སྟག་པ་ཚལ།  

གླེང་གཞི།

སྤྱིར་ན་ལོ་རྒྱུས་ལ་དཔྱད་པ་གཏོང་བ་ནི་ལོ་རྒྱུས་ཀྱི་དོན་དངོས་འཚོལ་ཞིབ་བྱེད་པའི་ཆེད་དུ་ཡིན་པ་ལས། ཆོས་ལུགས་དང་ཡུལ་གྲུ་སོགས་ཀྱི་ཕན་ཚུན་ཁ་ཕོ་ཤེད་དང་ཀླད་ལ་རྒྱ་རྩོད་བྱེད་ཅིག་མ་ཡིན་པ་ཤེས་དགོས་པ་ནི། ཞིབ་འཇུག་པ་ཞིག་གི་མ་མཐའི་འགན་འཁྲི་དེ་ཡིན་པ་མཁས་པ་དག་གིས་བཞེད། ཕྲན་རང་གིས་ད་ལན་སུམ་པ་གླང་གི་གྱིམ་ཤོད་ཀྱི་སྐོར་ནས་ལོ་རྒྱུས་ཡིག་ཚང་ལ་གཞི་བཅོལ་བ་དང་ས་གནས་དངོས་ཀྱི་བབ་ལ་གཞིག་པ།  ཡུལ་དངོས་ཀྱི་རྒན་རབས་དག་ལ་བཀའ་འདྲི་ཞུས་ཏེ་ཅུང་ཟད་འཆད་ཁུལ་ཡིན།    

    སྤྱིར་སུམ་པ་གླང་གི་གྱིམ་ཤོད་ཀྱི་སྐོར་ནས་དོ་སྣང་དང་དཔྱད་རྩོམ་འབྲི་མཁན་དུ་མ་ཞིག་བྱུང་ཡོད་ལ།འདོད་སྟངས་འདྲ་མིན་དང་ལྟ་ཚུལ་མི་མཐུན་པ་དུ་མ་ཞིག་བྱུང་ཡོད། དཔེར་ན། སུམ་པ་ཞེས་པའི་རྒྱལ་ཕྲན་དེ་གང་ཞིག་ན་ངོས་འཛིན་དགོས་པ་དང་གླང་ཞེས་པ་དེ་མཛོ་ལ་གོ་དགོས་སམ་གླང་ཆེན་ལ་གོ་དགོས་པ་སོགས་ལྟ་ཚུལ་སྣ་མང་བྱུང་འདུག ཕྲན་ནས་དེ་དག་རེ་རེ་བཞིན་འདིར་དྲང་རྒྱུ་མ་ཡིན་པར་ལོ་རྒྱུས་ཡིག་ཚང་ལ་གཞི་བཅོལ་ཏེ་རང་གི་དཔྱད་འབྲས་དག་དོན་ཚན་བཞི་ཡི་སྒོ་ནས་འདིར་གླེང་རྒྱུ་ཡིན།  

དང་པོ།  སུམ་པ་གླང་གི་གྱིམ་ཤོད་བོན་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་པ། 

སྤྱིར་ལོ་རྒྱུས་ཡིག་ཚང་ཁག་ན་སུམ་པ་ཞེས་པའི་ཐ་སྙད་མང་དུ་བྱུང་ཡོད་མོད། སྐབས་འདིར་གཙོ་བོ་སུམ་པ་གླང་གི་གྱིམ་ཤོད་འདི་ཉིད་བོན་གྱི་ས་གནས་གལ་ཆེན་ཞིག་ཡིན་པའི་སྐོར་གྱི་ཡིག་ཚང་འགའ་དྲངས་ཡོད། དེ་ཡང《ལེགས་བཤད་མཛོད།》ནང་དུ་བསྒྲགས་བྱང་ལས་ལུང་དྲངས་པ།“ཁྱུང་ལུང་དངུལ་མཁར་སོགས་ནས་སུམ་པ་གླང་གི་གྱིམ་ཤོད། ཤེལ་ལེ་རྒྱ་སྐར་དང་སོ་བདུན་ནོ།།”①ཞེས་བོན་གྱི་འདུ་གནས་སོ་བདུན་གྱི་གྲལ་ལ་བགྲངས་ཡོད་པ་རེད། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》ལས། གསས་མཁར་སྤྱི་སྤུངས་བཤད་བྱང་ལས་ལུང་དྲངས་པ། “ཞང་ཞུང་སྒོ་མོ་གྱིམ་ཤོད་ཤེལ་བྲག་ཏུ་བསྒྲུབས།” ཞེས་དང་དེ་ཉིད་ལས“དེ་ནས་རྒྱལ་གཤེན་ལས་རང་དབང་ལ་མངའ་བའི་མཐོ་ཁྱུང་ལུང་དངུལ་མཁར་ཞང་ཞུང་ཁ་ཡུག་མན་ཆད།  དམའ་ཤེ་ལེ་རྒྱ་དཀར་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད།”②ཞེས་སོགས་མུ་ཁྲི་བཙན་པོ་སོགས་བོན་གཤེན་རིག་འཛིན་རྣམས་ཀྱིས་སྒྲུབ་གནས་བྱས་པ་གསལ་ཞིང་།  《རྩ་རྒྱུད་ཉི་སྒྲོན།》ལས“ མཐོ་ཁྱུང་ལུང་དངུལ་མཁར། དམའ་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དུ་སྲིད་པའི་བོན་དར་ཞིང་རབ་ཏུ་གཉན་པར་བཞུགས་སོ།། ”③ཞེས་མཁས་པ་མི་བཞིའི་སྐུ་ཚེའི་སྟོད་ལ་བོན་དར་ཚུལ་གསལ་ལོ།། 《སྲིད་པ་རྒྱུད་ཀྱི་ཁ་བྱང་།》ལས“མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་དང་། སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དུ། གྲུབ་ཐོབ་མཁས་པ་མི་བཞི་དང་། ལོ་ཙྭ་བ་ཆེན་པོ་བརྒྱད། མཐུ་པོ་ཆེ་མི་དགུ་དང་། བོན་ཆེན་ཉི་ཤུ་རྩ་བཞི་དང་། དེ་རྣམས་ཀྱི་རིང་ལ་བོན་དང་གཤེན་དར།”④ཞེས་འཁོད་ཡོད་པར་བལྟས་ན་སུམ་པ་གླང་གི་གྱིམ་ཤོད་ནི་བོན་བསྟན་དར་སའི་གནས་གལ་ཆེན་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ།

    གཞན་ཡང་བོན་དར་ནུབ་སྐབས་བོན་གཤེན་རིག་འཛིན་རྣམས་དབུས་ནས་མར་གཤེགས་ས་དང་བོན་གཏེར་སྦས་པའི་ས་གནས་གལ་ཆེན་ཞིག་ཀྱང་ཡིན་ཏེ། 《 སྲིད་པ་རྒྱུད་ཀྱི་ཁ་བྱང་།》ལས།“  སུམ་པ་གླང་གི་གྱིམ་ཤོད་དུ་གཤེགས་སོ།།”⑤ཞེས་ཁྲི་སྲོང་གིས་བོན་སྣུབ་སྐབས་རིག་འཛིན་རྣམས་བོད་ཡུལ་དབུས་ནས་ཤར་ཕྱོགས་སུམ་གླང་གྱིམ་ཤོད་ཡུལ་དུ་གཤེགས་པ་དང་། 《 རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ།》ལས“ སྔོན་སྐལ་པ་དུས་ཀྱི་གནས་སྐབས་ལ།  བསྟན་པ་དར་ལྡིང་བྱུང་བའི་དུས།  སློབ་དཔོན་སྟོང་རྒྱུང་མཐུ་ཆེན་དང་།  མཁས་པ་སེ་ལྡེ་མེ་གསུམ་དང་།  བླ་ཆེན་དྲན་པ་ཡབ་སྲས་དང་།  གྲོལ་ཐོབས་རིག་འཛིན་ཀུན་ཚོགས་ནས།  བོན་སྒོ་ཕྱི་ནང་གསང་གསུམ་དང་།  གཏེར་ཁ་སུམ་བརྒྱ་དྲུག་ཅུ་སྤྲོས།  ཡང་གཏེར་སྟོང་དང་རྩ་གཉིས་སྦས།  ཁྱད་པར་གླང་པོ་གྱིམ་ཤོད་ཀྱི།  གསང་བ་གཏེར་གྱི་སྦས་ཚུལ་ནི། ”⑥ཞེས་རིག་འཛིན་རྣམས་གནས་འདིར་འཚོགས་ནས་གཏེར་སྦས་པ་གསལ།  གཞན་ཡང《ལེགས་བཤད་མཛོད།》ལས། “ འབུམ་ཕྲན་བརྒྱ་དང་རྩ་བརྒྱད་ཡོད་པའི་གཟུངས་ཀྱི་འབུམ་ནི་སུམ་པ་གླང་གི་གྱིམ་ཤོད་ལ་སྦས།”ཞེས་དང་།   དེ་ཉིད་ལས།“དེ་ཡང་བོད་དུ་སྦས་ས་ནི། ནུབ་ཕྱོགས་ཨུ་རྒྱན་དང་བོད་ཀྱི་མཚམས་ཞང་ཞུང་ཆུང་ལུང་དང་། ཤར་རྒྱ་དང་བོད་ཀྱི་ས་མཚམས་སུམ་པ་གླང་གི་གྱིམ་ཤོད།”⑦ཅེས་ཁྲི་སྲོང་ལྡེ་བཙན་གྱིས་བོན་སྣུབ་སྐབས་བོན་སྡེ་གཏེར་དུ་སྦས་སའི་གནས་རྩ་ཆེན་ཞིག་ཡིན་པ་འཁོད་ཡོད།

གཉིས་པ།  སུམ་པ་གླང་གི་གྱིམ་ཤོད་ཀྱི་གནས་ཡུལ་གང་ཡིན་པ།

    དེ་ཡང་བོད་ཀྱི་ཡིག་ཚང་གྲགས་ཅན《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ 》ལས“ ཡུལ་འཛིན་སྔ་བ་ཡང་གསེར་པས་གསེར་རིས་བཟུང་། གཡུ་པས་གཡུ་རིས་བཟུང་། རུ་དཔོན་གྱིས་སུམ་ཅུ་པ་རླངས་ཀྱི་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང་། ”⑧ ཞེས་སུམ་པ་གླང་གི་གྱིམ་ཤོད་ཡུལ་དུ་བྲག་ཤེལ་ལེ་རྒྱ་གར་དང་རྟ་ཤོད་ལུང་དམར་ཡོད་པ་བཤད་ལ། བློ་ལྡན་སྙིང་པོའི(1360ལོར་འཁྲུངས) མགུར་འབུམ《མན་ངག་བཀའ་རྒྱ་བཀྲོལ་ཚུལ་གྱི་ལེའུ།》ལས།  “ལྷོ་རྔུལ་རྫ་གཉིས་ཀྱི་བར་མཚམས་ན། སུམ་པ་གླང་གིས་གྱིམ་ཤོད་ཀྱིས། ཤེལ་ལེ་རྒྱ་དཀར་གནས་མཆོག་ཏུ། བདེར་གཤེགས་འདུས་པའི་སྒྲུབ་པ་གྱིས།”ཞེས་དང་།  དེ་ཉིད་ལས “ཤར་ཐང་ལྷ་གཉེན་གྱིས་ར་རྒྱུད་ཡིན།  རྔུལ་རྫ་ཟིལ་མོ་སྒང་རིང་དུ། སུམ་པ་གླིང་གི་གྱིམ་ཤོད་དེ།  རི་རྒྱུད་དར་དཀར་ཡོལ་བ་ལ། ཤེ་ལེ་རྒྱ་སྐར་གནས་མཆོག་ཡོད།”⑨ཅེས་མདོ་ཁམས་སྒང་དྲུག་ལས་རྔུལ་རྫ་ཟིལ་མོ་སྒང་དུ་ཡོད་པ་བསྟན་ལ། བློ་ལྡན་དེ་ཉིད་ཀྱིས་མཛད་པའི《རྩེ་དྲུག་གནས་ཀྱི་དཀར་ཆག་མཐོང་བ་དོན་གསལ》ལས“ བོད་ཁ་བ་ཅན་གྱི་གནས་ཆེན། སུམ་པ་གླང་གི་གྱིམ་ཤོད།  ཤེ་ལེ་རྒྱ་སྐར་གྱི་རྫོང”⑩ཅེས་དང་། སངས་རྒྱས་གླིང་པའི(1705ལོར་འཁྲུངས)གཏེར་མ《 བླ་མ་རིག་འཛིན་དགོངས་པ་འདུས་པ། 》ལས“འདི་ནས་ཤར་ཕྱོགས་མདོ་ཁམས་ཟལ་མོའི་སྒང་ཿ ཐང་ལྷ་རི་རྒྱུད་སུམ་པ་གླང་གི་ཡུལཿ ཞང་ཞུང་ཁ་ཡུག་གྱིམ་ཤོད་ཤེལ་བྲག་རྫོངས། ”(11)ཞེས་དང་།  གསང་སྔགས་གླིང་པའི(1864ལོར་འཁྲུངས)གཏེར་མ《མཁའ་གསལ་ཉི་མའི་སྣང་བ 》ལས“ ཟབ་མོ་སྒང་གི་ཁ་ཡུག་གྱིམ་ཤོད་ཡུལ།  ཤོད་ཆེན་རྩ་བ་ཤེལ་བྲག་ནམ་མཁའི་རྫོང་།”(12)ཞེས་དང་། བདེ་ཆེན་གླིང་པས(1833ལོར་འཁྲུངས)གཏེར་ལ་བཏོན་པའི《ཁ་བྱང་གཏེར་གྱི་དཀར་ཆག》ལས“ཆུ་སྦྲུལ་ལོ་བ་བདེ་ཆེན་གླིང་བ་རྩལ། སྐྱེས་དང་འཕྲིན་ལས་རྟགས་ལྡན་བརྡ་ཅན་འབྱུང་། རྟེན་འབྲེལ་དང་པོ་གྱིམ་ཤོད་ཤེལ་བྲག་ཚལ།”(13)ཞེས་སོགས་རིག་འཛིན་རྣམ་བཞིའི་གཏེར་མ་དང་མགུར་འབུམ་རྣམས་སུ་ཡང་ཡང་གསལ་བས་སུམ་པ་གླང་གི་གྱིམ་ཤོད་ཀྱི་གནས་ཡུལ་ནི་མདོ་ཁམས་ཟིལ་མོ་སྒང་ཡིན་པ་དང་། ཤེལ་ལེ་རྒྱ་སྐར་རམ་ད་ལྟ་ཁྱུང་པོ་སྟེང་ཆེན་རྩེ་དྲུག་དགོན་དང་འབྲེལ་བའི་ས་གནས་སུ་ཆགས་ཡོད་པ་ཤེས་ཐུབ། འདིའི་སྐོར་ད་དུང་འོག་ནས་འབྱུང་བ་ཡིན་ནོ།།

གསུམ་པ།  སུམ་པ་གླང་གི་གྱིམ་ཤོད་ལསགླངཞེས་པའི་ཐ་སྙད་ཐོགས་ཚུལ་ལ་དཔྱད་པ། 

  སྐབས་འདིའི་གླང་ཞེས་པའི་ཐ་སྙད་འདི་ནི་དེ་སྔོན་ཅུང་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཆགས་ཡོད་ཅིང་། དེང་གི་ཞིབ་འཇུག་པ་འགས་འདི་ཡིག་ནོར་ཡིན་པ་གླེང་ཡོད། དེར་ལོ་རྒྱུས་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་དྲི་བའི་ལམ་ནས་དགག་པ་བྱས་འདུག་ཅིང་།  ཁོང་གིས་མཛོ་སུམ་པ་ཞེས་སོགས་ཀྱི་ཚིག་དྲངས་ཏེ་སུམ་པ་གླང་ཞེས་པའི་གླང་ནི་མཛོ་ལ་གོ་དགོས་པའི་དཔྱད་གཏམ་སྤེལ་འདུག  ཕྲན་རང་གིས་ད་ལན་ཡིག་ཚང་རྙིང་པ་ཁག་ལ་གཞི་བཅོལ་བ་དང་ས་གནས་དངོས་ལ་ཞིབ་འཇུག་བྱས་པ་རྒན་རབས་ཀྱི་ངག་ལ་འདྲི་བ་སོགས་བྱས་པ་བརྒྱུད། གླང་ཞེས་པ་ནི་མཛོ་ལ་གོ་རྒྱུ་མ་ཡིན་ལ་དེ་བས་ཡིག་ནོར་ཡིན་པ་ཡང་ཐག་གཅོད་རྒྱུ་མ་ཡིན་པར་གླང་པོ་ཆེ་ལ་ངོས་འཛིན་རྒྱུ་ཡིན། དེ་ཡང་སྤྲུལ་སྐུ་བློ་ལྡན་གྱི་སྙན་རྒྱུད《རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ།》ལས“རྩེ་དྲུག་ལྷུན་པོ་གཙུག་གིས་རྩེ། ཤེ་ལེ་རྒྱ་སྐར་གསང་བའི་གནས། གྱིམ་ཤོད་བྲག་དཀར་ཡང་རྩེ་ལ། རྩེ་མི་འགྱུར་བའི་རྟགས་བཞི་ཡོད། ཤར་མི་འགྱུར་ཆུ་བོ་རྒྱུན་གྱི་རྟགས། འཛུམ་དྲུག་ཁ་ལ་ཆུ་འཁྱིལ་ཡོད། བྱང་མི་འགྱུར་བྱེ་རི་དམར་མོ་ལ། བྱ་དམར་རྟགས་ལ་ཟེ་བ་ཡོད། ནུབ་མི་འགྱུར་བྲག་ལ་རུ་སྦལ་ཡོད། གབ་པའི་རྟགས་ལ་བང་རིམ་ཡོད། ལྷོ་མི་འགྱུར་གཡུ་བུན་ལུང་བཙན་ལ། ཁ་རླང་རྟགས་ལ་གཡུ་བུན་ཡོད། རྩེ་མི་འགྱུར་སྲུངས་བའི་རྟགས་བཞི་ཡིན། རྟགས་མི་འགྱུར་བའི་འཛེར་བཞི་ཡོད། ལྷོ་ཤར་བྲག་དཀར་མདའ་ཡུད་ལ།  རྡོ་རྗེ་འདྲ་བའི་བྲག་འཛེར་ཡོད། བྱང་ཤར་གླང་པོ་གྱིམ་ཤོད་ལ། པད་མ་འདྲ་བའི་སྤང་འཛེར་ཡོད། ”ཞེས་གསལ་བས། རྩེ་དྲུག་གནས་ཀྱི་བྱང་ཤར་ན་ཡོད་པའི་གཉན་ཆེན་སྤེ་ནེ་རི་བཀྲའི་རི་རྒྱུད་དག་ལ་གོ་བ་ཡིན། དེ་ཡང་སྤེ་ནེ་རི་བཀྲའི་བཟོ་དབྱིབས་གླང་ཆེན་ཉལ་བ་འདྲ་བ་ཡོད་པས་དེ་སྐད་བཏགས་པ་ཡིན་ཏེ། དེ་ཉིད་ལས།  “སྤྱིར་སུམ་པ་གླང་གི་གྱིམ་ཤོད་ལ། རི་མ་རི་རེ་ལ་བུ་རི་རེ། བུ་རི་རེ་ལ་ནེ་ཐང་རེ། ནེ་ཐང་རེ་ལ་ན་དམར་རེ། ན་དམར་རེ་ལ་ཆུ་མིག་རེ། ཆུ་མིག་རེ་ལ་ཞིང་ས་རེ། རི་གླང་པོ་འདྲ་བའི་རྩིབ་ལ་ཆགས།”ཞེས་གསལ་བས། སྤེ་ནེ་རི་བཀྲའི་རི་རྒྱུད་ཀྱི་ས་གནས་ཆགས་ཚུལ་དང་ཇི་བཞིན་མཐུན་ཡོད་པ་རེད། གཞན་ཡང་དེ་ཉིད་ལས། “གནས་མཆོག་ཤེལ་ལེ་རྒྱ་སྐར་གྱིས། རྒྱབ་རི་གླང་ཆེན་ཉལ་བ་འདྲ། གླང་ཆེན་ཁ་ལ་ནོར་བུ་ཡོད། ”(14)ཅེས་གནས་མཆོག་ཤེལ་ལེ་རྒྱ་སྐར་གྱི་རྒྱབ་རི་ཡིན་པ་དང་། གཞན་ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པའི《ཡུལ་ས་སྤེ་ནེ་རི་བཀྲའི་བསང་མཆོད་ཉུང་བསྡུས》ལས“ཀྱེ་ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། ཉི་མ་ཤར་ཕྱོགས་ཕ་ཀི་ན། བོད་རྒྱལ་སྤེ་ནེ་རི་བཀྲ་ནི།  རི་དབྱིབས་གླང་ཆེན་འགྱིང་པ་འདྲ།”(15)ཞེས་དང་།《རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ།》ལས“ཁྱད་པར་གླང་པོ་གྱིམ་ཤོད་ཀྱི། གསང་བ་གཏེར་གྱི་སྦས་ཚུལ་ནི། ཐང་རུ་སྦལ་གབ་པའི་གདན་སྟེང་ན། དཀྱིལ་འཁོར་ཆེན་པོའི་ཞབས་འོག་དུ། གསང་བ་གཟུངས་ཀྱི་འབུམ་སྡེ་ཡོད། ”(16)ཅེས་སྤེ་ནེ་རི་བཀྲའི་གཤམ་དུ་དཀྱིལ་འཁོར་ཐང་ཡོད་པ་གསལ་ཡོད། སངས་རྒྱས་གླིང་པའི(1705ལོར་འཁྲུངས)གཏེར་མ།《བླ་མ་རིག་འཛིན་དགོངས་པ་འདུས་པ》ལས“ཞང་ཞུང་རིག་མཆོག་མཐུ་ཆེན་མི་དགུ་ཡིཿ ཤར་ཕྱོགས་བོན་གྱི་བསྟན་པ་འཛུགས་པའི་ཕྱིརཿ བོད་གླང་གཡས་ཕྱོགས་སྟ་ཤོད་དཀྱིལ་འཁོར་ཐངཿ ལྷ་ཁང་ཐང་ལ་བོན་གྱི་འདུ་གནས་བཞིངསཿ ”(17)ཞེས་གསལ་ཞིང་།  བོད་གླང་ཞེས་པ་འདི་ནི་བོད་ཀྱི་ཡུལ་རི་གླང་པོ་ཉལ་བ་འདྲ་བ་སྤེ་ནེ་རི་བཀྲ་ཡིན་ཏེ། སངས་རྒྱས་གླིང་པ་ལ་སྟོང་ཆེན་དམུ་ཙ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པ། གདུང་ཚོབ་མུ་ཆོས་མཛད་པའི་བོན་སྒོ། 《མདོ་སྡེ་མེ་ཏོག་འཕྲེང་བ》ཞེས་པའི་མཇུག་བྱང་དུ། “མདོ་གམ་ཟབ་མོ་སྒང་རྒྱུད། རྔུལ་རྫ་གཉིས་ཀྱི་བར་མཚམས་ནས་བོད་གླང་སྤེ་ནེ་རི་བཀྲའི་གཡོན་ཕྱོགས། སུམ་པ་གླང་གི་གྱིམ་ཤོད། རྟ་ཡི་ཟ་མ་རི་རྒྱུད་ཀྱི་སྒྲུབ་གནས། གནས་མཆོག་ཤེལ་ལེ་རྫོང་དྲུག་གི་ཡང་རྩེ། མངོན་པར་དགའ་བའི་སྒྲུབ་ཕུག་ཏུ་མེ་ལུག་ཟླ་ཚེས་བཟང་པོར་མདོ་སྡེ་ཟབ་མོ་གཏན་ལ་ཕབ་པའི་འཕགས་པའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག” (18) ཞེས་འཁོད་འདུག་པས་ཧ་ཅང་གསལ་པོ་ཤེས་ཐུབ་བོ།།   དེ་བཞིན《རྩེ་དྲུག་རྟེན་གསུམ་ངོ་སྤྲོད།》ཅེས་པ་ལས། “འཕྲུལ་གཤེན་སྣང་བ་འོད་ལྡན་རྫུ་འཕྲུལ་རིག་པ་ཁུ་བྱུག་སྐུ་རྟེན་འདི་ནི་དང་པོ་སྟོན་པ་གཤེན་རབ་ཀྱིས་བསྟན་པ་རྗེས་སུ་བཞག་དུས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་བཞེངས། མཁས་ཆེན་ཁྲི་ཐོག་སྤར་ཙས་གསེར་ཐོག་ལྕེ་འབྱམས་ལ་གནང་། དེས་གྱིམ་ཚ་རྨ་ཆུང་ལ་གནང་། དེས་མུ་སྤུངས་གསལ་སྟངས་ལ་གནང་། རིག་འཛིན་བརྒྱ་རྩ་བརྒྱད་བར་དུ་རྟེན་མཛད་ནས་གཏེར་དུ་སྦས། སྤྲུལ་སྐུ་བློ་ལྡན་སྙིང་པོས་ཤེ་ལེ་རྒྱ་སྐར་གྱི་བྱང་ནུབ་རི་གླང་པོ་འདྲ་བའི་གཙུག་ནས་གཏེར་ལ་བཏོན།”(19) ཞེས་འཁོད་འདུག  རི་སྤེ་ནེ་རི་བཀྲའི་རྩིབ་དང་འདབས་རོལ་གྱི་ས་ཆ་ཁག་ལ་སུམ་པ་གླང་གི་གྱིམ་ཤོད་ཅེས་མིང་དེ་ལྟར་ཐོགས་པ་རེད།  

བཞི།   སུམ་པ་གླང་གི་གྱིམ་ཤོད་སུམ་པའི་ཡུལ་དབུས་ཡིན་པ། 

         སྤྱིར་སུམ་པའི་མངའ་ཁོངས་དང་རྒྱ་ཁྱོན་ནི་རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ།》(20) ཞེས་པར་ཞིབ་ཕྲ་གླེང་འདུག་པས་འདིར་བསྐྱར་ཟློས་ཀྱི་ངལ་བ་མ་བྱས། གཞན་ཡང་ཡུལ་འདིར་བོན་གྱི་བླ་མ་གྲགས་ཅན་སུམ་པ་མུ་སྤུངས་གསལ་སྟངས་ཀྱི་གདན་ས་ཡོད་པ་དང་དུད་མིང་ལ་སུམ་པ་ཚང་སོགས་ད་དུང་མ་ཉམ་པར་འདུག་ལ། ངོ་མཚར་བ་ཞིག་ལ《ལྡེའུ་ཆོས་འབྱུང་རྒྱས་པ།》ལས།  སུམ་པའི་རུ་མཚམས་ནི།“ ཤར་གཉེ་ཡུལ་བྲེ་ནག  ནུབ་སྤེལ་ཞབས་སྡིང་པོ་ཆེ།  བྱང་ནགས་པ་ཤོད་གཟི་འཕྲང་། ལྷོ་རྨི་སྟི་ཆུ་ནག  དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ།།”(21)ཞེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“ དབུས་ཚད་རྒྱ་ཤོད་སྟག་པ་ཚལ་ལ་བྱས་པའི་སུམ་པའི་རུ།”ཞེས་འཁོད་པ་བཞིན་རྟ་རྒྱལ་ཟིལ་མོ་སྒང་གི་རི་འདབས་སུ“སྟག་ཟ་ཐང”(22)ཞེས་གྲོང་ཚོ་ཞིག་ཡོད་ཅིང་། གྲོང་ཚོ་དེར་སུམ་པ་ཚང་ཞེས་དུ་ཚང་བོན་གྱི་ཆོས་ལུགས་ལ་སྤྱོད་པ་ཞིག་ཡོད། དེ་ཚང་གི་རུས་རྒྱུད་ཀྱང་སུམ་པ་ཡིན་འདུག་ལ། སྔོན་མ་དེ་ཚང་གི་བུ་ཞིག་གྲྭ་པ་སྒྲུབ་སྟེ་རྩེ་དྲུག་དགོན་བཤད་གྲྭར་ཞུགས་མྱོང་། ང་དང་འཛིན་གྲྭ་གཅིག་ལ་ཁེལ་བས་སློབ་གྲོགས་ཚོས་རྟག་ཏུ་ཁོང་ལ་སུམ་པ་ཞེས་འབོད་བཞིན་ཡོད།   གཞན་ཡང་《བློ་ལྡན་མགུར་འབུམ》ལས།(23)“ སྟག་ཚ་བྲག་ཀ་དགོན་ནི།   ཉམས་སྣང་རྨི་ལམ་དག་སྣང་ལ། རྒྱ་གར་ཡུལ་གྱི་ཤར་ཕྱོགས་ཀྱི།  གཡུ་ལོ་བཀོད་པའི་གནས་སུ་ཕྱིན།”ཞེས་གསལ་བས། སྟག་ཚ་བྲག་ཀ་དགོན་ཞེས་དགོན་པ་ཞིག་འདིའི་གཡས་གཡོན་གང་ཞིག་ན་ཡོད་པ་ཡིན་འདུག་མོད། ཆགས་འཇིག་སོང་བ་ཡིན་ནམ་གྲུབ་མཐའ་གཞན་ལ་བསྒྱུར་ཏེ་མིང་བཅོས་པ་གང་ཡིན།  ད་ལྟ་གསལ་པོ་མ་ཤེས།  ཡུལ་འདིར“ སྟ་ཤོད”དང“ རྟ་ཡི་ཟ་མ་རི་རྒྱུད།” “ སྟག་ཟ་ཐང་།” “སྟག་ཚ་བྲག་ཀ་དགོན།” སོགས་ཡོད་པར་བལྟས་ན་གནས་འདི་ཞིབ་འཇུག་པ་ཚེ་དབང་རིག་འཛིན་ལགས་ཀྱིས《ལྡེའུ་ཆོས་འབྱུང་རྒྱས་པ།》སོགས་ལས་བྱུང་བའི“དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ།།”ཞེས་པའི་སུམ་པའི་ཡུལ་དབུས་དེ་ངོས་འཛིན་བྱས་པ(24)ནི་དོན་དངོས་དང་མཐུན་པའི་དཔྱད་གཏམ་ཞིག་ཡིན་པའི་ངེས་ཤེས་རྙེད་ཐུབ་བོ།།   

         སུམ་པའི་ཡུལ་དབུས་སམ་ཐོག་མའི་དཔོན་པོ་དང་མི་དྲག་དག་གི་བཞུགས་ཡུལ་གནས་འདིར་ཡིན་པས། ཁོ་ཚོའི་རྒྱབ་རི་བོད་གླང་སྤེན་ནེ་རི་བཀྲ་བྱས་ཤིང་ཡུལ་འདི་ཁོ་ཚོའི་གལ་ཆེན་གྱི་ས་གནས་ཤིག་ཡིན་པར་བརྟེན། རིམ་བཞིན་སུམ་པ་གླང་ཞེས་གླང་ཞེས་པའི་ཐ་སྙད་འདི་སུམ་པ་དང་འབྲལ་ཐབས་མེད་པ་ཞིག་ཆགས་སོང་བ་གདོན་མི་ཟ།  འདིར་ཁ་ཅིག་གིས་སུམ་པ་གླང་ཞེས་པའི་གླང་འདི་གླང་ཆེན་ལ་ངོས་བཟུང་ན་མི་འགྲིག་སྟེ།《ཏུན་ཧོང་ཡིག་རྙིང》ལས།“བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས།། ཡུམ་འབངས་ནྀ་ལོག །།  ཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དགས་པོ། རྐོང་པོ།   མྱང་པོ་ཀུན་ཀྱང་ལོག། ཡབ་གནམ་རི་སློན་བཙན་དུག་བོན་ཏེ་བཀྲོངས་སོ།། སྲས་སྲོང་བཙན་སྐུ་གཞོན་མ་ཕན་ཏེ། གཟོད་མ་དཀུའ་བ་དང་། དུག་པ་རྣམས་རབས་བཆད་དོ།།  དེ་འི་རྗེས་ལ། དེ་འྀ་མྱི་ལོག་ཀུན་འབངསུ་སླར་བཀུག་གོའ།། འུང་གྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གྀས། སུམ་པ་མཐའ་དག་དམགིས་གདབ་མྱི་དགོས་པར། ལུག་རྟུག་གྀས་སྒྱུ་ཕབ་སྟེ། ལྕེའྀ་ཐོར་ཐོ་ལ་བརྗོད་ནས། ཁྱྀམ་གྲངས་མ་ཤོར་བར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ།།”(25)ཞེས་པའི་སྐབས་ཀྱི་མཛོ་སུམ་པ་ཇི་ལྟར་འགྲེལ་དགོས་ཟེར་ན། འདིར་སྲོང་བཙན་སྐུ་ན་ཕྲ་བའི་དུས་འབངས་གྱེན་ལོག་བྱས་ཚུལ་བཀོད་པ་ཡིན་ལ། མཛོ་སུམ་པ་ཞེས་སྨོས་པ་ནི་སུམ་པའི་ཡུལ་ཁམས་ཚང་མ་གྱེན་ལོག་མ་བྱས་པར།  མཛོ་སུམ་པའམ་ད་ལྟའི་ཁམས་ཚ་རོང་གི་ཁུལ་མཛོ་སྒང་གི་ཡུལ་སྡེ་གྱེན་ལོག་བྱས་པ་མཚོན་ཐུབ་ཅིང་། རྗེས་སུ་སྲོང་བཙན་གྱིས་དམག་རྒྱབ་མ་དགོས་པར་ཞི་པས་སླར་ཡང་སུམ་པའི་རྒྱལ་ཁོངས་ཡོངས་རྫོགས་དབང་དུ་བསྡུས་པ་ཤེས་ཐུབ། སྤྱིར་ཁམས་ཁུལ་གྱི་ས་ཆ་ཕལ་མོ་ཆེ་སུམ་པའི་རྒྱལ་ཁོངས་ཡིན་པ་དང་ལྷག་ཏུ་མཛོ་སུམ་པ་ཞེས་པ་ནི་ད་ལྟའི་མཛོ་སྒང་གི་ཆར་གཏོགས་ལ་གོ་དགོས་པ་མཁས་དབང་རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ།》ཞེས་པར་ཞིབ་ཕྲ་གསལ་བས་དེར་གཟིགས་པར་འཚལ་ལོ།།  

མདོར་ན། དཔྱད་རྩོམ་འདི་རུ་ལོ་རྒྱུས་ཀྱི་དོན་དངོས་ལ་བཅར་ཅི་ཐུབ་བྱས་ཏེ། གླང་ཞེས་པའི་མིང་ཐོགས་ཚུལ་དང་གནས་འདི་སུམ་པའི་ཡུལ་དབུས་ཡིན་པ་གསལ་བཤད་བྱས་ཡོད། འདིར་དྲངས་པའི་ལུང་ཚིག་ཁག་ནི་མ་ཡིག་ཇི་བཞིན་བཀོད་པ་ལས་དག་བཅོས་སོགས་གང་ཡང་བྱས་མེད་ལ། རིག་འཛིན་རྣམ་བཞིའི་འཁྲུངས་ལོ་ནི《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས》ནང་བཞག་ཡོད་པའི་གཡུང་དྲུང་བོན་གྱི་བསྟན་རྩིས་རྣལ་མའི་རེའུ་མིག་ཅེས་པར་གཞི་བཅོལ་ཡོད།  

མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག

① ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《 ལེགས་བཤད་མཛོད།》[M] མི་རིགས་དཔེ་སྐྲུན་ཁང་།  1985 ལོར་དཔར་དུ་བསྐྲུན།  ཤོག་ངོས།  168

② ནམ་མཁའི་ནོར་བུ།《 ཞང་བོད་ལོ་རྒྱུས་ཏི་སེའི་འོད།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2015 ལོར། ཤོག་ངོས།   189 

③ བླ་ཆེན་དྲན་པ། 《 རྩ་རྒྱུད་ཉི་སྒྲོན། 》[M] བྲ་བོ་སྒོམ་ཉག་གི་གཏེར་མ། ཤོག་ངོས།   288  

④ ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ།《 སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། 》[G] བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013 ལོ།    ཤོག་ངོས། 339

⑤ ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ།《 སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། 》[G] བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  2013 ལོར།   ཤོག་ངོས། 268

⑥ སྤྲུལ་སྐུ་བློ་ལྡན་སྙིང་པོ། 《 རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ།》 [G] རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས། ཤོག་ངོས། 32 

⑦ ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《 ལེགས་བཤད་མཛོད།》[M]   མི་རིགས་དཔེ་སྐྲུན་ཁང་།  1985 ལོར་དཔར་དུ་བསྐྲུན།  ཤོག་ངོས།  216 

⑧ ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། 《  རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། 》  [M]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།  1986 ལོར།  ཤོག་ངོས 31

⑨ བློ་ལྡན་སྙིང་པོའི་སྙན་རྒྱུད།  《 མན་ངག་བཀའ་རྒྱ་བཀྲོལ་ཚུལ་གྱི་ལེའུ། 》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ།  ཤོག་ངོས། (ཀ)729 

⑩ བློ་ལྡན་སྙིང་པོའི་སྙན་རྒྱུད། 《 རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ》[G] རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས།  ཤོག་ངོས།   16

(11) སངས་རྒྱས་གླིང་པའི་གཏེར་མ། 《 རྩེ་དྲུག་གནས་ཀྱི་དཀར་ཆག་མཐོང་བ་དོན་གསལ 》[G]  རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས།  ཤོག་ངོས།  4

(12)གསང་སྔགས་གླིང་པའི་གཏེར་མ། 《  རྩེ་དྲུག་གནས་ཀྱི་དཀར་ཆག་ལུང་བསྟན་ཡང་ཏིག་མཁའ་གསལ་ཉི་མའི་ཟེར་ཆེན། 》[G] རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས།  ཤོག་ངོས།  54 

(13)བདེ་ཆེན་གླིང་པའི་གཏེར་མ། 《 ཁ་བྱང་གཏེར་གྱི་དཀར་ཆག 》དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་བརྩམས་པའི་བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་ལས།   གཏེར་སྟོན་བདེ་ཆེན་གླིང་པའི་སྐོར་གྱི་རྩོམ་ནང་དུ་དྲངས་པའི་ལུང་ཚིག་ཅིག་ཡིན།  ཤོག་ངོས།  202

(14)  སྤྲུལ་སྐུ་བློ་ལྡན་གྱི་སྙན་རྒྱུད།《 རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ།》[G]  རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས།  ཤོག་ངོས།   27   28  32

(15) སྤྲུལ་སྐུ་བློ་ལྡན་སྙིང་པོ། 《 ཡུལ་ས་སྤེ་ནེ་རི་བཀྲའི་བསང་མཆོད་ཉུང་བསྡུས》ལག་བྲིས་དཔེ་རྙིང་ཞིག  གྲྭ་ཚུལ་ཁྲིམས་དཔལ་ལྡན་ལགས་ཀྱིས་མཁོ་འདོན་གནང་བའོ།།  

(16)བློ་ལྡན་སྙིང་པོའི་སྙན་རྒྱུད།《 རྩེ་དྲུག་གནས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ》[G] རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས།  ཤོག་ངོས།   33

 (17) སངས་རྒྱས་གླིང་པའི་གཏེར་མ།《 རྩེ་དྲུག་གནས་ཀྱི་དཀར་ཆག་མཐོང་བ་དོན་གསལ 》[G] རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་ཀྱིས་བསྒྲིགས།  ཤོག་ངོས།  43

(18) གདུང་ཚོབ་མུ་ཆོ། 《མདོ་སྡེ་མེ་ཏོག་འཕྲེང་བ》སངས་རྒྱས་གླིང་པ་ལ་སྟོང་ཆེན་དམུ་ཙ་གྱེར་མེད་ཀྱིས་སྙན་དུ་བརྒྱུད།   རྩེ་དྲུག་དགོན་གཞུང་གི་འདོན་ཆ་བླ་མ་རིག་འཛིན་དགོངས་པ་འདུས་པ།   དབུ་མེད་གླེགས་བམ།  ཤོག་ངོས།   1259 

(19) རྩོམ་པ་པོ་མི་གསལ། 《 རྩེ་དྲུག་རྟེན་གསུམ་ངོ་སྤྲོད། 》[G] ཆབ་མདོ་པར་འདེབས་བཟོ་གྲྭ།   རྩེ་དྲུག་གནས་ཡིག་ཕྱོགས་སྒྲིག་གི་མཇུག་ཏུ་གསལ།  ཤོག་ངོས།  87

(20)རྒྱལ་མོ་འབྲུག་པ།   རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས།   《 བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ།》  [M] 

(21)མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2010ལོའི12པའི་དཔར་ཐེངས་གཉིས་པ། ཤོག་ངོས216

(22)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན། 》[M] མི་རིགས་དཔེ་སྐྲུན་ཁང་།   ཤོག་ངོས  101

(23)བློ་ལྡན་སྙིང་པོའི་སྙན་རྒྱུད།  《བློ་ལྡན་མགུར་འབུམ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར།  དབུ་མེད་གླེགས་བམ།  ཤོག་ངོས།  (ཀ)  700

(24)གཉའ་གོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། 》[G] ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།   

(25)ཚེ་དབང་རིག་འཛིན། 《 རྒྱལ་ཕྲན་སུམ་པའི་ལྟེ་གནས་དང་འབྲེལ་བའི་གནད་དོན་འགའ་རོབ་ཙམ་གླེང་བ།》[J] བོད་ལྗོངས་ཞིབ་འཇུག  2016ལོའི་དེབ་དང་པོ།  

སུམ་པ་གླང་གི་གྱིམ་ཤོད་ཀྱི་གནས་ཡུལ་དང་གླང་ཞེས་པའི་ཐ་སྙད་ཐོགས་ཚུལ་ལ་དཔྱད་པ།” སྟེང་དུ་དཔྱད་མཆན 2 ཡོད།

  1. སྤྱིར་ཡག་པོ་འདྲ་རེད། འོན་ཀྱང་ཞིབ་འཇུག་གི་གནས་བབ་དང་ལྷག་པར་དུ་རྒྱལ་ཁབ་ཕྱི་ནང་གི་ད་ལྟའི་ཞིབ་འཇུག་གི་དཔྱད་འབྲས་སོགས་ལ་གླེང་སློང་མེད་པ་ནི་ཅུང་མཚར། ཉེ་ཆར་གསར་དུ་གྲུབ་པའི་བོད་ལྗོངས་སློབ་ཆེན་གྱི་ལོ་རྒྱུས་ཞིབ་འཇུག་སློབ་མའི་དཔྱད་རྩོམ། བོད་བཙན་པོའི་སྐབས་ཀྱི་ནག་ཤོད་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་འགར་དཔྱད་པ་ཞེས་དཔྱད་རྩོམ་ཞིག་ཐོན་ཡོད་ཅིང་། ཁོང་གིས་སུམ་པའི་ཞིབ་འཇུག་སྐོར་གྱི་རྒྱལ་ཁབ་ཕྱི་ནང་གི་དཔྱད་འབྲས་གཞིར་བྱས་ནས་སུམ་དང་སུམ་པ་རུའི་སོགས་ཀྱི་སྐོར་ལ་ཅུང་ཁ་གསལ་བྲིས་ཡོད་པ་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།