སྔ་རབས་བོན་གྱི་ཡིག་རྙིང《དབུ་ནག་མིའུ་འདྲ་ཆགས》ཞེས་པར་དཔྱད་པ།

རྩོམ་པ་པོ། རེབ་སྐྱིད་ལྕགས་བྱམས་རྒྱལ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

རེབ་སྐྱིད་ལྕགས་བྱམས་རྒྱལ། རེབ་གོང་རྒྱལ་བོ་ཤང་སྐྱིད་ཚང་གདོང་མགོ་ཚང་སྡེ་བའི་རུ་འོག་མ་ཚོ་བར་སྐྱེས། ༢༠༡༣ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་ཞུགས་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་སྦྱངས། ༢༠༡༤ལོར་ཤང་ཀང་ནས་བསྡུས་པའི་འཛམ་གླིང་ན་གཞོན་ནང་བསྟན་བགྲོ་གླེང་སྐབས་བཞི་བར་ཞུགས། ད་ལྟ་སློབ་གྲྭ་དེ་གར་རྩོམ་རིག་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་གཉེར་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་གེ་སར་རིག་གནས་ཀྱི་སྐོར་ཡིན། རིམ་པ་སོ་སོའི་དུས་དེབ་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་སྙན་ངག་དང་། བསྒྱུར་རྩོམ། དཔྱད་རྩོམ་སོགས་འགའ་ཤས་བཀོད། སློབ་སྦྱོང་གི་ཞོར་ཏུ《རོང་བོ་དགོན་པའི་དཔར་ཁང་ཆེན་མོའི་དཀར་ཆག》བསྒྲིགས།  ༢༠༡༨ལོའི་ཟླ༡༠པར《ཡོངས་འཛིན་ཆབ་ཤོག་ཕོ་ཉ་གཞོན་ནུ་དོན་གྲུབ་ཀྱི་སློབ་ཁྲིད་རེག་ཟིག》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  ༢༠༡༩ལོར་ཞིབ་འཇུག་སློབ་མའི་བསླབ་གནས་བྱ་དགའ་ཨང་དང་པོ་བླངས།  རྨ་ལྷོ་ཁུལ་རིག་རྩལ་རྒྱང་སྒྲོག་ཅུའུ་ཡི་ལས་གཞི《རེབ་གོང་ཀླུ་རོལ་དང་ལྷ་རྩེད》ཀྱི་རྩོམ་འབྲི་བའི་འགན་འཁུར།

ནང་དོན་གནད་བཤུས།  དཔྱད་རྩོམ་འདིར་ཐོག་མར་སྔ་རབས་བོན་གྱི་ཡིག་རྙིང《དབུ་ནག་མིའུ་འདྲ་ཆགས》ཞེས་པའི་པར་གཞི་གསལ་བཤད་དང་དོགས་སློང་བྱས་ཡོད་པ་དང་། དེ་ནས་ཡིག་རྙིང་གི་ནང་དོན་དང་འབྲེལ་ཏེ་བྱུང་བའི་དུས་རབས་དང་རྩོམ་པ་པོ་སུ་ཡིན་མིན་གྱི་ཆ་ནས་རྩད་ཞིབ་བྱས་ཡོད། གཞན་ཡིག་རྙིང་འདིའི་ཁྲོད་དུ་བསྟན་པའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ལུགས་ཀྱི་བཤད་ཚུལ་ལ་དོགས་དཔྱོད་ཀྱང་བྱས་ཡོད། 
ཐ་སྙད་གཙོ་བོ།  དབུ་ནག་མིའུ་འདྲ་ཆགས།  བོན།  ཡིག་རྙིང་།  སྲིད་པ། བོད་ཀྱི་ཡིག་རྙིང་ནི་གྲངས་འབོར་གྱི་ཆ་ནས་གཏོས་ཆེ་ཞིང་ནང་དོན་གྱི་ཐད་ནས་ལོ་རྒྱུས་དང་ཆོས་ལུགས། དམངས་སྲོལ། རྩོམ་རིག ལྷ་སྒྲུང་སོགས་སྣ་ཚོགས་འདུས། བོན་གྱི་དཔེ་རྙིང་ཁག་ཏུའང་ཆོས་ལུགས་ཆོ་ག་གཙོས་ནང་དོན་ཕུན་སུམ་ཚོགས་པ་ལྡན་ལ་དུས་རབས་གོང་མའི་ལོ་རབས་བདུན་ ཅུ་ནས་བཟུང་སྟེ་བོན་གྱི་ཡིག་རྙིང་བསྡུ་རུབ་དང་བཤུ་འབྲི། སློབ་ཁྲིད་དང་ཉམས་ཞིབ་སོགས་བགྱི་མཁན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་བྱུང་དང་འབྱུང་བཞིན་མཆིས། འདིར་ཐོག་མར་སྔ་རབས་བོན་གྱི་དབུ་ནག་མིའུ་འདྲ་ཆགས་ངོ་སྤྲོད་དང་ད་ལྟའི་ཞིབ་འཇུག་གི་གནས་བབ། བརྩམས་པའི་ལོ་ཚིགས་དང་རྩོམ་པ་པོའི་ཁུངས་འདེད།  ཡིག་རྙིང་གི་ནང་དོན་སོགས་རབ་བྱེད་གསུམ་གྱི་སྒོ་ནས་གླེང་བར་བྱའོ། ། 

དང་པོ། 《དབུ་ནག་མིའུ་འདྲ་ཆགས》ཀྱི་ངོ་སྤྲོད་དང་ད་ལྟའི་ཞིབ་འཇུག་གི་གནས་བབ། 

《དབུ་ནག་མིའུ་འདྲ་ཆགས》ནི་གནའ་བོའི་བོད་མིའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ལྷ་རབས་ཀྱི་བྱུང་ལུགས།  རིགས་རྒྱུད་གྲོལ་ལུགས། གཡུང་དྲུང་བོན་གྱི་བྱུང་བ།  རྒྱལ་ཁྲིམས་ཀྱི་བྱུང་བ། མི་བུ་སྒོས་ཀྱི་ཁྱིམ་རྒྱུད་བྱུང་རབས་སོགས་ཀྱི་ལྟ་ཚུལ་མུ་འབྲེལ་ནས་རྒྱས་བཤད་བྱས་ཡོད་པའི་གནའ་བོའི་བོན་གྱི་ཡིག་རྙིང་ཞིག་ཡིན། དེ་མ་ཟད་གླུད་ཀྱི་འབྱུང་ཁུངས། འདས་མཆོད་དང་བསང་མཆོད་ཀྱི་ཆོ་གའི་འབྱུང་ཁུངས། རླུང་རྟའི་སྲོག་ཆགས་བཞིར་མཆོད་འབུལ་བྱེད་པའི་འབྱུང་ཁུངས་སོགས་ཀྱི་སྐོར་ལ་དཔྱད་ཞིབ་བྱེད་པར་ཕན་པ་ཆེ་སྙམ།  ཡིག་རྙིང་འདི་ནི་ཉི་ཧོང་གི་ཞིབ་འཇུག་པ་ཆེན་མོ་ན་ག་ན་ཡ་སུ་ཧེའི་ཁ(Yasuhiko Nagano)དང་ཧྥ་རན་སིར་བཞུགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་མཁར་རྨེའུ་བསམ་གཏན་གཉིས་ཀྱིས་དབུ་ཅན་དུ་ཕབ་ཅིང་།  ཉི་ཧོང་ཨོ་ས་ཁའི་རྒྱལ་བཙུགས་རིག་དངོས་བཤམས་སྟོན་ཁང(National Museum of Ethnology)ནས2002ལོར་པར་དུ་བསྐྲུན་པའི《ཁུ་བྱུག་སྔོན་མོའི་གསུང་སྙན》ཞེས་པར་བཀོད་པ་ནས་ཀུན་གྱི་དཔྱད་བྱའི་ཡུལ་དུ་གྱུར།  དཔེ་ཆ་དེའི་ཁྲོད་དུ་སྐབས་སུ་བབ་པའི་ཡིག་རྙིང་འདི་ལས་གཞན། ད་དུང་མིའི་རིགས་བཞིའི་སྣོལ་གྲིབ་སེལ་ཚུལ་སྐོར་བརྗོད་པའི《མིའུ་རིགས་བཞིའི་ལྷ་སེལ》དང་། གཡང་ཞེས་པའི་ཐ་སྙད་དང་འབྲེལ་བའི་གཏམ་རྒྱུད་སྐོར་བརྗོད་པའི《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཅེས་པ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་བྱུང་བ་བརྗོད་པའི《ཡོ་ག་ལྷ་གྱེས་ཅན》། གཞན་ཡང་དམར་མཆོད་ཀྱི་ཉེས་དམིགས་སྟོན་པའི《སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས》ཞེས་པ་དང་། སྲི་དང་གསས་ལ་འབྲེལ་བའི་གཏམ་རྒྱུད་བརྗོད་པའི《སྲི་གསས་བུང་བ་སྟག་ཆུང》ཞེས་པ་ཤོག་ལྷེ་ལྔ་ཅན། དེ་དག་ལས་གཞན་བླ་མདོས་ཀྱི་སྐོར་གསལ་བའི《བླུད་རབས》དང་། འཇིག་རྟེན་ཁམས་ཆགས་ཚུལ་ནས་མགོ་བརྩམས་ཏེ་རིམ་བཞིན་གཙོ་བོར་བོན་གྱི་སྲུང་མ་དྲྭ་བ་ནག་པོའི་འབྱུང་ཁུངས་སྟོན་པའི《སྐྱུང་མོ་མདའ་འཁྱེར་གྱི་རྒྱུད》། གནའ་བོའི་གཉེན་སྒྲིག་པའི་གོ་རིམ་ཁྲོད་དུ་མདའ་འཕང་གཉིས་དང་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་སྤྲོད་ཚུལ།   མནའ་མར་མིང་འདོགས་ཚུལ་དང་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་ཚུལ་སོགས་ཀྱི་ཆོ་ག་རྒྱས་པར་བསྟན་པའི《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ཞེས་པ་བཅས་བོན་ལུགས་ཀྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གར་འབྲེལ་བའི་དཔེ་རྙིང་དགུ་བོའི་ཕྱི་མོའི་པར་སློག་དང་དབུ་ཅན་གྱི་གཟུགས་སུ་ཕབ་པ་གཉིས་བསྡུས་ནས་ཡོད་པ་ཞིག་རེད།  《དབུ་ནག་མིའུ་འདྲ་ཆགས》ཞེས་པའི་ཡིག་རྙིང་འདིའི་མ་ཕྱི་དབུ་མེད་ཡིན་ལ།  སྣ་རིང་ལྡེབ་གྲངས་སོ་ལྔ་ཡོད་ལ་དེའི་ཁྲོད་ཀྱི་ཤོག་གྲངས་བཅུ་གཅིག་པའི་སྲིབ་ངོས་ཀྱི་ཡི་གེ་བོར་སྟོར་བྱུང་འདུག ཤོག་ལྡེབ་གོང་འོག་གི་ནང་དོན་དང་གོ་རིམ་ལ་གཞིགས་ན། བོར་སྟོར་བྱུང་བའི་ནང་དོན་ནི་ཕལ་ཆེར་ཨ་མདོ་དང་བྱང་ཐང་ས་ཆའི་ས་ཁམས་ཆགས་ཚུལ་དང་ཡུལ་སྲོལ་གོམས་འདྲིས་ཀྱི་སྐོར་ཡིན་ནམ་སྙམ། ཤོག་ངོས་དང་པོ་ཕུད་ལྡེབ་ངོས་རེ་ལ་ཐིག་ཕྲེང་དྲུག་རེ་དང་། ཐིག་ཕྲེང་གཅིག་ལ་ཕལ་ཆེར་ཡིག་གྲངས་སོ་གཅིག་བཅས་ཁྱོན་བསྡོམས་ཡིག་གྲངས་དྲུག་སྟོང་ལྔ་བརྒྱ་ཡས་མས་སུ་འདུག སྐབས་འགའ་ཤས་སུ་མ་ཕྱི་གསལ་བོ་མིན་པ་དང་ཡིག་ངོ་མི་ཆོད་ས་ཡོད་པར་མ་ཟད།   ཡུལ་སྐད་ཀྱི་ཤན་ཞུགས་ཡོད་པས། མིང་བརྡ་མང་དག་ཅིག་ལ་འགྲེལ་ཡང་དག་ཅིག་རྒྱག་ཐབས་བྲལ།  མིག་སྔར་ལག་སོན་བྱུང་བའི་ཡིག་རྙིང་འདིའི་ཐད་ཀྱི་དཔྱད་ཞིབ་འབྲས་བུ་ལ།   ཡིག་རྙིང་འདི་ནུབ་ཕྱོགས་སུ་ཡོངས་གྲགས་ཅན་གྱི་དཔེ་རྒྱུན་ཞིག་མིན་ཀྱང་།   བོད་རིག་པའི་ཞིབ་འཇུག་པ་ཧོའོ་ཧྥོས་མན(霍夫曼)གྱིས་རང་གི་བརྩམས་ཆོས་《བོད་ཀྱི་ཆོས་ལུགས》ཞེས་པར་ཡིག་རྙིང་འདིའི་ནང་དོན་ཁག་གཅིག་ཐོག་མར་ངོ་སྤྲོད་གནང་ཡོད་ཚུལ།  མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གསུངས་འདུག[1] དེའི་རྗེས་སུ་ཧྥ་རན་སིའི་བོད་རིག་པའི་ཞིབ་འཇུག་པ་སི་ཐེའན་ཡེན(石泰安)ལགས་ཀྱིས《བོད་ཀྱི་ཤེས་རིག》ཅེས་པ་སོགས་བོད་རིག་པ་དང་འབྲེལ་བའི་བརྩམས་ཆོས་ཇི་སྙེད་ཅིག་གསར་རྩོམ་བྱེད་པའི་བརྒྱུད་རིམ་ནང་པར་སློག་བྱས་པའི《མགོ་ནག་མིའུ་འདྲ་ཆགས》ཞེས་པ་ཞིག་ཁུངས་འདྲེན་བྱས་པའི་གནས་ཚུལ་བཀོད་ཡོད་པ་དེའི་འབྱུང་ཁུངས་ཀྱང་ཧོའོ་ཧྥོས་མན་ཡིན་པ་ཤིན་ཏུ་གསལ།[2]ཐོག་དང་པོར་ཞིབ་འཇུག་པ་ཆེན་མོ་མཁར་རྨེའུ་བསམ་གཏན་གྱིས་ཡིག་རྙིང་འདིའི་དུམ་བུ་གཉིས་དབྱིན་ཇིའི་སྐད་དུ་བསྒྱུར་བ་དང་ཞིབ་འཇུག་ཕྲ་ཞིབ་བྱས་ཡོད། དེ་ལ་བརྟེན་ནས་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསོད་ནམས་དོན་གྲུབ་ཀྱིས་ཡིག་རྙིང་འདི་བྱུང་བའི་དུས་ཚོད་དང་ནང་དོན་བཅས་ཀྱི་ཐད་ནས་ལངས་ཕྱོགས་མི་འདྲ་བའི་ཉམས་ཞིབ་གནད་དུ་ཐིངས་པ་ཞིག་བྱས་འདུག  དེའི་རྗེས་སུའང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་རྒན་ཀུན་དགའ་ཡེ་ཤེས་ཀྱིས་ཡིག་རྙིང་འདིའི་འབྲེལ་ཡོད་ཀྱི་གནད་དོན་ཁག་ཅིག་ལ་ཡང་བསྐྱར་དཔྱད་པ་ནན་གྱིས་བཏང་འདུག  དེ་དག་ལས་གཞན་ཁོ་རེ་ཡ་རྒྱལ་ཁབ་ནས་ཡིན་པའི་བོད་ཀྱི་ཤེས་རིག་ཉམས་ཞིབ་པ་སྐུ་ཞབས་རྗིན་དོན་གྲུབ(金东柱)ལགས་ཀྱིས་ཡིག་རྙིང་འདི་འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་དུ་བདམས་ཏེ། འདིའི་མ་ཕྱིའི་ངོ་སྤྲོད་དང་ཡིག་ཚང་དཔྱད་བསྡུར།   ལོ་ཙཱ་དང་ནང་དོན་བཅས་ཀྱི་ཐད་ནས་དཔྱད་ཞིབ་བྱས་འདུག་པ་བཅས་སོ།  །  

གཉིས་པ། ཡིག་རྙིང་འདི་བརྩམས་པའི་ལོ་ཚིགས་དང་རྩོམ་པ་པོའི་སྐོར་གྱི་ཁུངས་འདེད།  

ཡིག་རྙིང་འདི་བྱུང་བའི་དུས་ཚོད་ཀྱི་ཐད་ནས་གོང་གི་དཔྱད་འབྲས་གང་དུའང་ཁ་ཚོན་བཅད་མེད་ལ།   དེ་དག་གིས་འདོད་པའི་དུས་ཚོད་ལའང་དེ་འདྲའི་ཧེ་བག་ཆེན་པོ་མི་འདུག   སོ་སོར་དུས་རབས་བཅུ་གཅིག་པ་དང་དེ་ལས་སྔ་བའི་དུས་སུ་བྱུང་བར་འདོད་པ་དང་། དུས་རབས་བཅུ་གཅིག་པའི་སྨད་ཙམ་ལ་བྱུང་བར་འདོད་པ།   ཆེས་འཕྱི་ནའང་དུས་རབས་བཅུ་གསུམ་གྱི་སྐབས་སུ་བྱུང་བར་འདོད་པ་བཅས་སྣ་ཚོགས་ཤིག་ཡོད།  སྤྱིར་ཡིག་རྙིང་འདིའི་ཁྲོད་དུ་ས་མིང་དང་རི་བོའི་མིང་། ཆུ་བོ་དང་གྲོག་རོང་གི་མིང་། ཡུལ་སྲོལ་གོམས་གཤིས་སོགས་མང་དུ་འབྱུང་མོད། ཡིན་ནའང་། དེ་དག་དང་འབྲེལ་བའི་ས་ཁམས་ཀྱི་རྒྱུ་ཆ་དང་ས་གནས་ཀྱི་ལོ་རྒྱུས་ཟིན་བྲིས། ས་ཁྲ་སོགས་ལག་སོན་མ་བྱུང་སྟབས། ཡིག་རྙིང་འདིར་བློས་འཁེལ་ཆོག་པའི་ཁུངས་ཟུར་རེ་འགའ་བྱུང་བ་ལ་བརྟེན་ཏེ་རིགས་འདེད་བྱེད་པ་ལས།  དེ་ལས་ལྷག་པའི་ཐབས་གཞན་ཡོད་རེ་སྐན་ནོ།  ། ཡིག་རྙིང་འདིའི་མཇུག་ཏུ།“རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས། དཔོན་སློབ་བཅུ་གཉིས་ཀྱི་ཆེ་བ་དང་། ཕྱི་རབས་ཀྱི་སེམས་ཅན་མ་གོ་བ་རྣམས་ལ་གོ་བར་སྟོན་པའི་ཆེད་དུ་བོད་ཀྱི་དབུ་ནག་མིའུ་འདྲ་ཆགས་སྟོན་པ་རྫོགས་སོ”[3] ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་ཡིན་ཚུལ་བཀོད་འདུག་མོད། འོན་ཀྱང་། ཡིག་རྙིང་གི་ཁྲོད་དུ་བཀའ་དྲིན་ཅན་གྱི་མི་བཞི་སྟོན་པའི་སྐབས་སུ“ཞང་ཞུང་གི་བོན་པོ་མར་མེ་དེས། འདྲེ་སྲིན་བྱུར་གསུམ་དམ་ལ་བཏགས།  དེ་མིན་ན་བོད་ཁམས་བྱུར་གྱིས་འཇོམས། དེ་བས་བོད་ལ་བཀའ་དྲིན་ཆེ། ཞང་ཞུང་ཛོ་མེན་གྱེར་ཆེན་དེས། ཛོ་འཕངས་ནས་སྲིན་པོའི་གྲོང་ཁྱེར་བཅོམས། དེ་མིན་ན་བོད་ཁམས་སྲིན་པོས་ཟོས། དེ་བས་བོད་ལ་བཀའ་དྲིན་ཆེ།[4]   མར་པ་ཆོས་ཀྱི་བློ་གྲོས་དེས། རྒྱ་གར་གྱི་དམ་ཆོས་བོད་ལ་བསྒྱུར། དེ་མིན་ན་བོད་ཁམས་དམྱལ་བར་འགྲོ  དེ་བས་བོད་ལ་བཀའ་དྲིན་ཆེ། ཀོམ་གྱི་ལྷ་རྒོད་ངོ་ཁྲོ་དེས། སྦྲུལ་མི་ཟས་གག་ཙིར་བྱས་ནས་བསད།   དེ་མིན་ན་བོད་ཁམས་སྦྲུལ་གྱིས་འཇོམས། དེ་བས་བོད་ལ་བཀའ་དྲིན་ཆེ། དེ་འདྲ་བཀའ་དྲིན་ཅན་གྱི་མི་བཞི་ཡིན།”ཞེས་དང་། ཡང་ཡིག་རྙིང་དེ་རུ། “ཆོས་ལ་ཇོ་བོ་མར་པ་མཁས། ཆོས་རྒྱུད་སྡེ་བཞི་བོ་ཀུན་ལ་བཤད།   རྒྱུད་སྡེ་བཞི་བོ་མ་ཤེས་ན། མ་ནི་པད་མེ་ཀུན་གྱིས་འདོན། ཆོས་མང་པོ་རྒྱ་གར་ཡུལ་ནས་བླང་། རྒྱ་གར་ཡུལ་ནས་མ་བླང་ན།  བོད་ཡུལ་གནས་སྐོར་ཀུན་གྱིས་བྱེད།  རྒྱ་གར་ཡུལ་དུ་སྟོབས་ཀྱིས་བྱོན། རྫུ་འཕྲུལ་ཞབས་དང་མ་ལྡན་ན།   གོམ་པ་སྤོ་ནས་ཀུན་ཀྱང་འགྲོ དེ་བས་མར་པ་བཀའ་དྲིན་ཆེ”ཞེས་རྗེ་བཙུན་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས(1012—1096)ཀྱི་ཆེ་བ་ཡང་ཡང་དུ་བརྗོད་ཡོད་པ་ལ་གཞིགས་ནས།  ཡིག་རྙིང་འདི་ཉིད་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་བྱུང་བར་བཞེད་མཁན་ཡོད་ལ། དེ་རྒྱུ་མཚན་ལའང་གནས་པར་སྙམ། དེ་བཞིན་དུ།  རྒན་ཀུན་དགའ་ཡེ་ཤེས་ལགས་ཀྱིས་ཀྱང“མར་པའི་མཛད་པ་ཤིན་ཏུ་རྒྱས་བཞིན་པའི་སྐབས་ནི་ཕལ་ཆེར་སྤྱི་ལོ1050ནས1090ལོ་ཡས་མས་བར་ཡིན་པས་ན། དེ་རྗེས་ཀྱི་བཀའ་བརྒྱུད་པ་དང་བོན་གྱི་འབྲེལ་འདྲིས་གནས་ཚུལ་དངོས་ལ་གཞིགས་ན་ཡང་མར་པའི་རྗེས་སུ་བྱུང་བའི་མི་ལའི་མཛད་པ་སོགས་ནས་བོན་པོ་རྣམས་ཀྱིས་བཀའ་བརྒྱུད་པའི་ཆེ་བ་འདོན་མི་སྲིད་པ་གཞིར་བྱས་ཡིག་རྙིང་འདིའི་པར་གཞི་གྲུབ་པའི་དུས་ཚོད་དེ་ཆེས་འཕྱི་ན་ཡང་དུས་རབས་བཅུ་གཅིག་པའི་སྨད་ཙམ་ལས་འགྱངས་མི་སྲིད་པ་གཏན་དུ་འཁེལ་ཐུབ” [5]ཅེས་ཅུང་ཞིབ་ཏུ་དཔྱད་འདུགདེ་ལས་གཞན།   ཡིག་རྙིང་འདིའི་ཁྲོད་དུ་ཧོར་ཞེས་པའི་ཐ་སྙད་ཐེངས་མང་པོར་བྱུང་འདུག་པར་མ་ཟད།   མང་གྷོ་སེ་ཆེན་རྒྱལ་པོ་ཞེས་ཀྱང་ཚིག་ཟིན་ལ་འཁོད་ནས་ཐོན་འདུག དེས་ན། ཧོར་ཆེན་པོའི་མང་གྷོ་སེ་ཆེན་རྒྱལ་པོའི་དབང་བསྒྱུར་དུས་སྐབས་ནི1260—1295ལོའི་བར་ཡིན་པས་བོད་དུ་ས་སྐྱ་བས་སྲིད་དབང་བཟུང་བའི་སྐབས་དང་འཁེལ་ཡོད། ཡིག་རྙིང་འདི་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་བརྩམས་པ་ཞིག་ཏུ་སྒྲུབ་ཆོག་ལ།   དེའི་རྩོམ་པ་པོའམ་ཡི་གེར་ཕབ་མཁན་ནི《བཤད་མཛོད་ཡིད་བཞིན་ནོར་བུ》ཡི་རྩོམ་པ་པོ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་གཏམ་རྒྱུད་དག་ལ་རྒྱུས་མངའ་ཆེ་བའི་བོན་པོ་རིས་མེད་ཀྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་པར་ངེས་ཞེས་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་བཞེད།[6]དེ་དང་ཅུང་མཐུན་པར་ཕལ་ཆེར་སྤྱི་ལོ་དུས་རབས་བཅུ་གསུམ་པའི་ནང་དུ་རྩོམ་པ་པོ་ཞིག་གིས་བརྩམས་པ་མིན་པར་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་འཇིག་རྟེན་ཆགས་ཚུལ་དང་ལྷ་རབས་བྱུང་ལུགས། མི་རྒྱུད་གྲོལ་ལུགས།  ཡུལ་གྱི་བཀོད་པ་སོགས་མཚོན་པར་བྱེད་པའི་ངག་རྒྱུན་དང་གཏམ་རྒྱུད།   སྒྲུང་དང་གླུ་སོགས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ནམ་སྙམ་པར་བཞེད་པ་ནི་ལུང་རིགས་གཉིས་ཐད་ནས་རྒྱུ་མཚན་དང་བཅས་ཤིང་འདྲ་ཆེ་ལ་འབྲེལ་ཆགས་པའི་ལྟ་བ་རུ་ཁོ་བོས་སེམས།[7][8]   ཡང་ཡིག་རྙིང་འདིའི་ཁྲོད་དུ།  མདོ་ཁམས་ཀྱི་སྲོལ་རྒྱུན་གྱི་འབོད་མིང་འབྱུང་བ་དང་།  སྟག་སྒང་རིང་མོ་དང་རྨ་གཉན་བོམ་ར་ཞེས་མདོ་ཁམས་ཀྱི་འབོད་ཚུལ་ལྟར་ཡོད་པས་འདིའི་རྩོམ་པ་པོ་ནི་མདོ་ཁམས་ཀྱི་མི་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་མདོ་ཁམས་དང་འབྲེལ་བ་ཡོད་པ་ནི་རྗེས་སུ་དཔག་པར་ནུས་སོ།  ། 

གསུམ་པ། ཡིག་རྙིང་འདིའི་ནང་དོན་སོགས་ཀྱི་སྐོར་བཤད་པ། 

སྤུ་རྒྱལ་བོད་ཀྱི་སྐད་དུ་ན། དབུ་ནག་མིའུ་འདྲ་ཆགས་ཞེས་བྱ། སྟོང་ཕྱི་སྣོད་འཇིག་རྟེན་གྱི་ཆགས་ལུགས་དང་ཡིག་ཚང་བཤད་པ་ལ། ལོ་རྒྱུས།  ནང་བཅུད་སེམས་ཅན་གྱི་གྲོལ་ཕུག་གི་རྒྱུད་སྟོན་ཏེ། གསལ་ཤེས་རིག་གི་རྒྱལ་པོ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ཞེས་མཚན་བྱང་དང་མཆོད་བརྗོད་བཅས་འགོ་བརྗོད་ཀྱི་རྗེས་སུ།   གཡུང་དྲུང་བོན་རིན་པོ་ཆེ་འདི་སྟོང་ཞིང་བདག་མེད་པ་ལས་བྱུང་པས་དང་པོ་བྱུང་བའི་ཕུག་བཙུན་པ། བར་དུ་ཕ་རོལ་ཕྱིན་པ་བཅུའི་ལམ་ལ་སྤྱོད་པས་འཇུག་པའི་ལམ་བཟང་བ། ཐ་མར་བོན་ཉིད་ཀྱི་དབྱིངས་སུ་སངས་རྒྱས་པས་གྲུབ་པའི་འབྲས་བཟང་ཞེས་དང་། རྒྱལ་པོ་ཁྲིམས་ཀྱི་ལོ་རྒྱུས་འདི་རྒྱལ་རིགས་དྲ་མ་ཆེན་པོ་ལས་བྱུང་བས་དང་པོ་བྱུང་བའི་ཕུག་བཙུན་པ། བར་དུ་རྒྱལ་པོའི་ཁྲིམས་ལ་བརྟེན་ནས་རྒྱལ་ཁམས་བདེ་ལ་བཀོད་པས་བར་དུ་བརྟེན་པའི་གནས་བཟང་བ། ཐ་མར་བསོད་ནམས་བསགས་པའི་འབྲས་བུ་སྨིན་ཏེ་དགེ་བའི་དེད་དཔོན་ཆེན་པོར་གྱུར་པས་བསག་པའི་དོན་ཆེ་ཚུལ་བརྗོད་ཡོད། གཞན་རང་རང་སྒོས་ཀྱི་ལོ་རྒྱུས་ལ་དབུ་ནག་མི་ནི་འོད་གསལ་ལྷའི་གདུང་ལས་གྲོལ་བས་དང་པོ་བྱུང་བའི་ཕུག་བཙུན་པ། བར་དུ་སྲིད་པའི་བརྒྱུད་འཕེལ་སྟེ་ཕྱྭ་དང་དམུ། གཙུག   གཉན། ཡེ་དང་ངམ་ཞེས་སྲིད་པ་སྐོས་དྲུག[9]ཏུ་གྱེས་ཚུལ། ཐ་མར་མིའུ་གདུང་དྲུག་གིས་ས་བཟུང་ཚུལ་སོགས་ཐོག་མར་གླེང་ཡོད།  
གཅིག  བོད་ཀྱི་ཡིག་ཚང་བདུན་ཞེས་པའི་སྐོར།  
འགོ་བརྗོད་ལྟ་བུའི་མཇུག་ཏུ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཡིན་པར་བརྗོད་པའི་དཔེ་མིང་བདུན་འཁོད་པ་འདི་ལྟར།   སྨུག་པོ་ལྡོང་གི་ཡིག་ཚང་སྲིད་པ་གུང་སྤེལ(འཕེལ)དང་། སེ་ཁྱུང་དབྲའི་ཡིག་ཚང་སྨུག་ནག་ཟིལ་པ(པོ)།ཁྲི་གཟི་འགུའི་ཡིག་ཚང་སྟོང་སྒྲ(དགྲ)དམར། དམུ་ཚ་སྒའི་ཡིག་ཚང་སྐྱ་བོ་མཐའ་པ།   དབའ་ལྡ་གཉིས་ཀྱི་ཡིག་ཚང་ཁྲིམས་དང་ཚིག་གི་ཡིག་ནག བློན་པོ་རྣམས་ཀྱི་ཡིག་ཚང་ཡ་མཚན་གཡུའི་མཆིག་གུ།   མཐའ་ངན་པ་ཤག་གི་ཡིག་ཚང་ལྕགས་ཀྱི་བྲ་བ(དྲྭ་བ)མགོ་ནག་ཅེས་དྲངས་ཡོད་ལ།   གོང་དུ་གླེང་བའི་དཔེ་ཆ་དེ་དག་ཡོད་མེད་དང་ཁུངས་བཙུན་མིན་གྱི་ཁ་ཚོན་གནས་སྐབས་སུ་གཅོད་ཐབས་བྲལ།  དེའི་འཕྲོར།  དེ་དག་མཛད་པའི་སློབ་དཔོན་ནི་ཆེ་དགུ་རིང་བཅུ་སྟེ།  དཔོན་སློབ་བཅུས་མཛད་པ་ཡིན་ཞེས་སྤྱི་བམ་པ་ཞིག་ལས་རེ་རེར་དྲངས་མི་འདུག   མཛད་པའི་དམིགས་ཡུལ་ནི།   ཕྱི་རབས་སེམས་ཅན་མ་གོ་བ་རྣམས་ལ་གོ་བར་སྟོན་པའི་ཆེད་དུ་ལོང་བ་ལ་མིག་བྱིན་པ་དང་འདྲ་བའི་ཕྱིར་དང་།  ཕྱོགས་གཏོགས་ནི་མི་ཆོས་དང་རྒྱལ་ཁྲིམས་ཀྱི་ཕྱོགས་སུ་གཏོགས། འབྱུང་ཁུངས་ཏེ་རྒྱུད་ནི་ལྷ་རྒྱུད་འདྲེ་རྒྱུད་ལས་བཏུས།   དབུ་ཞབས་སུ་བསྡུས་པ་སྟེ། གནད་བསྡུས་ནི་དོན་རྣམ་པ་བཅུ་ཡོད་ཅེས་ཕྱོགས་ལྔ་ནས་གླེང་འདུག་མོད། འོན་ཀྱང་།   དོན་གཙོ་བོ་རྣམ་པ་བཅུ་ཡོད་ཅེས་གྲགས་ནའང་དཔེ་ཆར་དགུ་ལས་དྲངས་མེད་པས། འདིར་ཡང་འགོད་རྒྱུ་མ་རྙེད་པར་ལུས་སོ།  །ཡེ་མེད་སྟོང་པའི་ཕ་དང་གཅིག  གཟུགས་མེད་སྟོང་པའི་མ་དང་གཉིས།  མངོན་ཤེས་སྤྲུལ་པའི་བུ་དང་གསུམ། རླུང་ཟེར་མ་འཛིན་པའི་ཤ(ཤུ)ཟུང་བཞི།  ཤག་ཤིག་སྟོང་ཐུན་དེ་དང་ལྔ།  མཐུ་ཆེན་ཝེར་མའི་སྐན(རྐན)མར་དྲུག གནམ་ས་བཤིགས(བཤིག)པའི་བུ་ལུད་བདུན།  རྒྱ་མཚོ་དཀྲུག་པའི་སྐྱ་བ(རྐྱ་བ)དང་བརྒྱད།   དབུ་ནག་མིའུ་འདྲ་ཆགས་དང་དགུ[10]ཞེས་བཅུ་བ་བཀོད་མེད།  “དེ་དག་རེ་རེའི་ནང་དོན་ཡང་ཡེ་མེད་སྟོང་པའི་ཕའི་ནང་དུ་གཏན་ཚིགས་དང་གཟུགས་མེད་སྟོང་པའི་མའི་ནང་དུ་རིགས་དྲུག་གི་འདུག་ལུགས་བརྗོད་ཡོད་པ་དང་། མངོན་ཤེས་སྤྲུལ་བའི་བུའི་ནང་དུ་འོག་མིན་གྱི་གནས་ལུགས་བརྗོད་ཡོད་ལ། རླུང་ཟེར་མ་འཛིན་པའི་ཤ་ཟུང་གི་ནང་དུ་ཕྱི་སྣོད་འཇིག་རྟེན་གྱི་ཆགས་ལུགས་བརྗོད་པ།   ཤག་ཤིག་སྟོང་ཐུན་གྱི་ནང་དུ་བཅུད་ཀྱི་སེམས་ཅན་གྱི་གྲོལ་ཐབས།  མཐུ་ཆེན་ཝེར་མའི་རྐན་མར་གྱི་ནང་སྟོང་འཐོར་བ་སྣོད་ཀྱི་འདུག་ལུགས། གནམ་ས་བཤིག་པའི་བུ་ལུད་ནང་དུ་བོད་མིན་པ་རྣམས་ཀྱི་ཆེ་རྩིས།  རྒྱ་མཚོ་དཀྲུག་པའི་སྐྱ་བའི་ནང་ས་བྱེ་མ་གསེར་གྱི་བགོས་བབས། དབུ་ནག་མིའུ་འདྲ་ཆགས་ནང་དུ་དབུ་ནག་མིའུ་འདྲ་ཆགས་ཀྱི་དོན་གསལ་བོར་བཀོད་ཡོད་པའི་སྒྲུང་གླུའི་རྣམ་པ་ཅན་གྱི་བོན་གྱི་ཆོ་གའི་སྐོར་གྱི་བརྩམས་ཆོས་ཤིག་ཡིན་པ་ནི་གདོན་མི་ཟའོ།” [11]འདིའི་ཐད་ལ་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས“ནང་དོན་བཅུ་བོ་དེ་དག་དང་གནད་བསྡུས་དབར་འབྲེལ་བ་དེ་ཙམ་མེད་པར་མཐོང་བས་དེ་ནི་ཡ་མཚན་གྱི་བརྗོད་སྟངས་ཤིག་ཏུ་སྣང་བ་མ་ཟད།   ‘དབུ་ནག་མིའུ་འདྲ་ཆགས’ཞེས་པ་ནི་གླུ་ཞིག་གི་མིང་ཡིན་པའི་ཚུལ་ལས་གོང་གསལ་གྱི་ཁ་བྱང་རྣམས་ནི་གླུའི་མིང་འབའ་ཞིག་ཡིན་མིན་ཐེ་ཚོམ་གྱི་དྲ་རྒྱར་ཚུད”[12] ཅེས་དོགས་སློང་བྱས་འདུག་པས། དེ་ལུགས་བཞིན་དཔྱད་ན་དཔྱད་གཞི་ཆེ་བར་སྙམ།
གཉིས། ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་སྐོར།  
དེ་ནས་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་སྐོར་ལ་ཡིག་རྙིང་རང་དུ། ཐོག་མར“མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན། རླུང་དེ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་གནས། རླུང་དེ་ལ་དམྱལ་བའི་སྡེ་ཚོགས་བརྟེན། རླུང་དེའི་གྲང་ངར་སྤྲུལ་པ་ལས། ཚ་གསལ་མེའི་དཀྱིལ་འཁོར་ཆགས། མེའི་དབྱིབས་ནི་པད་མ་འདབ་བརྒྱད་འདྲ།  མེ་ལ་ཡི་དྭགས་སྡེ་ཚོགས་བརྟེན། མེ་དེའི་དྲོད་ངར་སྤྲུལ་བ་ལས། གསོ་བྱེད་ཆུའི་དཀྱིལ་འཁོར་ཆགས། ཆུ་དེ་འཁོར་ལོ་ལྔ་སྐོར་གྱི་ཚུལ་དུ་གསལ། དེ་ལ་བྱོལ་སོང་གི་སྡེ་ཚོགས་བརྟེན། ཆུ་དེ་ལ་སྤྲིས་མར་ཆགས་པ་ལས། རིན་ཆེན་གསེར་གྱི་ས་གཞི་སྲིད།  རིན་ཆེན་འབར་བའི་ཚུལ་དུ་གནས།  ས་དེ་ལ་མིའི་སྡེ་ཚོགས་བརྟེན།  ས་དེའི་སྟེང་དུ་རི་རབ་ལྷུན་པོ་སྲིད།  རི་རབ་དེ་ལ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད། བཞི་སྟོང་རྒྱ་མཚོ་ལ་ནུབ་པ་ཀླུའི་གནས།   བརྒྱད་ཁྲི་ནམ་མཁར་འཕགས་པ་ལྷའི་གནས།”[13] ཞེས་རླུང་དང་མེ། ཆུ། ས། ནམ་མཁའ་བཅས་འབྱུང་བ་ལྔ་རིམ་བཞིན་སྔ་མ་སྔ་མའི་རྒྱུ་དང་ཕྱི་མ་ཕྱི་མའི་འབྲས་བུའི་ཚུལ་དུ་གྲུབ་པར་དྲངས་པ་དང་། དེ་དག་གི་དབྱིབས། དེ་དག་གི་སྟེང་དུ་འགྲོ་བ་རིགས་དྲུག་བསྟེན་པའི་ཚུལ་གྱིས་གནས་པ་དང་། གཞན“རི་རབ་དེའི་ཁོང་སེང་ན།   ལྷ་མ་སྲིན་གྱི་སྡེ་ཚོགས་གནས།   རི་རབ་དེའི་ཐེམ་པ་ན།   རྒྱལ་ཆེན་རིགས་བཞིའི་ལྷ་གནས།   ……དེ་སྟེང་འོག་མིན་གྱི་གནས་མཆོག་ན།   སྐུ་གསུམ་བདེ་གཤེགས་ཀྱི་གནས་ས་ཡོད།”[14] ཅེས་ལྷ་མ་སྲིན་གྱི་སྡེ་ཚོགས་དང་རྒྱལ་ཆེན་རིགས་བཞི།   གཟུགས་ཁམས་བཅོ་བརྒྱད་དང་གཟུགས་མེད་ཁམས།   འོག་མིན་གྱི་གནས་སོགས་ངོ་སྤྲོད་ཅུང་ཟད་ཙམ་བྱས་ཡོད།    རིམ་བཞིན་དུ།   “རི་རབ་དེ་ལ་ངོས་བཞིའི་ཕྱོགས་ན་གླིང་བཞི་ཡོད། ……”[15]ཅེས་ཤར་ལུས་འཕགས་གླིང་དང་བྱང་སྒྲ་མི་སྙན།   ནུབ་བ་ལང་སྤྱོད།   ལྷོ་འཛམ་བུ་གླིང་བཅས་གླིང་བཞིའི་ས་དབྱིབས་ཀྱི་ཆགས་ཚུལ་དང་།   དེ་ལ་གནས་པའི་སེམས་ཅན་གྱི་གཟུགས་གཞིའི་ཆ་ཚད་དང་ཚེ་ལོ།   ཟས་གོས་དང་འགྲོ་ལུགས་སོགས་རེ་རེ་ནས་གླེང་ཡོད་ལ།   དེའི་ཁྲོད་ཀྱི་ལྷོ་འཛམ་བུ་གླིང་གཅིག་པུ་ལ་བོན་ཆོས་དར་བ་མ་ཟད།   གླུ་དང་སྨན།   སྒྱུ་རྩལ་དང་མོ་ལུང་སོགས་དང་།   “ཕ་ལ་བབ་པའི་བུ་ཁྱིམ་ཡོད།  །  བུ་ལ་བབ་པའི་ཕ་ཤིད་ཡོད།  །  དགྲ་བྱུང་རྟ་གཏོད(རྟོད)ཟེར་བ་ཡོད།  །  གཉེན་བྱུང་ལུག་བཤོས་ཟེར་བ་ཡོད།”ཅེས་པའི་སྲོལ་རྒྱུན་དག་དར་བར་འཁོད་འདུག །  འདི་ལ་བལྟས་མ་ཐག་ཏུ།   སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བའི་ཤན་ཞུགས་ཡོད་པ་ནི་མངོན་གསལ་དོད་པོ་རེད།  དེའི་འཕྲོར།   ལྷོ་འཛམ་བུ་གླིང་གི་ཆགས་ལུགས་དམིགས་བསལ་གྱིས་བཤད་ཡོད་དེ།   དང་ཐོག་བོད་ཡུལ་དུ་དར་ཁྱབ་ཆེ་བའི་ཆོས་ལུགས་གཉིས་ཀྱི་སྟོན་པ་དང་སོ་སོའི་འཁྲུངས་ཡུལ།   སྒྲུབ་གནས་སོགས་གླེང་ཡོད།   སྟག་གཟིག་འོལ་མོ་ལུང་རིང་དང་རྒྱལ་མཁར་བར་པོ་སོ་བརྒྱད།   ལྷ་རི་གཡང་དྲུང་དགུ་བརྩེགས་བཅས་ནི་སོ་སོ་སྟོན་པ་གཤེན་རབ་མཆོག་གི་བཞུགས་གནས་དང་འཁྲུངས་ཡུལ།   གཡུང་དྲུང་བོན་གྱི་སྒྲུབ་གནས་ཁྱད་པར་ཅན་ཡིན་ཚུལ་བརྗོད་ཡོད་ལ།   རྡོ་རྗེ་གདན་དང་ཟས་གཙང་རྒྱུད།   བྱ་རྒོད་ཕུང་བོའི་རི་བཅས་ནི་སོ་སོ་སྟོན་པ་མཉམ་མེད་ཐུབ་པ་ཆེན་པོ་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་དང་འཁྲུངས་སའི་གདུང་རྒྱུད།   སངས་རྒྱས་ཆོས་ལུགས་པའི་སྒྲུབ་པ་ཉམས་སུ་ལེན་པའི་གནས་ངོ་མཚར་ཅན་ཞིག་ཡིན་པ་སོགས་བརྗོད་ཡོད་ལ།    སྒོས་སུ་བོད་གངས་ཅན་གྱི་སའི་ཆགས་ཚུལ་ནི།   གངས་ཏི་སེ་ནི་སའི་དཀྱིལ་དབུས་ཡིན་ལ་མ་ཕམ་གཡུ་མཚོ་ནི་ཆུ་བོ་བཞིའི་འགོ་ཁུངས་ཡིན།   སའི་སྟོད་ཀྱི་ཆར་མངའ་རིས་སྐོར་གསུམ་དང་བར་ལ་དབུས་གཙང་རུ་བཞི།   སྨད་ན་མདོ་ཁམས་སྒང་གསུམ་ཡོད་པ་སོགས་ངོ་སྤྲོད་རགས་ཤིང་བསྡུས་པ་ཞིག་བྱས་པ་བརྒྱུད།  བྱེ་བྲག་ཏུ་ཆུ་བོ་ཆེན་པོ་གང་གཱ་ནི་གླང་ཆེན་ཁ་འབབ་ནས་འབབ་ཤིང་རྒྱ་གར་ཕྱོགས་སུ་བཞུར་གྱིན་ཡོད་པ།   ཆུ་བོ་ན་ར་ཛྷ་ར་ནི་རྟ་མཆོག་ཁ་འབབ་ལས་འབབ་ཅིང་བོད་དུ་བཞུར་བ།   ཆུ་བོ་སིན་ཏུ་ནི་སེང་གེ་ཁ་འབབ་ལས་འབབ་ཅིང་ཨ་བ་ཧོར་གྱི་ཡུལ་ཏུ་བཞུར་བ།   ཆུ་བོ་པག་ཤུ་ནི་རྨ་བྱའི་ཁ་འབབ་ལས་འབབ་ཤིང་རྒྱ་ཡུལ་དུ་བཞུར་བཞིན་པ་སོགས་ངོ་སྤྲོད་བྱས་འདུག     དེའི་རྗེས་སུ་རྒྱ་གར་དང་རྒྱ་ནག  བལ་བོ།   བོད་བཅས་བཞི་རུ་ཡོད་པའི་མི་འབབ་རོལ་བའི་མཚོ་བཞི་དང་།   རྒྱལ་མོ་རོང་དྲུག་གི་ཡུལ་དུ་འབྲི་ཆུ་དང་ཟླ་ཆུ།   ཏི་ཆུ་གསུམ་ཡོད་པ་སོགས་གླེང་ཡོད།  སྟོད་མངའ་རིས་སྐོར་གསུམ་གྱི་སྐོར་འགྲམ་ན་ཆགས་པའི་མངའ་ཐང་ཅན་གྱི་མི་གསུམ་ཡོད་དེ།   རྒྱ་གར་རྒྱལ་བོ་ཆོས་ཀྱི་མངའ་ཐང་ཆེ་བ་དང་།   ཏ་ཟིག་རྒྱལ་བོ་ནོར་གྱི་མངའ་ཐང་ཆེ།   ཁྲོམ་གེ་སར་རྒྱལ་བོར་དམག་གི་མངའ་ཐང་ཆེ་བ་གསུམ་ཡིན་ཚུལ་དང་།   རིན་ཐང་ཅན་གྱི་ནོར་གསུམ་ཡོད་པར་བཤད་དེ།   ཞང་ཞུང་གི་བོན་ལ་རིན་ཐང་ཆེ་བ་དང་།   རྒྱ་གར་གྱི་ཆོས་ལ་རིན་ཐང་ཆེ་བ།   བལ་བོའི་ཀླུ་ལ་རིན་ཐང་ཆེ་སོགས་གསུམ་བཤད་ཡོད།   དེ་དག་ལས་གཞན།   ཡ་རྩེ་རྒྱལ་བོ་དང་ཏི་ཙེ་རྒྱལ་བོ།   ཀུ་ར་རྒྱལ་བོ་བཅས་གསུམ་ལ་སྐོར་ཐང་ཅན་གྱི་མི་གསུམ་དང་།   གཙང་གི་གཡས་རུ་དང་གཡོན་རུ།   དབུས་ཀྱི་ལྷ་རུ་དང་དགེ་རུ་བཅས་ནི་དབུས་གཙང་རུ་བཞིར་བགྲངས།   སྤྱིར་ཡོངས་གྲགས་སུ་སྨད་མདོ་ཁམས་སྒང་དྲུག་ཅེས་བགྲང་མོད་ཀྱང་།   འདིར་སྨད་ཀྱི་མདོ་ཁམས་ཤོག་གསུམ་ཞེས་བཤད་འདུག་ལ།   དེ་གསུམ་ནི་ཁམས་ལ་དབྱར་མོ་བཏགས་དང་གཅིག   མདོ་ཁམས་ཟལ་མོ་བཏགས་དང་གཉིས།   རྩ་ཀ་ལ་ལིང་ཀ་བཏགས་དང་གསུམ་བཅས་ཡིན།   དེ་ལ་གནས་པའི་ཕྱུག་དྲུག་ལ་འཇིགས་དྲུག་ཡོད་པ་ནི་ཡིག་རྙིང་དུ།   “གླིང་ཀ་སྨར་མོ་རྟ་ཕྱུག་ལ།   ཧོན་ཡོན་ཐུབ་ཀྱི་ཇག་པས་འཇིགས།   དམག་རྒྱལ་དྲག་པོ་གཡག་ཕྱུག་ལ།   ཨ་ལྕག་གཉན་ལྕམ་གྱི་དགྲ་མདའ་དེ་འཇིགས།   འབྲི་རྒྱལ་དམ་པའི་ཆོས་ཕྱུག་ལ།   མུ་གེ་ནག་པོའི་ཐོག་རྒྱུག་དེ་འཇིགས།   ལྷོ་ཟླ་སྔོན་མོ་ནས་ཕྱུག་ལ།   འབྲུག་ཐང་སྔོན་མོའི་རྐན་སྒྲ་དེ་འཇིགས།   རུ་རྒྱལ་གཡང་མོ་ལུག་ཕྱུག་ལ།   སྤྱང་ཐང་སྔོན་པོའི་ཐོབ་ཤོར་དེ་འཇིགས།   ཏི་ཆུ་ནག་མོ་ཤིང་ཕྱུག་ལ།   སྣང་གསལ་མེའི་ཐོག་རྒྱུག་དེ་འཇིགས།   དེ་ཕྱུག་དྲུག་གའི་འཇིགས་དྲུག་གོ”[16] ཞེས་ཚིག་ཟོར་ཡང་པའི་སྒོ་ནས་བསྟན་འདུག སྤྱིར་བོད་ཀྱི་ལོ་རྒྱུས་སུ་ཆུ་བཞི་སྒང་དྲུག་ཅེས་འབོད་སྲོལ་ཡོད་མོད།   ཡིག་རྙིང་འདིར་ཆུ་དྲུག་སྒང་ལྔ་ཞེས་ངོ་སྤྲོད་བྱས་འདུག   དེ་དག་གི་ཡུལ་གྱི་ཁྱབ་ཁོངས་དང་གནས་ཡུལ་སོགས་ཀྱང་ངོ་སྤྲོད་ཅུང་ཞིབ་པར་བྱས་འདུག  དེའི་འཕྲོས་ཀྱི་ཤོག་ངོས་གཅིག་བོར་སྟོར་བྱུང་འདུག་པས།   ནང་དོན་གྱི་ཐད་ནས་ཁ་ཚོན་གཅོད་པར་དཀའ་ཡང་།   གོང་འོག་གི་ནང་དོན་གྱི་གོ་རིམ་ལ་དཔག་ན།   ཕལ་ཆེར་ཨ་མདོ་དང་ཡང་ན་བྱང་འབྲོག་ཐང་ས་ཆའི་ས་ཁམས་ཆགས་ཚུལ་དང་ཡུལ་སྲོལ་གོམས་འདྲིས་ཀྱི་སྐོར་ཡིན་ནམ་སྙམ།  རིམ་བཞིན་དུ་མདོ་གམ་ག(ཁམས་ཀྱི)ས་བཅད་ལེའུའི་སྐབས་སུ།   གླིང་ཁྲི་གོང་མ་དང་འོག་མ།   ཨ་རྒྱ་ཆེན་མོ་བཅས་གསུམ་དུ་བགར་ནས་གླེང་ཡོད་ལ།   གཙོ་བོར་དེ་དག་གི་སའི་ཁྱབ་ཁོངས་དང་ཁྱད་ཆོས།   ལས་ཀ་གཙོ་བོ་སོགས་ངོ་སྤྲོད་བྱས་འདུག་ཅིང་།   མཇུག་ཏུ་འཛམ་བྷ་ལྷའི་ཡུལ་དང་ནག་པོ་བདུད་ཀྱི་ཡུལ།   ངམ་གྱི་ཡུལ།   ཀླུའི་ཡུལ།   སྤྲེལ་གྱི་ཡུལ།   ཁྱིའི་ཡུལ་སོགས་ནི་སུའི་བཞུགས་གནས་ཡིན་པ་དང་།   དབར་གང་གིས་ཆོད་པ་སོགས་ངོ་སྤྲོད་བྱས་འདུག
གསུམ།   ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་སྐོར།  
འགྲོ་བ་མིའི་བྱུང་ཚུལ་གྱི་ཐད་ནས།   འཇིག་རྟེན་གྱི་བྱེད་པོ་ལྷ་ཚངས་པས་བསྐྲུན་པར་བཤད་པའི་ཕྱི་རོལ་མུ་སྟེགས་པའི་འདོད་ཚུལ་དང་།   རྒྱ་ནག་གི་གནའ་བོའི་གཏམ་རྒྱུད་ཅིག་ལས་ཉིས་ཝ་ཧྲི་ཞེས་བྱ་བའི་རྫུ་འཕྲུལ་གྱི་སྟོབས་རྫོགས་པའི་ལྷ་མོ་ཞིག་གིས་རང་ཉིད་ཀྱི་སྐྱེས་འབྲས་ཆ་བྱད་དང་གཅིག་ཏུ་མཚུངས་པར་འཇིམ་པས་མི་བཟོས་ཤིང་།   དེ་ལས་མིའི་རིགས་ཐོག་མར་བྱུང་བར་བརྗོད་པ།   ཡང་ད་ལྟའི་མཁས་པ་ཁ་ཅིག་གིས་མིའི་འགྲོ་བ་འདི་སའི་གོ་ལའི་ཕྱི་རོལ་གྱི་སྐར་མའི་གོ་ལའམ།   སྲིད་པ་གཞན་རྣམས་སུ་གནས་ཤིང་འཚོ་བའི་འཇིག་རྟེན་གཞན་པའི་མིའི་རྒྱུད་ལས་མཆེད་པར་བཞེད་མཁན་ཡང་ཡོད།   བོད་རང་གི་ཆོས་འབྱུང་ལོ་རྒྱུས་དང་ལོ་རྒྱུས་དེབ་ཐེར་རྣམས་སུ།   ཕ་སྤྲེའུ་བྱང་སེམས་དང་མ་བྲག་སྲིན་མོ་གཉིས་ཀྱི་རྒྱུད་པ་འཕེལ་བ་ལས་རིམ་བཞིན་ཁ་བའི་ལྗོངས་འདིར་འགྲོ་བ་མིའུ་རིགས་བྱུང་བར་བཞེད་པ་ནི།   འཛམ་གླིང་སྤྱིའི་བཞེད་པ་དང་ཡོངས་སུ་མཐུན།   གོང་གི་བཞེད་ཚུལ་དེ་དག་དང་མི་འདྲ་བར་བོན་གྱི་དཔེ་རྙིང་ཁག་ཏུ།   སྒོ་ང་ལས་འགྲོ་བ་མིའི་རིགས་གྲོལ་ལུགས་ཀྱི་སྐོར་གྱི་རང་ཚུགས་ཅན་གྱི་ལྟ་བ་ཞིག་ཡོད་དེ།   སྐབས་སུ་གླེང་བར་འགྱུར་བའི་བོན་གྱི་ཡིག་རྙིང《དབུ་ནག་མིའུ་འདྲ་ཆགས》སུའང་།   བོད་དུ་འགྲོ་བ་མི་བྱུང་ཚུལ་གཏམ་རྒྱུད་ཀྱི་ལམ་ནས་བསྟན་ཡོད་པ་འདི་ལྟ་སྟེ།  “དང་པོ་ཡེ་མེད་སྟོང་པ་ལ།   དེ་ལ་ཡེ་ཡོད་ཅུང་ཙམ་སྲིད།   དེ་ལ་འོད་དང་ཟེར་དུ་སྲིད།   འོད་ནི་ཕ་ལ་ཟེར་ནི་མ།  ……དེ་ལ་རང་མིང་རང་གིས་བཏགས་པ་ལ།   སྲིད་པ་སངས་པོ་འབུམ་ཁྲི་བཏགས།”[17]ཞེས་ཆེས་གདོད་མར་སྟོང་བའི་དབྱིངས་ཁམས་ཆེན་མོ་འདིར་བྱེད་པོ་སུ་ཞིག་གིས་ཀྱང་བྱས་པ་མ་ཡིན་པར།   ཕའི་དོད་དུ་འོད་དང་མའི་ཚབ་ཏུ་ཟེར་མ་གཉིས་སྡེབ་ཅིང་།   དེ་ལ་སྨག་དང་སྨྲིག    རླུང་གཡོས་པ་ལས་བ་མོ་སྤུ་ཙམ་ཆགས།   དེ་ལའང་ཟིལ་བ་ཕྲོམ་ཙམ་ཆགས།   སྤུ་དང་ཟིལ་བ་བསྡེབས་པ་ལས་མཚོ་མེ་ལོང་ཙམ་ཆགས།   དེའི་ཁར་རྡུལ་ཕྲ་རབ་ཞགས་སུ་ཆགས་པ་ལ་སྒོ་ངའི་དབྱིབས་ཙམ་འདྲིལ།   སྒོ་ང་བརྡོལ་བའི་ནང་ཤེད་ནས་བྱ་གླག་དཀར་ནག་གཉིས་བྱུང་བ་ལ་སྣང་བ་འོད་ལྡན་དང་མུན་པ་ཟེར་ལྡན་ཞེས་འབོད།   ཡང་དེ་གཉིས་བསྡེབས་པ་ལས་སྒོ་ང་དཀར་ནག་ཁྲ་གསུམ་བྱུང་བ་དང་།   སྒོ་ང་དཀར་པོའི་ཕྱིའི་ཤུན་པ་ལས་ལྷ་བྲག་དཀར་པོ་དང་།   བར་གྱི་གདར་ཤ་ལས་འོད་ཀྱི་ཁྲི་སྡེ་བྱུང་།   སྒོང་ཆུ་ལས་དུང་གི་མཛོ་མོ་དཀར་མོ་བྱུང་།   སྒོ་ང་དེའི་ནང་ཤེད་ནས་ལྷ་རབ་སྲིད་ལྷ་འོད་དཀར་དང་།   ལྷ་ཅང་ཤེས་མི་མགོན་དཀར་པོ།   དུང་གི་མིག་ལྡན་དཀར་གསུམ་བྱུང་།   སྒོ་ང་དཀར་ནག་ཁྲ་གསུམ་ལས་སྒོ་ང་ནག་པོ་བརྡོལ་བས་ན།   ངམ་མི་ནག་པོ་དང་དྲེལ་ནག་དཔུང་བཀྲ་གཉིས་བྱུང་བ་དང་།   སྒོ་ང་ཁྲ་བོ་བརྡོལ་བ་ལས་སྨོན་མི་ལམ་ལམ་ལུམ་ལུམ་བྱུང་བ་དང་།   དེ་ལ་སངས་བོ་འབུམ་ཁྲིའམ་ཡེ་སྨོན་རྒྱལ་བོ་ཞེས་ཀྱང་འབོད།   (གསལ་ཤེས་རིག་གི་རྒྱལ་བོ་ཞེས་པའིང་འདི་ཡིན་པར་འདོད ) སྲིད་པ་ཀློང་གི་སྒོ་ངའམ་སྒོང་སྐྱེས་ཀྱི་ལྟ་སྟངས་དེ་འདི་ལས་སྔ་བའི་ཡིག་རྙིང་ཡོད་མེད་ད་དུང་ཁ་ཚོན་གཅོད་དཀའ་ཡང་།   བོད་མིའི་འབྱུང་ཁུངས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་དང་མ་བྲག་གི་སྲིན་མོ་ལས་བྱུང་བ་དང་།   དེ་བཞིན་འཇིག་རྟེན་ལས་ཀྱིས་བཀོད་པར་བསྟན་པའི་དགོངས་དོན་སྟོན་པའི་ཡིག་རྙིང་མང་ཆེ་བ་ནི།   ཡིག་རྙིང་འདིའི་གཞུག་ནས་བྱུང་བ་ཡིན་པ་མ་ཟད།   སྒོང་སྐྱེས་ཀྱི་ལྟ་བའི་དགོངས་དོན་བརྗོད་པ་ཆེས་སྔ་བའི་ཡིག་ཆ《རླངས་ཀྱི་པོ་ཏི་བསེ་རུ》དེ་ཉིད་ཀྱང་ཡིག་རྙིང་འདི་ལས་འཕྱི་བ་ཡིན་པ་གདེངས་ཚོད་བྱེད་ཐུབ།[18]  སངས་པོ་འབུམ་ཁྲིའམ་ཡེ་སྨོན་རྒྱལ་བོ་ལས་ཕྱྭ་དམུ་གཙུག་གསུམ་གྱི་རྒྱུད་གྲོལ་ཞིང་།   ཕྱྭ་བརྒྱུད་ལས་དབུ་ནག་མི་དང་།   གཙུག་བརྒྱུད་ལས་བྱོལ་སོང་དུད་འགྲོའི་རིགས་གྲོལ་བར་བཤད།   དམུ་བརྒྱུད་ལས་དམུ་སྲས་འཁྲུལ་བུ་དབང་ལྡན་དང་གཉན་ལྕམ་དཀར་མོ་གཉིས་བྱུང་ལ།   དེ་གཉིས་བྱ་རྒོད་དུ་སྤྲུལ་ནས་བསྡེབས་པ་ལས།   སྟག་གཟིག་བོན་གྱི་རྒྱལ་པོ་དང་རྒྱ་གར་ཆོས་ཀྱི་རྒྱལ་པོ་གཉིས་བྱུང་།   སྟག་དང་བསྡེབས་པ་ལས་ལི་དང་བལ་བོ།   ཁྲོམ་དང་ཏ་ཟིག་ནོར་གྱི་རྒྱལ་པོ་དང་བཞི་བྱུང་།   རྟ་རུ་སྤྲུལ་ནས་བསྡེབས་པ་ལས།   སྒོའི་མཚེའུ་བྱ་ཚ་དང་གཡག་ལས་སྒོའི་སྤུ་གཡག་གཉན་དཀར།   ལུག་ལས་སྒོའི་ཐུག་མོ་ཕྲོམ་ཕྲོམ་བཅས་བྱུང་བར་བསྟན་ཡོད།  དེ་བཞིན་དུ།   ཕྱྭ་བུ་སྤྱི་གཙུག་རྒྱལ་བ་དང་དུང་ཟ་དངུལ་མོ་བསྡེབས་པ་ལས།   ཕྱྭ་རབས་སྟག་ཆ་འལ་འོལ་བྱུང་ལ།   དེས་འཚམས་ཟ་བྱ་ཁྱུང་མ་ཁབ་ཏུ་བཞེས་པ་ལས།   ཕྱྭ་རབས་མཆེད་བཞི་བྱུང་བར་བཤད་ཀྱང་།   ཕྱྭ་བླ་གྲམ་ཤིང་དང་འོད་དེ་གུང་རྒྱལ།   ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་གསུམ་ལས་བཀོད་མེད།   དེ་གསུམ་ལས་ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་དེས་ལྷ་མོ་ཐང་དང་སྲིན་མོ།   གཉན་མོ།   དམུ་མོ་བཅས་བཞི་ཁབ་ཏུ་བཞེས་པ་ལས།   སྲས་བུ་སུམ་ཅུ་སོ་གཅིག་བྱུང་བ་དང་།   དེ་དག་ལས་ལྔ་འབྲིང་ནང་གི་ཆུང་བ་ཏིང་ཁྲི་ཆེན་བར་ལྷ་ཞེས་བྱ་བ་ནི།   གཟུགས་བྱད་དང་མཐུ་ནུས་སོགས་གཞན་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་ཡིན་ཚུལ་རྒྱས་པར་བཀོད་འདུག     སྲས་སོ་གཅིག་པའི་ཆུང་བ་ནི་སྲིད་པ་སྣེ་ཕྲོམ་ལ་ཁ་ཡིན་ལ།   འདི་བྱུང་བའི་ཚུལ་ལ་གཏམ་རྒྱུད་ངོ་མཚར་བ་ཞིག་བཀོད་ཡོད་དེ།   ཁོ་ནི་གནམ་རིམ་པ་བཅུ་གསུམ་ནས་དམུ་སྐས་ལ་བསྟེན་ནས་རི་རྨོག་ཕོར་འདྲ་བའི་འགོ་ལ་བབས་པ་དང་།   བུ་མོ་མདངས་དང་ལྡན་པ་ཞིག་གིས་གནས་དེར་ཐགས་འཐག་པ་དང་འཕྲད་པས།   ཁ་བརྡ་མང་དུ་གནང་བ་དང་བར་དུ་སྲིན་པོ་རྐུ་བར་བྱུང་བ་དང་།   ཐ་མར་དེའི་དོད་དུ་སྤྲེལ་ཅིག་བཏང་བས་མི་གླུད་སྤྲེལ་དུ་གཏོང་བའང་དེ་ནས་བྱུང་བར་བརྗོད།   ཁོ་གཉིས་གཉེན་བསྡེབས་པ་ལས་འཐིང་པོ་དང་འཐིང་མིག   འཐིང་གེ་གསུམ་བྱུང་།   སྔ་མ་གཉིས་ཆུ་གྲི་དང་མི་གྲིས་ཤི།   འཐེང་གེས་ཕྱྭ་ལྕམ་ཁབ་ཏུ་བཞེས་པས།   བོད་འཛོམ་ལ་ཕྲོམ་འཁྲུངས།   དེ་དང་དམུ་ཟ་ཁྲི་མ་གཉིས་བསྡེབས་པ་ལས།   རྒྱ་ཁྲི་ལ་དང་།   དེས་ཁྲི་མོ་ཁབ་ཏུ་བཞེས་པས་ཁྲི་ཕྲུག་ཧོར།   དེས་ཀྱང་དབྱིག་སྣ་མ་དང་བསྡེབས་པས་བོད་དང་འཇང་།   མོན་དང་གསུམ་བྱུང་བར་བཤད།   གཉན་མོ་དང་བསྡེབས་པས་སྤྲེལ་དང་གྲུམ་པ།   དྲེད་མོང་དང་བཞི་བྱུང་བར་བཤད་མོད།   གསུམ་ལས་དྲངས་མི་འདུག    ཁོང་གི་སྡོད་གནས་ནི་རྨ་ཁ་བཞུར་ཡག་བཞུར་གྱི་གོང་ཁ་ཡིན་ལ།   ད་ནི་རྒྱ་བོད་ཧོར་བཅས་བུ་གསུམ་ལ་ཕ་ཤུལ་བགོ་བའི་དུས་ལ་ཐོན་འདུག་པས།   ཕ་རྒན་གྱིས་བུ་གསུམ་གྱིས་ནང་དམེ་བྱེད་པར་དོགས་ནས།   ལྷམ་སྒྲོག་གིས་བཅིངས་ནས་རང་ཤི་རྒྱབ།   ཕ་ཤི་རྗེས་བུ་གསུམ་པོས་ཕའི་རོ་བརྩད་ནས་ནང་དམེ་བྱེད་ལ་ཐུག་པའི་སྐབས་དེར།   གཤེན་ལྷ་འོད་དཀར་དང་གཤེན་རབ་མི་བོ་ཆེ།   ལྷ་བོན་སྟག་ལྷ་མེ་འབར་གསུམ་གདན་དྲངས་ནས་གཟུ་བོ་བྱས་ཏེ་ཕ་མཚུན་གྱི་ཁོག་སྟོད་ལ་མགོ་བོ་སྦྱར་ནས་བོད་ལ་བགོས་ཤིང་།   གཤེན་རབ་མི་བོས་ཞུགས་སྦྱང་མཛད།   རྐེད་པའི་སྟེང་དུ་མཐེ་བོང་བཞག་ནས་ཧོར་ལ་བཅད་ཅིང་མཐེ་བོང་བཟུང་ནས་དོང་ལ་བསྐྱུར།   ཁོག་སྨད་སྟེང་སྙིང་བཞག་ནས་རྒྱ་ལ་བགོས་ཤིང་སྙིང་བཟུང་ནས་ཆུ་ལ་བསྐུར།   འདི་ལས་རྒྱ་བོད་ཧོར་གསུམ་གྱི་གཤིན་ལས་བྱེད་སྟངས་མི་འདྲ་བའི་ཁུངས་དང་།   ད་ལྟའི་མི་རིགས་གསུམ་གྱི་མིའི་གཤིས་ཀའི་ཁྱད་ཆོས་མི་འདྲ་བའང་བསྟན་འདུག་པར་སྙམ།སྐབས་དེར།   བོད་ནི་རྒྱ་ལས་རྨོངས་པས་རྨོངས་སེལ་གྱི་ཐབས་ལ་བོན་པོ་གསུམ་གདན་དྲངས་ནས་ཇུ་ཐིག་གི་མོ་བཏབ་ནས་རྒྱ་ལག་ཏུ་ཤོར་བའི་ཕ་མཚུན་ཕྱིར་ལེན་དགོས་ཚུལ་བཤད།   དེ་ནས་འཐེང་གེ་དང་ཕྱྭ་ལྕམ་གྱི་སྲས་བོད་འཛོམ་ལ་ཕྲོམ་དེས་ཐོག་མར་གསེར་གྱི་ཤཀྱ་ཐུབ་པ་དང་དངུལ་གྱི་སྟོན་པ་གཤེན་རབ།   གཡུའི་སྣང་བ་འོད་ལྡན་སོགས་རིན་པོ་ཆེ་སྣ་མང་འཁྱེར་ནས་རྒྱའི་དབང་པོ་ཆེ་ལ་ཕ་མཚུན་སློང་བར་ཕྱིན་ཀྱང་རེ་འབྲས་དོན་སྨིན་མ་བྱུང་།   དེ་ནས་རྒྱ་དབང་པོ་ཆུང་བ་ཐབས་ཀྱིས་སླུས་ཏེ་ནུབ་ལ་ལུག་སྙིང་ཞིག་ཕ་མཚུན་གྱི་དོད་དུ་བཞག་སྟེ་ཕ་མཚུན་བརྐུས་ནས་འོངས།   དེའི་ནུབ་མོར་རྒྱ་དབང་པོ་ཆུང་བའི་ཆུང་མ་ཅོག་རོ་ཟ་ལུང་ཆུང་དེས་རྨི་ལམ་དུ་འཁོར་ལ།   ཁོས་ཀྱང་རྨི་ལམ་ཐན་ལྟས་ཤིག་རྨིས་པར་རི་ཆེན་པོ་རྨང་ནས་འགྱེལ་བ་དང་།   མཚོ་ཆེན་པོ་གཏིང་ནས་སྐམ་པ།   ཤིང་ཆེན་པོ་རྐེད་ནས་ཆག་པ་སོགས་རྨིས།   དེ་ནས་ཕ་མཚུན་རྐུ་ལ་ཤོར་བ་ཤེས་ཏེ་རྒྱ་བོད་ཀྱི་ས་མཚམས་སུ་ར་མདའ་སོང་བ་དང་བོད་འཛོམ་ལ་ཕྲོམ་ལ་ཕ་མཚུན་ཕྱིར་སྤྲོད་དགོས་ཚུལ་བཤད་ཀྱང་།   ཁོས་ཡང་བསྐྱར་བློ་རིག་སྣ་ཚོགས་སྤྱད་ནས་འུ་གཉིས་ཕ་གཅིག་གི་བུ་ཡིན་པས་ས་མཚམས་ཀྱི་ཆུ་བོའི་ཕ་རོལ་ཏུ་སོང་ནས་གྲོས་བྱེད་ཟེར་ནས།   ཕ་རོལ་ལ་ཐོན་རྗེས་ཟམ་པ་ཆུ་ལ་བསྐྱུར་ནས་རྒྱའི་མགོ་བསྐོར་བ་དང་དེ་ནས་བཟུང་བོད་ཀྱི་རྨོངས་པའིང་སེལ་བར་གྱུར་ཞེས་བརྗོད་ཡོད།  གོང་དུ་འཁོད་པའི་གཏམ་རྒྱུད་འདིའི་ཁྲོད་དུ་ཐོག་མར་ཆོས་ལུགས་གཞན་གྱི་ལྟ་བ་མ་འདྲེས་པར་བོད་རང་གི་རང་ཚུགས་ཅན་གྱི་འགྲོ་བ་མིའི་གྲོལ་ལུགས་ཀྱི་སྐོར་གསལ་བཤད་བྱས་ཡོད་ལ།   དེ་ནས་ཐོག་མར་ཕྱྭ་དམུ་གཙུག་གསུམ་བྱུང་བ་དང་རིམ་བཞིན་དེ་དག་གི་རྒྱུད་ལ་རྒྱ་བོད་ཧོར་གསུམ་སོགས་བྱུང་བ་བསྟན་ཡོད།   གཏམ་རྒྱུད་འདི་བྱུང་པའི་ས་ནི་ཕལ་ཆེར་ད་ལྟའི་མདོ་ཁམས་ཀྱི་ཕྱོགས་ཡིན་པར་འདོད་ལ།   སྐབས་དེར་བོན་གྱི་ཆོས་ལུགས་རྒྱ་ཆེར་དར་བའང་ཤེས་ཐུབ།   དེ་མ་ཟད་གཏམ་རྒྱུད་འདི་ལས་བོད་ཀྱིས་སྔ་མོ་ནས་གཤིན་པོ་སྦྱིན་སྲེག་བྱེད་བཞིན་པའང་ཤེས་ཐུབ།   དེར་མ་ཟད།   གཉེན་སྒྲིག་ལམ་ལུགས་ཀྱི་ཐད་ནས་ཁྱོ་གཅིག་ཤུག་མང་གི་ལུགས་སྲོལ་དུས་སྔ་མོ་ནས་རྒྱུན་ལྡན་གྱི་སྣང་ཚུལ་ལྟ་བུ་ཞིག་ཏུ་ཆགས་ཡོད་པའང་ཤེས་ཐུབ་བོ།  ། མདོར་ན།   གླེང་བྱར་གྱུར་བའི་ཡིག་རྙིང་འདི་ལ་བོད་སྔ་རབས་ཀྱི་གདུང་རུས་དང་ཆོས་ལུགས་དར་འཕེལ་གྱི་ལོ་རྒྱུས།   ཡུལ་སྲོལ་གོམས་གཤིས།   ས་བབ་ཆགས་ལུགས་སོགས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན་པས་མི་ཚད།   དེའི་ཁྲོད་དུ་བསྟན་པའི་བོད་མ་གསུམ་བུ་དྲུག་གམ་མིའུ་གདོང་དྲུག་གི་བྱུང་ཚུལ་དང་སྲིད་པ་སྐོས་དྲུག་གི་སྐོར་སོགས་གཞན་དུ་གསལ་བོར་བཀོད་འདུག་པས་དེ་ལས་ཤེས་པར་བྱའོ།  ། 

 ལུང་ཁུངས།

  • [1][6][9] མཁར་རྨེའུ་བསམ་གཏན། མདའ་དང་འཕང〈བོད་མིའི་འབྱུང་ཁུངས་བརྗོད་པའི་གཏམ་རྒྱུད་སྐོར་གླེང་བ〉[G].སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས42དང29དང21ནས38ན་གསལ།  
  • [2] [5] [13] [18] ཀུན་དགའ་ཡེ་ཤེས། སྔ་རབས་བོན་གྱི་དཔེ་རྙིང་དབུ་ནག་མིའུ་འདྲ་ཆགས་ཞེས་པའི་འབྲེལ་ཡོད་ཀྱི་གནད་དོན་ཁག་ཅིག་ལ་སླར་དཔྱད་པ། [J] བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ།   2013ལོའི་འདོན་ཐེངས་གསུམ་པའི་ཤོག་ངོས117དང118དང120དང20ན་གསལ།  
  • [3] [4] [10] [11] [12] [13] [14] [15] [16] [17] མཁར་རྨེའུ་བསམ་གཏན་དང་ན་ག་ན་ཡ་སུ་ཧེའི་ཁ་གཉིས་ཀྱིས་བསྒྲིགས། ཁུ་བྱུག་སྔོན་མོའི་གསུང་སྙན [G] ཉི་ཧོང་ཨོ་ས་ཁའི་རྒྱལ་བཙུགས་རིག་དངོས་བཤམས་སྟོན་ཁང་ནས་དཔེ་སྐྲུན་བྱས།   2002ལོ།   དབུ་ཅན་གྱི་ཤོག་ངོས114མ་ཡིག་གི35aདང་ཤོག་ངོས92མ་ཡིག་གི3aདང96ནས97དང་ཤོག་ངོས96མ་ཡིག10aདང་ཤོག་ངོས98མ་ཡིག19དང་མ་ཡིག13bདང14aདང92དང་མ་ཡིག་གི4aདང93—94དང་མ་ཡིག་གི4a—4bདང96—97དང་མ་ཡིག་གི9b—10aདང98—99དང་མ་ཡིག་གི13b—14aབཅས་སུ་གསལ།  
  • [7] བསོད་ནམས་དོན་གྲུབ། བོན་གྱི་ཡིག་རྙིང་དབུ་ནག་མིའུ་འདྲ་ཆགས་ཞེས་པར་དཔྱད་པ། [J]  ཀྲུང་གོའི་བོད་རིག་པ།   2010ལོའི་དེབ་གསུམ་པ།  ཤོག་ངོས130ན་གསལ།  
  • [8] 金东柱[韩].黑头凡人的起源之汉译及其研究[M].西宁:青海民族出版社,2013:182.

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།