བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་རགས་ཙམ་གླེང་བ།

རྩོམ་པ་པོ། བློ་གྲོས་རྒྱ་མེ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

        བློ་གྲོས་རྒྱ་མེ་ནི། 1991.9.9 ཉིན་ཨ་ཀའི་སེར་གོང་ཚང་གི་ཁྱིམ་དུ་ཕ་དཀོན་མཆོག་སྐྱབས་དང་མ་ཚེ་དཔག་སྐྱིད་གཉིས་ཀྱི་བུ་རུ་སྐྱེས། རང་ལོ་བརྒྱད་ཐོག་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པ་དང་། ལོ་དགུ་ནས་དྲང་སྲོང་བཀྲ་ཤིས་རབ་བརྟན་དགེ་རྒན་དུ་བསྟེན་ཏེ། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་པའི་ཚོགས་གྲལ་དུ་ཞུགས། 2007 ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་དངོས་ཞུགས་སློབ་མ་བྱས། 2015 ནས་བསྟུད་མར་ལོ་གཉིས་ཀྱི་རིང་ལ་སློབ་གླིང་གི་གཉེར་པའི་ལས་འགན་སྒྲུབ། ད་ལོ་སྟེ 2019 ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མ་ཡིན་ཞིང་། རྩ་བའི་བླ་མ་གཙུག་གི་ནོར་བུ་སྐྱབས་མགོན་སྨྲ་བའི་སེང་གེ་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གིས་སྣང་ཞིག་དགོན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་ཕྱག་མདུད་གནང་སྟེ་དགེ་བཤེས་ལས་ཐོགས་པའི་འགན་ཁུར་ཕྲག་ཏུ་བཞེས།

ནང་དོན་གནད་བསྡུས།
སྟོན་པ་སངས་རྒྱས་ཀྱི་བཀའ་དང་བཀའ་རྟེན་དག་ལ་གཞི་བཅོལ་ཏེ། རྫོགས་ཆེན་བརྒྱུད་རིམ་གྱི་བླ་མ་ངོས་འཛིན་དང་། བླ་མེད་རྫོགས་པ་ཆེན་པོའི་ ་ལྟ་བ་མཐའ་བཞི་རྒྱ་གྲོལ་དུ་འདོད་ཚུལ་དང་། མཐའ་བཞི་རྒྱ་གྲོལ་གྱི་ལྟ་བ་སྟེ། གཞི་ཀ་དག་དང་། གཞི་ལྷུན་གྲུབ་དང་། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་སོགས་འདོད་ཚུལ་རགས་ཙམ་བརྗོད་པར་བྱས་ཡོད།

བརྡ་ཆད་གཙོ་བོ། ཀ་དག་དང་། ལྷུན་གྲུབ་དང་། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དོ།།

དེ་ཡང་འདིར་བརྗོད་པར་བྱ་བ་ནི། གྲུབ་མཐའ་ཀུན་ཀྱི་སྙིང་བཅུད། ཐེག་པ་ཀུན་གྱི་ཡང་རྩེ། བླ་ན་མེད་པའི་ཐེག་པ་འདི་ཡིན་པས། འདི་བཤད་ཚུལ་གྱི་གོ་རིམ་ཡང་ས་བཅད་བཞིར་བྱས་ཏེ་བཤད་པར་བྱ་བ་ལ། དང་པོ་བྱུང་ཁུངས་དང་། གཉིས་པ་ཀ་དག་དང་། གསུམ་པ་ལྷུན་གྲུབ་དང་། བཞི་བ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་བཅས་སོ།།

དང་པོ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་འདི་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར། བྱུང་ཁུངས་ཀྱི་གཞི་འམ་རྩ་བ་ཤེས་དགོས་རྒྱུ་ཡང་གནད་ཅིག་ཡིན་པས། བྱུང་ཁུངས་ཀྱི་མདོ་ཙམ་བརྗོད་ན་ནི། རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ནས་རིམ་པར་བརྒྱུད་དེ། རྒྱལ་བ་དགོངས་རྒྱུད་ཀྱི་བཀའ་དྲིན་ཅན་དགུ་ནི། བོན་སྐུ་ཀུན་ཏུ་བཟང་པོ། རྫོགས་སྐུ་གཤེན་ལྷ་འོད་དཀར། བདེར་གཤེགས་རྒྱལ་བ་རིགས་ལྔ། གཤེན་ཆེན་ཚད་མེད་འོད་ལྡན། སྤྲུལ་སྐུ་འཆི་མེད་གཙུག་ཕུད་དང་ལྔ། ལྷ་ཀླུ་མིའི་སྟོན་པ་གསུམ་ནི། ལྷ་གཤེན་ཡོངས་སུ་དག་པ། རྒྱལ་གཤེན་མི་ལུས་བསམ་ལེགས། ཀླུ་གྲུབ་ཡེ་ཤེས་སྙིང་པོ་དང་གསུམ། ལུང་གི་མངའ་བདག་སློབ་དཔོན་རྣམ་བཞི་ནི། སློབ་དཔོན་འོད་ཟེར་དཔག་མེད། སློབ་དཔོན་མུན་པ་ཀུན་སེལ། སློབ་དཔོན་འཕྲུལ་གཤེན་སྣང་ལྡན། གཤེན་གསང་བ་འདུས་པ་དང་བཞི། སྒྲ་བསྒྱུར་ལོ་པཎ་མཁས་བཞི་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཙ་འཁར་བུ། ལྡེ་བོན་གྱིམ་ཙ་རྨ་ཆུང་དང་བཞི། ལུང་གི་ཡོན་ཏན་རྫོགས་པ་ནི། བླ་མ་ལི་ཤུ་སྟག་རིང་། སྡེ་སྣོད་ཕྱོགས་མེད་དུ་རྟོགས་པ། མཁས་པ་གྲུབ་ཆེན་བཅོ་བརྒྱད། དེ་ནས་རིམ་པ་ལྟར། མཁའ་འགྲོ་ཅོ་ཟ་བོན་མོ། བཀའ་ཡི་བྱ་ར་མ་གསུམ། བླ་མ་བཞེད་སྟོན་དངོས་གྲུབ། བླ་མ་རྒྱ་སྟོན་ཇོ་ལྡེ། བླ་མ་ཞིག་པོ་སྣང་སང་། བླ་མ་སྐྱོབ་སྟོན་སྔགས་དཔལ། བླ་མ་གཡོ་སྟོན་ལྷུན་དཔལ། བླ་མ་སེང་གེའི་འབྲུག་སྒྲ། བླ་མ་བོན་གཞུང་བློ་བདེ། བླ་མ་རྟོགས་ལྡན་གཡུང་རིན། བླ་མ་མཁས་བཙུན་ཤེར་གྲུབ། གུ་རུ་ཡོན་ཏན་སེང་གེ འགྲོ་མགོན་བློ་གྲོས་བསྟན་རྒྱལ། དྲིན་ཆེན་མཁན་སློབ་རྣམ་གཉིས། མཁས་གྲུབ་རིན་ཆེན་འོད་ཟེར། མཁས་དབང་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་འོད་ཟེར། དོན་ལྡན་རྣམ་རྒྱལ་ཀ་ར། རྟོགས་ལྡན་ཤེས་རབ་དཔལ་བཟང་། མཁས་གྲུབ་རིན་ཆེན་བློ་གྲོས། མཉམ་མེད་ཤེས་རབ་རྒྱལ་མཚན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མཁྱེན་ལྡན་ནམ་མཁའ་ཡེ་ཤེས། མཁས་མཆོག་ཀུན་བཟང་རྒྱལ་མཚན། རྒྱལ་དབང་རིན་ཆེན་རྒྱལ་མཚན། འགྲན་བྲལ་ཚུལ་ཁྲིམས་རྒྱལ་མཚན། དགོངས་ལྡན་བསོད་ནམས་ཡེ་ཤེས། རྒྱལ་ཐེབ་བསོད་ནམས་གཡུང་དྲུང་། རྗེ་བཙུན་ཤེ་ཙུ་དྲུང་མུ། རིག་གྲོལ་ཤེས་རབ་འོད་ཟེར། རྣམ་འདྲེན་གཡུང་དྲུང་རྒྱལ་མཚན། གདེངས་ལྡན་ཤེས་རབ་བློ་གྲོས། ཡོངས་འཛིན་ཤེས་རབ་འོད་ཟེར། མཆོག་སྤྲུལ་གཙུག་ཕུད་འོད་ཟེར། སྨྲ་དབང་གཡུང་དྲུང་ཚུལ་ཁྲིམས། གྲོལ་ཐོབ་རིན་ཆེན་འོད་ཟེར། ཀུན་རྟོགས་རིན་ཆེན་ལྷུན་གྲུབ། འདྲེན་མཆོག་ཤེས་རབ་བསྟན་འཛིན། བདུད་འཇོམས་ཤེས་རབ་དབང་རྒྱལ། འགྲོ་མགོན་གཡུང་དྲུང་དབང་རྒྱལ། ཀུན་གྲོལ་ཕུན་ཚོགས་རྣམ་རྒྱལ། གྲུབ་དབང་ཤེས་རབ་དགོངས་རྒྱལ། སྐྱབས་མགོན་ཟླ་བ་རྒྱལ་མཚན། མཁས་མཆོག་ཉི་མ་བསྟན་འཛིན་སོགས་ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་རྩ་བ་དང་བརྒྱུད་པའི་བླ་མ་བཀའ་དྲིན་ཅན་རྣམས་ཀྱི་མིང་ཙམ་ལས་འགོད་ཐབས་བྲལ་ན་ཡང་། ལོ་རྒྱུས་དང་རྣམ་ཐར་མཛད་འཕྲིན་སོགས་ལ་ཡང་སློབ་དགོས་པ་གལ་ཆེ་བར་སེམས། །

གཉིས་པ་གཞི་ཀ་དག་ཟེར་བ་དེ་ནི། སྟོན་པ་གཤེན་རབ་ཀྱིས་མཛད་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས། ཀ་དག་ཏུ་འདོད་པའི་ལུགས་ཀྱིས། འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད། ཡེ་ཤེས་རང་གསལ་བར་འདོད་དེ། ཡེ་ཤེས་རང་གསལ་གྱི་སྙིང་པོ་དེ་ལས་མ་གཏོགས་པ་ནི་གང་ཡང་མེད་དོ།། དེ་ཡང་གཞི་དངོས་པོ་ཤེས་བྱའི་གནས་ཐབས་དེ་ལ། མ་རིག་པའི་སྣ་དྲངས་པའི་མུན་པའི་སྐྱེ་མཆེད་འཁྲུལ་པ་འདི་དག་གཏན་མེད་པར་འདོད་དོ།། དེ་ཡང་དཔེར་ན་རིན་པོ་ཆེའི་གླིང་ན་རྡོ་བ་བཙལ་གྱིས་མི་རྙེད་པའམ་ཟླ་བའི་དཀྱིལ་ན་མུན་པ་ངང་གིས་མེད་པའམ་ཉི་མའི་སྙིང་པོ་ལ་བསེར་བུ་རང་བཞིན་གྱིས་མེད་པ་ལྟ་བུའོ།། དེ་ལྟར་ཐམས་ཅད་རང་རིག་གི་ཡེ་ཤེས་རང་གསལ་བ་ལས་མ་གཏོགས་པའི་བོན་ནི་འགའ་ཙམ་ཡང་མེད་པར་འདོད་པའོ།། ཞེས་པས། ཀ་དག་རྐྱང་བ་འདོད་པའི་ལྟ་བ་བསྟན་པ་ཡིན་ལ། ཚིག་དེས་ནང་དོན་ཡང་གཞི་དངོས་པོ་ཤེས་བྱའི་གནས་ཐབས་དེ་ལ། མ་རིག་པའི་སྣ་དྲངས་པའི་མུན་པའི་སྐྱེ་མཆེད་འཁྲུལ་བ་འདི་དག་གཏན་མེད་པར་འདོད་དོ་ཞེས་པའི་དོན་རང་ལུགས་ཐེག་འགྲེལ་གྱིས་དགག་བྱ་གཙོ་བོ་དེ་འདི་ཡིན་སྙམ། འདི་འདྲའི་ཀ་དག་རང་རྐྱང་འདོད་པའི་ལྟ་བ་དགག་བྱེད་ཀྱི་ཚིག་ནི། ཐེག་འགྲེལ་རང་གཞུང་ལས། དེ་ལ་སྐྱོན་བརྗོད་པའི་ཚད་མ་བཏང་བ་ནི། མ་རིག་པའི་ངོས་ན་ཡེ་ཤེས་གཏན་མེད། ཡེ་ཤེས་ཀྱི་ངོས་ན་མ་རིག་པ་གཏན་མེད་དེ། དེ་གཉིས་གཅིག་ལས་གཅིག་ལོག་པ་གླང་རུ་གཡས་གཡོན་འདྲ་བ་གཉིས་རྐྱང་ཐང་ངེ་ཡོད་ན། འགྲོ་ལ་སེམས་རྒྱུད་གཉིས་འཆང་དུ་འགྱུར་ཏེ། འདོད་ན་འབད་པ་ལ་དོན་མེད་དེ་གཏན་མི་གྲོལ་བར་འགྱུར་རོ།། ཞེས་སོགས་ཀྱིས་གྲུབ། བླ་མེད་རྫོགས་པ་ཆེན་པོའི་ ་ལྟ་བ་ཀ་དག་རང་རྐྱང་པ་མ་ཡིན་པར། གཞི་ཡི་རང་བཞིན་ཀ་དག་ཡིན་པའི་ཕྱིར་ཏེ། རྗེ་ཐམས་ཅད་མཁྱེན་པའི་ཐེག་འགྲེལ་ལས། དེ་ཡང་གཞི་ཉིད་ཀྱི་རང་བཞིན་ཀ་དག་ཅེས་བརྗོད་དེ། སེམས་ཀྱི་དྲི་མ་སྤང་དུ་རུང་བའི་ཕྱིར་རོ།། ཆུའི་རྙོག་མ་དང་། གསེར་གྱི་གཡའ་དང་། ནམ་མཁའི་སྤྲིན་བཞིན་ནོ། ཀ་དག་མིན་ན་དྲི་མ་སྤང་དུ་མི་རུང་སྟེ། དཔེར་ན་སོལ་བའི་ནག་པོ་བཞིན་ནོ།། ཞེས་སོགས་གསུངས་ཡོད་པར་མ་ཟད། གཞིའི་རང་བཞིན་ཀ་དག་ཡིན་པ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་ལས་གསུངས་པ་དང་། གཞི་ཀ་དག་རྐྱང་པ་ཡིན་མི་དགོས་པར་བསྟན་འདུག་སྙམ། །

གསུམ་པ་གཞི་ལྷུན་གྲུབ་ཟེར་བ་དེ་ནི། སྟོན་པ་གཤེན་རབ་ཀྱིས་མཛད་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས། ལྷུན་གྲུབ་ཀྱི་འདོད་པ་ནི། བོན་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ལ། འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད། འདི་ཁོ་ན་ལྟར་ལྷུན་གྱིས་གྲུབ་པར་འདོད་པའོ།། ཞེས་དང་། འབུམ་ལས། བདེ་བ་དང་སྡུག་བསྔལ་བ་ཐམས་ཅད་ལྷུན་གྱིས་གྲུབ། ཞེས་སོགས་ཀྱི་བཀའ་ལུང་གིས་གྲུབ་ཡོད་ལ། དེ་དག་གི་དོན་ནི། གཞིའི་རོལ་པའི་འཆར་ཚུལ་ལ། སྡུག་བསྔལ་གྱི་ངོ་བོར་གྱུར་པའི་ཉོན་མོངས་ཐམས་ཅད་གཞི་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ་པ་དང་། གཞི་ལ་བོན་སྐུ་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་ཡིན་ཞེས་པའི་དོན་ཡིན་སྙམ། རྒྱུ་མཚན་ནི། རྗེ་ཐམས་ཅད་མཁྱེན་པའི་ཐེག་འགྲེལ་ལས། གལ་ཏེ་གཞི་ལ་བོན་སྐུ་ལྷུན་གྲུབ་མ་ཡིན་ན། སེམས་ཅན་གྱིས་བོན་སྐུ་བསྒྲུབ་ཀྱང་མི་འགྲུབ་སྟེ། ཆུ་དང་བྱེ་མ་ལས་མར་མི་འབྱུང་བ་བཞིན་ནོ།། ཞེས་གསུངས་པའི་ཕྱིར་རོ། །

བཞི་བ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཟེར་བ་ནི། ཡོད་མཐའ་མེད་མཐའ་གཉིས་ཀའི་མཐའ་གཉིས་མེད་ཀྱི་མཐའ་སྟེ། མཐའ་བཞི་རྒྱ་གྲོལ་གྱི་ལྟ་བ་གནས་ལུགས་སྟོང་པ་ཉིད་ལ་ཇི་བཞིན་ཉིད་དང་། ཇི་བཞིན་ཉིད་ཀྱི་རྩལ་ཐམས་ཅད་ལ་སྐྱེ་མཆེད། ཇི་བཞིན་ཉིད་དང་ཇི་བཞིན་ཉིད་ཀྱི་རྩལ་གཉིས་ངོ་བོ་དབྱེར་མེད་དུ་གནས་པའི་གནས་ལུགས་སྟོང་པ་ཉིད་ལ། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཟེར་འདུག་སྙམ། རྒྱུ་མཚན་ནི། རྫོགས་ཆེན་ཚད་མ་གལ་མདོ་རྒྱུད་བདེ་བའི་འཁོར་ལོ་ལས།། ཡོད་པར་མ་སོང་བསྟན་དུ་མེད།། མེད་པར་མ་སོང་རང་རིག་གསལ།། རྟག་པར་མ་སོང་དངོས་པོ་མེད།། ཆད་པར་མ་སོང་ལྷུན་གྱིས་གྲུབ།། གཉིས་སུ་མ་སོང་ཟླ་བོ་མེད།། གཅིག་ཏུ་མ་སོང་རང་སྣང་ཤར།། མཐའ་ལས་འདས་པའི་བྱང་ཆུབ་སེམས།། ཞེས་གསུངས་པའི་ཕྱིར། ད་དུང་བླ་མེད་རྫོགས་པ་ཆེན་པོའི་ ་ལྟ་བ་ཡོད་མེད་གཉིས་ཀྱི་མཐའ་ལས་འདས་ཏེ། མཐའ་བཞི་རྒྱ་གྲོལ་དང་། སྤང་སྡུད་ཞེན་གསུམ་དང་བྲལ་བའི་སྟོང་པ། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། རང་རིག་པའི་ཡེ་ཤེས་སམ། སེམས་ཉིད་བརྗོད་ཀྱང་། དེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། འཁོར་ལོ་འོད་གསལ་རྫོགས་པའི་རྒྱུད་ལས། ཀུན་ཀྱི་དངོས་གཞི་བྱང་ཆུབ་སེམས་ཉིད་ལ། འགལ་དང་མི་འགལ་ཐེ་ཚོམ་ཟད། རྟོག་དཔྱོད་ཐམས་ཅད་བྱང་ཆུབ་སེམས་སུ་གཅིག། ཅེས་དང་། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ལས། འཁོར་འདས་གཉིས་མེད་སངས་རྒྱས་སེམས་ཅན་གཉིས་ལ་ཁྱད་མེད་པར་གོ་ལྡོག་པས། སངས་རྒྱས་ལ་རེ་བ་མེད། སེམས་ཅན་ལ་དོགས་པ་མེད། རེ་དོགས་མེད་པས་དགག་སྒྲུབ་མེད། དགག་སྒྲུབ་མེད་པས་སྤང་བླང་མེད།། དེ་ཀ་ལ་སངས་རྒྱས་ཀྱི་དགོངས་པ་ཆིག་ཆོད་ཟེར་བ་ཡིན་ནོ།། ཞེས་གསུངས་པའི་ཕྱིར།

ཡང་བླ་མེད་རྫོགས་པ་ཆེན་པོའི་གཞིའི་རང་བཞིན་རྟོགས་པ་ལས་བོན་སྐུ་རྩོལ་བས་སྒྲུབ་མི་དགོས་པར་ལྷུན་གྱིས་གྲུབ་པ་དང་། མ་རྟོགས་པ་ལས་འཁོར་བ་བཀག་མེད་དུ་ཤར་བའི་ཕྱིར་ཏེ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས། རྟོགས་པ་དང་མ་རྟོགས་པ་ལ་ཐུགས་རྗེ་དང་སྡུག་བསྔལ་དུ་ཤར་བ་ནི་ཚ་གྲང་གི་ནད་ལ་ག་བུར་བཏང་པ་ལྟ་བུའོ་ཞེས་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་ལས། འཁོར་བ་བཀག་མེད་དུ་ཤར། བོན་སྐུ་ཡང་རྩོལ་མེད་དུ་གནས་པ་སྟེ། རྩོལ་ན་བོན་སྐུ་འདུས་བྱས་སུ་འགྱུར་བའི་གནད་ཀས་སོ།། ཞེས་གསུངས་པའི་ཕྱིར། དེ་དག་བླ་མེད་རྫོགས་པ་ཆེན་པོའི་ ་ལྟ་བའི་ངོ་བོ་རགས་ཙམ་བརྗོད་པ་ཡིན་ཞིང་། ཡང་བླ་མེད་རྫོགས་པ་ཆེན་པོའི་ ་ལྟ་བ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་ཁྱད་བོན་ལྔ་ལྡན་ཡིན་པ་དང་། ཁྱད་བོན་བདུན་ལྡན་ཡིན་པ། རྫོགས་པ་ཆེན་པོའི་ ་ཆེ་བ་བསྟན་པ་དང་གསུམ།

དང་པོ་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། ཁྱད་བོན་ལྔ་དང་ལྡན་པ་ཡིན་ཏེ། བྲུ་ཡི་ཨ་ཁྲིད་ངོ་སྤྲོད་རིན་ཆེན་གསལ་འདེབས་རྒྱབ་སྐྱོར་གྱི་གདམས་པ་ལས། གཞི་གཤིས་ཀྱི་གནས་ལུགས་བསྟན་པའི་སྐབས་སུ། དཔེ་གཡོར་མེས་གསུང་གིས་གཤིས་ཀྱི་འདུག་ཚུལ་ཁྱད་པར་ལྔ་ལྡན་ཞིག་ཡིན་ཏེ། རང་བཞིན་ཀ་དག རྣམ་པ་ལྷུན་གྲུབ། ངོ་བོ་ལུང་མ་བསྟན། ཀུན་ལ་ཁྱབ་མཉམ། རྟོགས་མ་རྟོགས་ཀྱི་ཁྱད་པར་ཆེ་བའོ།། ཞེས་གསུང་པའི་ཕྱིར། དང་པོ་རང་བཞིན་ཀ་དག་ཡིན་ཚུལ་ནི། སེམས་ཀྱི་ངོ་བོ་དྲི་མ་གང་གིས་ཀྱང་མ་གོས་པའི་དག་པ་ཟང་ཐལ་གཅེར་བུ་རྗེན་པར་གནས་པས། རང་བཞིན་ཀ་ནས་དག་པ་དང་། གཉིས་པ་རྣམ་པ་ལྷུན་གྲུབ་ཡིན་ཚུལ་ནི། ཐ་སྙད་དུ་ཡོད་ཚད་སྲིད་ཚད་རྩོལ་བའི་བྱེད་མཁན་མེད་པར་གཞིའི་རོལ་བ་ཡིན་པས། རྣམ་པ་ལྷུན་གྲུབ་པ་དང་། གསུམ་པ་ངོ་བོ་ལུང་མ་བསྟན་པ་ཡིན་ཚུལ་ནི། སེམས་ཀྱི་ངོ་བོ་འདི་ཞེས་སུ་མཚོན་དུ་མེད་པ་དང་། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པས། ངོ་བོ་ལུང་མ་བསྟན་པ་དང་། བཞི་བ་ཀུན་ལ་ཁྱབ་མཉམ་ཚུལ་ནི། ཐེག་པ་ཆེན་པོ་འདིའི་སེམས་ཀྱི་རང་བཞིན་གཤིས་ཀྱི་གནས་ལུགས་ནི། སངས་རྒྱས་དང་སེམས་ཅན་ཀུན་ལ་ཁྱབ་མཉམ་དུ་ཡོད་པས། ཀུན་ལ་ཁྱབ་མཉམ་པ་དང་། ལྔ་པ་རྟོགས་མ་རྟོགས་ཀྱིས་ཁྱད་པར་ཆེ་ཚུལ་ནི། རྫོགས་པ་ཆེན་པོའི་ ་སེམས་ཉིད་དེ་རྟོགས་པ་ལས་སངས་རྒྱས་འབྱུང་བ་དང་། སེམས་ཉིད་དེ་མ་རྟོགས་པ་ལས་སེམས་ཅན་འབྱུང་བ་ཡིན་པར་སེམས།

གཉིས་པ། བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། ཁྱད་བོན་བདུན་ལྡན་ཡིན་ཏེ། སྟོན་པ་གཤེན་རབ་ཀྱིས་མཛད་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས། རང་བཞིན་རྒྱུ་ལས་མ་བྱུང་། རྐྱེན་ཀྱིས་མ་བསྐྱེད། དངོས་པོར་མ་གྲུབ་པས། སྐྱེ་བ་མེད་པའི་རང་བཞིན། དམིགས་འཛིན་མེད་ལ་རང་རིག་པས། རང་རིག་འོད་གསལ་གྱི་རང་བཞིན། ངོ་བོ་ཉིད་རྟག་ཆད་ཀྱི་མཐས་མ་རེག་པས། གཉིས་སུ་མེད་པའི་རང་བཞིན། སྤང་སྡུད་ཀྱིས་མི་འགྱུར་ཞེན་པས་མི་ཟློག་པས། བདེ་བ་ཆེན་པོའི་རང་བཞིན། བོན་ཉིད་ཐིག་ལེ་ཉག་གཅིག་རང་བཞིན་ལྷུན་གྱིས་གྲུབ་པས། འབྲས་བུ་གཞན་ནས་མི་འབྱུང་བའི་རང་བཞིན། སྐྱེ་མཆེད་འོད་གསལ་རླབས་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་བྱུང་བས། གང་ཡང་མ་བཀག་པའི་རང་བཞིན། དོན་དང་ཐ་སྙད་སྣ་ཚོགས་མ་བྱུང་བའི་སྔོན་རོལ་ན་གནས་པས། ཡང་མེས་ཆེན་པོར་བཞུགས་པའི་རང་བཞིན། རང་བཞིན་བདུན་དུ་གནས་པའི་བོན་ཉིད། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། ཅེས་གསུངས་པའི་ཕྱིར། འདི་ལས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་རང་བཞིན་བདུན་ལྡན་ཡིན་པ་གསལ། ལྟ་བ་དེ་དག་ཐམས་ཅད་ཨ་ཁྲིད་ལྟར་ཁྱད་པར་ལྔ་ལྡན་ཡིན་པ་དང་། ཐེག་འགྲེལ་ལྟར་རང་བཞིན་བདུན་ལྡན་ཡིན་དགོས་སོ།།

གསུམ་པ། གྲུབ་མཐའ་ཀུན་ཀྱི་རྒྱལ་པོའམ་རྩེ་མོ་སྟེ། བླ་མེད་རྫོགས་པ་ཆེན་པོ་ཡིན་པས་དེར་ཆེ་བ་ཡང་འདི་ལྟར་ཡོད་དེ། སེམས་ཉིད་རྫོགས་པ་ཆེན་པོ་འདི།། འཁོར་འདས་ཀུན་ཀྱི་རྩ་བ་ཡིན།། ཐེག་པ་ཀུན་ཀྱི་ཡང་རྩེ་ཡིན།། རྒྱུད་རྣམས་ཀུན་ཀྱི་རྒྱལ་པོ་ཡིན།། ལུང་རྣམས་ཀུན་ཀྱི་སྤྱི་གཅོད་ཡིན།། བཀའ་རྣམས་ཀུན་ཀྱི་འབྱུང་གནས་ཡིན།། མན་ངག་ཀུན་གྱི་ཉིང་ཁུ་ཡིན།། བསྟན་པ་ཀུན་ཀྱི་སྙིང་པོ་ཡིན།། བོན་རྣམས་ཀུན་ཀྱི་ལྡེ་མིག་ཡིན།། བདེར་གཤེགས་ཀུན་ཀྱི་ཐུགས་བཅུད་ཡིན།། འབྲས་བུ་རྩོལ་བྲལ་ལྷུན་གྲུབ་ཡིན།། མ་རིག་སེལ་བའི་སྒྲོན་མེ་ཡིན།། སྒྲིབ་གཉིས་སངས་པའི་སངས་རྒྱས་ཡིན།། ཚོགས་གཉིས་རྫོགས་པའི་རྫོགས་ཆེན་ཡིན།། སྐྱེ་མེད་བོན་སྐུའི་ངོ་བོ་ཡིན།། ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ཡིན།། ཅིར་ཡང་སྤྲུལ་སྐུའི་འཆར་ཚུལ་ཡིན།། གྲུབ་ཐོབ་རྣམས་ཀྱི་གྲོལ་ཕུགས་ཡིན།། སྐལ་ལྡན་རྣམས་ཀྱི་འདུད་རྩི་ཡིན།། སྐལ་མེད་རྣམས་ཀྱི་བཙན་དུག་ཡིན།། དབང་པོ་ཡང་རབ་རྣམས་ཀྱི་དངོས་གྲུབ་ཡིན།། བློ་ཆུང་རྣམས་ཀྱི་མགོ་བསྐོར་ཡིན།། ཐེག་དམན་རྣམས་ཀྱི་ཉོན་མོངས་ཡིན།། མུ་སྟེགས་རྣམས་ཀྱི་སུན་འབྱིན་ཡིན།། ཤེས་བྱ་གཅོད་པའི་རལ་གྲི་ཡིན།། སྦྱང་དུ་མེད་པས་ཀ་ནས་དག། བཙལ་དུ་མེད་པས་ལྷུན་གྱིས་གྲུབ།། མཚོན་བྱའི་ཡུལ་མེད་མཐའ་དང་བྲལ།། དེ་ལྟར་སེམས་ཉིད་རྫོགས་ཆེན་འདི།། ལྟ་བ་ཕྱོགས་འཛིན་མཐའ་དང་བྲལ།། སྒོམ་པ་དམིགས་གཏད་སྒྲོག་ལས་གྲོལ།། སྤྱོད་པ་བཀག་སྒྲུབ་གཉིས་དང་བྲལ།། འབྲས་བུ་རེ་དོགས་ཀུན་ལས་གྲོལ།། ཁྱབ་ནི་འཁོར་འདས་ཡོངས་ལ་ཁྱབ།། རྟོགས་ནི་སྐལ་ལྡན་ཀུན་གྱིས་རྟོགས།། སྐལ་མེད་རྣམ་ཀྱིས་རྟོགས་པ་དཀའ།། འདི་རྟོགས་པའི་རྣལ་འབྱོར་རྣམས་ནི།། ཁམས་གསུམ་ས་དགུ་བོན་ཉིད་དབྱིངས་སུ་དག། རིས་དྲུག་སངས་རྒྱས་ཞིང་དུ་ཤར།། སྡུག་བསྔལ་བདེ་ཆེན་ལམ་དུ་ཤར།། འབྱུང་བཞིའི་ལུས་ལ་བདེར་གཤེགས་ཐུགས།། རྒྱུ་འབྲས་མཛད་པའི་མཁན་པོ་ཟད།། འཁོར་འདས་གཉིས་ཀྱི་ཐ་སྙད་མེད།། ཕྱི་ནང་གསང་གསུམ་བྱེ་བྲག་རྣམས།། ཐམས་ཅད་ཐིག་ལེ་གཅིག་ཏུ་རྫོགས།། དེས་ན་ཀུན་རྫོགས་ཡོངས་རྫོགས་པས།། དེའི་ཕྱིར་རྫོགས་པ་ཆེན་པོ་འོ།། ཞེས་སོགས་གསུངས་པ་བཞིན་ཐེག་པ་ཀུན་ཀྱི་ནང་ནས་ཁྱད་པར་དུ་འཕགས་ཚུལ་བསྟན་པ་སོགས་ཕྲན་གྱིས་མཐར་ཕྱིན་དཔྱད་རྩོམ་གྱི་ཚུལ་དུ་བྲིས་པ་དགེའོ།།

བཀའ་ལུང་རིག་པའི་གནད་དོན་ལ།།
ཐོས་དོན་ཉམས་སུ་བླངས་བ་ཙམ།།
དོན་འགལ་ནོར་འཁྲུལ་སྲིད་པས་ན།།
བློ་དམན་བདག་གིས་བཟོད་གསོལ་ཞུ།།

དཔྱད་གཞིའི་ཡིག་ཆ།
འཁོར་ལོ་འོད་གསལ་རྫོགས་པའི་རྒྱུད།
རྫོགས་ཆེན་ཡང་རྩེ་ཀློང་ཆེན།
ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་པ་མེ་ལོང་དགུ་སྐོར།
རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་མན་ངག་ལེའུ་བཅུ་གཉིས་པ།
རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར།
རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་འགྲེལ་བ།
རྫོགས་ཆེན་ཚད་མ་གལ་མདོ། རྒྱུད་བདེ་བའི་འཁོར་ལོ།
བྲུ་ཡི་ཨ་ཁྲིད་ངོ་སྤྲོད་རིན་ཆེན་གསལ་འདེབས་རྒྱབ་སྐྱོར་གྱི་གདམས་པ།
ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན
ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་།
ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།