《བློ་ལྡན་མགུར་འབུམ》ཞེས་པའི་དཔེ་རྙིང་ལ་དཔྱད་པ།

རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། དངོས་མིང་ལ་གཙུག་གཤེན་རྒྱལ་མཚན་དང་མིང་གཞན་ལ་ཁྲི་སྨྱུག་དགའ་རུ་འབོད། ཁྱུང་པོ་སྟེང་ཆེན་གྱི་ཡུལ་སྤུ་རྒྱལ་གངས་རིའི་ཤར་ཕྱོགས་སུ་ལས་ཀྱི་ལྟེ་ཁྲག་འཕོས། ཡུལ་དེ་གའི་སློབ་ཆུང་འགྲིམས་ཤིང་རང་ལོ་བཅུ་བདུན་ཐོག་ངུར་སྨྲིག་གི་ཁ་དོག་འཛིན་པའི་གླིང་ཁ་གཞན་ཞིག་ལ་གོམ་ཁ་བསྒྱུར། མ་ཡུམ་སློབ་གླིང་ཁྱུང་པོ་རི་བོ་རྩེ་དྲུག་དགོན་དུ་ཚད་མ་རིག་པ་ཆེད་སྦྱོང་བྱེད་བཞིན་ཡོད། ཁྱུང་ཆེན་རིག་པའི་གཤོག་རླབས་སོགས་ལོ་དེབ་བཅུ་ཕྲག་ལྷག་གི་སྟེང་དུ་ལོ་རྒྱུས་དང་སྙན་ངག་སོགས་ཀྱི་བརྩམས་ཆོས་སྤེལ། ལོ་རྒྱུས་དཔྱད་རྩོམ་སྐོར་ཞིག་བོན་གྱི་དྲ་ཚིགས་ཆེ་ཤོས《ཧི་མ་ལ་ཡི་བོན།》དང《རེབ་གོང་བོན་མང་དྲ་ཚིགས》སོགས་སུ་བཀོད། བོད་ཁུལ་དུ་རྒྱུག་ཆེ་བའི་འཕྲིན་སྟེགས《གླིང་སྲས་བོད་ཡིག་དྲ་ཚིགས》དང《ལུག་ཚང་དཔལ་ཡོན།》སོགས་སུ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་དུ་མ་སྤེལ། གཞན་ཡང་གཞུང་ལུགས་དཔྱད་གཏམ། སྒྲུང་གཏམ་དཔྱད་བརྗོད་དང་གླུ་གཞས་དཔྱད་བརྗོད། དེང་རབས་ལྷུག་རྩོམ་སོགས་རྩོམ་ལུས་མི་འདྲ་འགའ་ཞིག 《ཐོ་རེངས་སྐར་ཆེན།》《རྒྱལ་གཤེན་བོན་སྒྲ།》དང《ཧི་མ་ལ་ཡའི་འཕྲིན་སྟེགས》《སྨྲ་ལྕེ་བོད་ཡིག་འཕྲིན་སྟེགས།》སོགས་ལོ་དེབ་དང་དྲ་ཚིགས་ཅི་རིགས་སུ་བཀོད་ཡོད།

དང་པོ། དཔེ་ཆ་ངོ་སྤྲོད།

《བློ་ལྡན་མགུར་འབུམ》འདི་དཔེ་ཆ་སྣ་རིང་ཞིག་ཡིན་ཞིང་། ཡིག་གཟུགས་དབུ་མེད་ལག་བྲིས་ཅན་མཚལ་འགོ་ཡོད་པ། མཚན་ཆ་ཚང་ལ《བློ་ལྡན་སྙིང་པོའི་མགུར་འབུམ་བཞུགས་སོ།།》པོད་ཀ་ཁ་གཉིས། ཀ་ལ་ཁྱོན་ཤོག་ལྡེབ་སུམ་བརྒྱ་དགུ་བཅུ་དང་། རྒྱབ་མདུན་ངོས་གཉིས་སུ་བརྩིས་ན་ཤོག་གྲངས་བདུན་བརྒྱ་བརྒྱད་ཅུ་ཡོད། ཁ་ལ་ཁྱོན་ཤོག་ལྡེབ་སུམ་བརྒྱ་ཉི་ཤུ་རྩ་བརྒྱད། རྒྱབ་མདུན་ངོས་གཉིས་སུ་བརྩིས་ན་ཤོག་གྲངས་དྲུག་བརྒྱ་ལྔ་བཅུ་ང་དྲུག་ཡོད། ཁ་ཤོག་དང་ཤོག་ལྷེ་དང་པོར་ཡིག་ཕྲེང་ལྔ་རེ་དང་། ཤོག་ལྷེ་གཉིས་པ་ནས་མཇུག་བར་ཡིག་ཕྲེང་དྲུག་རེ་ཡོད། ཡིག་གཟུགས་ལེགས་པོ་ཞིག་མ་ཡིན་ལ་དབུ་མེད་ཀྱི་ཡིག་ཆེན་དང་ཡིག་ཆུང་གཉིས་ཀྱིས་གྲུབ་ཡོད། དེང་གི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པ་བརྡ་རྙིང་དང་སྐུང་ཡིག་མང་བ། བསྐྱར་ཟློས་སོང་བ་དང་སྒྲ་མཚུངས་པ་ལས་བརྡ་ཡི་འགྲོས་ལ་གཅིག་གྱུར་མེད་པ་སོགས་གནའ་དཔེའི་ཉམས་མ་ཤོར་བའི་དཔེ་ཆ་ཞིག་ཡིན་པ་རེད། དུས་འགྱུར་སྔོན་རྩེ་དྲུག་དགོན་དུ་བཞུགས་ཤིང་དུས་འགྱུར་སྐབས་ཝ་དགེ་གཡུ་རལ་ཚང་གིས་ཉར་ཚགས་བྱས་ཏེ། སྲིད་ཇུས་ལྷོད་རྗེས་སླར་ཡང་གཡུ་རལ་ཚང་གིས་རྩེ་དྲུག་དགོན་ལ་ཕུལ་བ་ཞིག་རེད། ད་ལྟ་ཁྱུང་པོ་རྩེ་དྲུག་དགོན་དུ་བཞུགས་ཡོད།

གཉིས་པ། རྩོམ་པ་པོ་དང་ཡི་གེར་བཀོད་མཁན།

འདི་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྐྱེས་རབས་རྣམ་ཐར་དང་མ་སྲིང་མཁའ་འགྲོའི་ལུང་བསྟན། དུར་ཁྲོད་གནས་ཀྱི་མཇལ་ཚུལ། མི་མིན་ཚོགས་ཀྱི་ཞུ་ལན། རྫོགས་ཆེན་གྱི་ཞལ་གདམས་སོགས་མ་སྲིང་མཁའ་འགྲོས་ཁོང་ལ་སྙན་རྒྱུད་བྱས་པ་དང་། ཁོང་གིས་བརྩམས་མཛད་པ་སྐོར་ཞིག བློ་ལྡན་སྙིང་པོ་རང་གིས་ཡི་གེར་བཏབ་པ་ཞིག་ཡིན་ཏེ།《བར་དུ་སྙན་དུ་བརྒྱུད་ཚུལ་གྱི་ལེའུ》མཇུག་ཏུ“ཕྱི་རབས་སྒྲུབ་པ་པོ་རྣམས་ཀྱི་དོན་དུ། དབྲ་བཙུན་ནམ་མཁའ་རིན་གྱིས་སྦྱར་བ། འགྲོ་བ་རྣམས་གསང་བ་སྔགས་ཀྱི་དོན་རྟོགས་ནས། གསང་སེམས་གཉིས་མེད་ལྷ་ཞལ་མཐོང་བར་ཤོག།”ཀ 667 ཞེས་དང་།《དབང་ལུང་གསལ་བའི་སྒྲོན་མ》ཞེས་པའི་ལེའུ་མཇུག་ཏུ“སྙན་རྒྱུད་དབང་ལུང་ཐོབ་ཚུལ་གྱིས། རྣམ་ཐར་གསལ་བྱེད་སྒྲོན་མའི། དད་ལྡན་སློབ་མས་རབ་བསྐུལ་ནས། ཤེ་ལེ་རྒྱ་སྐར་གནས་མཆོག་སུ། གར་ཆག་ཡི་གེར་བཏབ་པའི། བཀའ་སྐྱོང་རྣམས་ལ་བཟོད་པར་གསོལ། ”616 ཞེས་གསལ་ལ། གཞན་ཕལ་ཆེར་གྱི་མཇུག་ཏུ“དེ་ལྟར་རྨི་ལམ་འཁྲུལ་སྣང་ཡི་གེར་བཏབ་པ་འདི། བླ་མ་བདེར་གཤེགས་རྣམས་ལ་བཟོད་པར་གསོལ།”ཞེས་གསལ་བས་མགུར་འབུམ་པོད་འདི་གཉིས་ནི་སྤྲུལ་སྐུ་བློ་ལྡན་རང་གིས་ཡི་གེ་བཀོད་པ་ཞིག་རེད་འདུག དེས་ན་འདི་ནི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་དཔེ་རྙིང་ཞིག་རེད།

གསུམ་པ། འདིའི་སྐོར་འཁོད་པའི་དཔེ་ཆ་གང་ཡོད་པ།

འདིའི་སྐོར་འཁོད་པའི་དཔེ་ཆ་དཀོན་ལ་དེ་སྔོན་བརྩམས་པའི་སྤྲུལ་སྐུ་བློ་ལྡན་གྱི་རྣམ་ཐར་མང་པོ་ཞིག་ཏུ་མགུར་འབུམ་འདི་ཉིད་འཁོད་མེད། འདིའི་སྐོར་འཁོད་པའི་དཔེ་ཆ་ནི་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས(1832ལོར་འཁྲུངས)ལགས་ཀྱིས་བརྩམས་མཛད་པའི་བཀའ་དང་བཀའ་བརྟེན་དཀར་ཆག་ལས། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྐྱེས་རབས་རྣམ་ཐར་སྙན་རྒྱུད་ཞལ་གདམས་སྐོར་སྡེ་ཚན་བཞི་རུ་བྱས་ནས་བཀོད་ཡོད་ཅིང(470)། དེའི་ནང་དུ་ལེའུ་དྲུག་ཅུ་རེ་དགུ་འཁོད་ཡོད། ད་ལྟ་རྩེ་དྲུག་དགོན་དུ་བཞུགས་པའི་བློ་ལྡན་མགུར་འབུམ་ནང་དུ་གོང་དེའི་ནང་འཁོད་པའི་ལེའུ་ཁ་ཤས་ཤིག་ཚང་མེད། ཁྱུང་སྤྲུལ་དཀར་ཆག་འདི་ནི་སྤྱི་ལོ་དུས་རབས་བཅུ་དགུ་པའི་ནང་སྟེང་ཆེན་དགོན་དུ་ཁྱུང་སྤྲུལ་རང་གིས་བཞེངས་པའི་དཔེ་མཛོད་ཁང《བཀའ་འབུམ་རབ་རྒྱས་ཁང》ཞེས་པའི་ནང་དུ་བཞུགས་པའི་དཔེ་ཆ་དག་གི་ལེའུ་ཐོ་ཞིག་ཡིན་པ་བཤད། དེར་བརྟེན་སྐབས་དེར་བཀའ་འབུམ་རབ་རྒྱས་ཁང་དུ་བློ་ལྡན་མགུར་འབུམ་ཆ་ཚང་ཞིག་བཞུགས་ཡོད་པ་ཤེས་ཐུབ།

གཞན་ཡང་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་མཛད་པའི་བློ་ལྡན་གྱི་རྣམ་ཐར་ལས་ཁོང་གིས་བློ་ལྡན་མགུར་འབུམ་ལ་དཔྱད་གཞི་བྱས་ཡོད་ཚུལ་གསལ་ལ། མཁས་དབང་ཆེན་མོ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་བློ་ལྡན་རྣམ་ཐར་ལས།“ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས། གཞན་ཡང་དང་པོ་དབང་ལུང་ཐོབ་ཚུལ། བར་དུ་སྙན་དུ་བརྒྱུད་ཚུལ། ཐ་མ་བཀའ་རྒྱ་གྲོལ་ཚུལ། སྐྱེ་བ་བཞེས་ཚུལ། རྟག་གཟིགས་ཞིང་ཁམས་མཇལ་ཚུལ། སྤྱི་རྗེ་ཁྱུང་གི་ཞུས་ལན། རྟག་གཟིགས་མཁའ་འགྲོས་ཞུས་ལན། ཨོ་རྒྱན་ཟངས་མདོག་དཔལ་རིའི་མཇལ་སྣང་། ཨོ་རྒྱན་དུར་ཁྲོད་བརྒྱད་ཀྱི་མཇལ་སྣང་། ལས་གྲུབ་མཁའ་འགྲོས་ཞུས་ལན། ཚེ་དབང་རིག་འཛིན་གྱི་གསུང་ཟུར་ཟ་ཡེ་ཤེས་མཚོན་ཆ་དུས་བཞི་རྒྱལ་མོས་ཞུས་ལན། བརྟན་མ་བཅུ་གཉིས་སོ་སོས་ཞུས་ལན། རྐོང་པོ་བོན་རིའི་གནས་ཀྱི་སྲུང་མ་སོ་སོས་ཞུས་ལན། ཁྱད་པར་ཉང་ལྷ་བཙན་དྲུག་གིས་ཞུས་ལན། ཀླུ་བདུད་ཀྱིས་ཞུས་ལན། ལུང་བསྟན། ཁ་བྱང་། ཟུར་བྱང་། ཡང་བྱང་སོགས་མཇལ་སྣང་སྐོར་ལ་པོད་ཆེ་བ་གཉིས། ཡང་རྟ་ཤོད་དཀྱིལ་འཁོར་ཐང་གི་གྱིམ་ཚའི་གདུང་འབུམ་ཞེས་པའི་དེའུ་འབུར་དེའི་ནང་གི་གཟིགས་སྣང་ལེའུ་ཆུང་གཅིག་བཅས་ཡོད།”ཞེས་གསལ་བས། འདིར་ད་དུང་ལེའུ་ཁ་ཤས་འཁོད་མི་འདུག་པ་མ་གཏོགས། འདི་དག་བློ་ལྡན་མགུར་འབུམ་ནང་འཁོད་ཡོད་ལ། པོད་འདི་གཉིས་ལ་བློ་ལྡན་མགུར་འབུམ་ཞེས་ཟེར་བ་ཡིན་ནོ།།

དྲི་མེད་གཟི་བརྗིད་ཁྲོ་ཆེན་ཤིང་དཔར་མའི་མཇུག་བྱང་སྨོན་རྒྱལ་སངས་རྒྱས་རིན་ཆེན་དཔལ་བཟང་གིས་བརྩམས་མཛད་པ་དེ་རུ་མཛད་མདོ་རྒྱས་པ་གཟི་བརྗིད་གྱེར་སྤུངས་ཆེན་པོས་སྟག་གཟིག་ཡུལ་ནས་སྤྱན་དྲངས་པ་དང་ལོ་པཎ་བརྒྱད་དང་སྡེབ་ནས་ལོ་ཙཱ་བསྒྱུར་ཚུལ། བཀའ་གཏེར་གཉིས་སུ་སྤྲོས་ཚུལ་གསལ་བ་དག་ལ་དཔྱད་ན། ཁོང་གིས་བློ་ལྡན་མགུར་འབུམ་ལ་གཟིགས་ཤིང་དཔྱད་གཞི་བྱས་ཡོད་པ་ཤེས་ལ། མདོ་དྲི་མེད་གཟི་བརྗིད་ཤིང་པར་ལ་བཞེངས་པའི་སྐབས་དེར་བློ་ལྡན་མགུར་འབུམ་ཆ་ཚང་ཞིག་རྒྱལ་རོང་ཁྲོ་ཆེན་རྒྱལ་པོའི་ཡིག་ཚང་དུ་བཞུགས་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཡིན། གཞན་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་དང་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་གཉིས་ཀྱིས་མཛད་པའི་བློ་ལྡན་རྣམ་ཐར་ལས། ཡོངས་འཛིན་སངས་རྒྱས་བསྟན་འཛིན་ཞལ་སྔ་ནས་ཞེས་བློ་ལྡན་མགུར་འབུམ་གྱི་ལེའུ་དག་བགྲངས་འདུག་པས། ཡོངས་འཛིན་སངས་རྒྱས་བསྟན་འཛིན་མཆོག་ནས་མགུར་འབུམ་འདི་ཉིད་མཇལ་མྱོང་བ་འདྲའོ།།

བཞི་པ། ནང་དོན་གྱི་སྐོར།

འདི་ནི་གཙོ་བོ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་ཞིབ་འཇུག་བྱ་མཁན་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་དཔེ་ཆ་ཞིག་རེད། འདིར་བློ་ལྡན་སྙིང་པོས་བླ་མ་གང་ལ་བསྟེན་པ། གནས་གང་ཞིག་ལ་བྱོན་པ། ཡུལ་གང་ལ་བཞུགས་པ། བོན་ཅི་ཞིག་བསྒྲུབས་པ། འཁོར་སློབ་དང་དགེ་གྲོགས་སུ་ཞིག་ཡོད་པ། ཉམས་ལེན་ཇི་ལྟར་གནང་བ། དགུང་ལོ་དུ་ཙམ་ལ་སྙན་བརྒྱུད་ཕབ་པ། བོན་སྡེ་གང་ཞིག་སྙན་བརྒྱུད་བྱས་པ། སྐུ་ན་གཞོན་དུས་སུ་བྲིས་འདོན་སོགས་ལ་བརྟེན་ནས་འཇིག་རྟེན་གྱི་ལྟོ་ཟས་རྒྱབ་གོས་གཉེར་ཚུལ་སོགས་འཁོད་ཡོད། གཞན་ཡང་སྟག་གཟིག་དང་ཨོ་རྒྱན་རྒྱ་གར་སོགས་ཀྱི་མཇལ་སྣང་དེ་དག་ལས་ཡུལ་དེའི་བཀོད་པ་ཆགས་ཚུལ་སོགས་སྣང་བས་དེ་དག་ལ་ཞིབ་འཇུག་བྱ་མཁན་རྣམས་ལ་དགོས་གལ་ཆེ་བའི་རྒྱུ་ཆ་འབའ་ཞིག་འདུག གཞན་ཁོང་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དུ་ཕེབས་སྐབས་མཁའ་སྤྱོད་ཞིང་དུ་རིག་འཛིན་དག་གི་བཞུགས་སའི་གཞལ་ཡས་ཁང་གི་ཕྱི་ནང་བཀོད་པ། ཡི་དམ་ཕུར་པ་དང་ཁྲོ་བོ་སོགས་ཀྱི་གཞི་དཀྱིལ་འཁོར་གྱི་ཚད་གཞི། བུམ་པ་བཀོད་སྟངས། མཚན་ལྡན་ཡོལ་ཆེན་གྱི་ཞལ་བུ་དགུ་དང་དེའི་དར་ཚོན་སྣ་དགུའི་ཞལ་ཁེབ། མདའ་དར་མེ་ལོང་སོགས་རྒྱན་རྫས་བཤམས་སྟངས། གཏོར་མ་སྨན་རག་སོགས་བཤམ་སྟངས། འབྲུ་སྣ་དཀར་མངར་ཤ་ཁྲག་སྨན་སྣ་སོགས་ཚོགས་ཀྱི་ཡོ་བྱད་བཤམ་ཚུལ། སྒྲུབ་ལ་འཇུག་སྟངས་ཀྱི་གྱེར་དབྱངས་སྟངས་སྟབས་སོགས་གསལ་ཏེ། དཔེར་ན།《བར་དུ་སྙན་དུ་བརྒྱུད་ཚུལ་གྱི་ལེའུ》ལས་ཅུང་ཙམ་དྲངས་ན། “ཀུན་གྱི་གླུ་གར་རོལ་མོ་བསྒྱུར་ནས། སྟག་འགྲོས་སེང་སྟབས་ཀྱིས་ས་བཅད་ཅིང་། ཕྱི་མཚམས་དབུ་ནས་གྱེར་བར་འདུག དེ་ནས་སྐབས་སུ་སྤྱན་དྲངས་པ་ལ། གཤེན་པོ་རྣམས་བཞིངས་ནས། རོལ་མོ་རྣམས་བཏེགས་ནས་གྱེར་བར་འདུག”(639) ལྟ་བུ་རེད། དེས་ན་སྨན་སྒྲུབ་ཆེན་པོ་འཚོགས་མཁན་གྱི་དགོན་སྡེའི་དབུ་མཛད་དང་། གསང་སྔགས་ཀྱི་ལས་རིམ་ལ་བརྩོན་པའི་རྣལ་འབྱོར་པ་དག་གིས་གཟིགས་དགོས་ངེས་ཀྱི་སྐོར་མང་པོ་འདུག

དམིགས་གསལ་དོ་སྣང་དགོས་ས་ཞིག་ནི་སྟག་གཟིག་ཡུལ་གྱི་མཇལ་སྣང་ཞེས་པའི་ལེའུ་དེ་རུ་འོལ་མོ་ལུང་རིང་གི་ཞིང་བཀོད་དང་ཆགས་ཚུལ་གསལ་ཞིང་། སྤྱི་ལོ(1956)ལོར་སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་མཆོག་ཁྱུང་ཡུལ་དུ་ཕེབས་སྐབས་ཝ་དགེ་དགོན་ལ་བཞུགས་ཤིང་། སྐབས་དེར་ཝ་དགེ་དགོན་གྱི་འདུ་ཁང་གི་ལྡེབས་རིས་སུ་སྤྲུལ་སྐུ་བློ་ལྡན་སྙིང་པོས་བཞེངས་བཀོད་བྱས་པའི་འོལ་མོ་ལུང་རིང་གི་བཀོད་པ་ཞིག་ཡོད་པ་དེ་ལ་ཐུགས་དགྱེས་ནས་ཁོང་ཕྱིར་སྨན་རི་དགོན་དུ་འབྱོར་རྗེས་ཁྱུང་ཡུལ་དུ་ལྷ་སྐུ་རྟེན་གསུམ་རྩ་ཆེན་དུ་མ་ཞིག་མཆིས་རུང་། ཤིན་ཏུ་རྩ་ཆེ་བ་ནི་ཝ་དགེ་དགོན་དུ་བཞུགས་པའི་འོལ་མོ་ལུང་རིང་གི་བཀོད་པ་དེ་རེད་ཅེས་བསྔགས་བརྗོད་གནང་ཡོད་སྲོལ་འདུག ཞིང་བཀོད་དེ་སྤྲུལ་སྐུ་བློ་ལྡན་སྙིང་པོ་རྫུ་འཕྲུལ་གྱིས་འོལ་གླིང་དུ་ཕེབས་སྐབས་སུ་འོལ་གླིང་གི་མཇལ་སྣང་ལ་དཔེ་བླངས་ནས་བཞེངས་ཡོད་སྐད། དེས་ན་ང་ཚོས་སྐབས་དེར་ཝ་དགེ་དགོན་དུ་བཞུགས་པའི་འོལ་མོ་ལུང་རིང་གི་བཀོད་པ་ཇི་འདྲ་ཞིག་ཡོད་མེད་ལེའུ་འདིར་འཁོད་པའི་འོལ་གླིང་གི་ཞིང་བཀོད་འདི་མཇལ་ནས་ཤེས་ཐུབ་བོ།།

《ཨོ་རྒྱན་མཇལ་སྣང་གསོལ་འདེབས་བཞུགས》ཞེས་པའི་ལེའུ་དེ་རུ་གྱེར་སྤུངས་ཡབ་སྲས་གསུམ་གྱི་འཁོར་དུ་སེམས་དཔའ་ཉེར་ལྔ་བཞུགས་ཡོད་པ་དག་གི་མཚན་ནི“སྟག་གཟིག་ཟ་རང་མེ་འབར་དང་། གཡུང་དྲུང་འོད་གསལ་བདེ་བ་དོན་ལྡན་དང་། ཁྲི་སྡེ་འོད་གསལ་ཁྲི་རྒྱལ་གཙུག་ཕུད་དང་། ཨོ་རྒྱན་ནམ་མཁའ་མན་ངག་སྙིང་པོ་དང་། གཡུང་དྲུང་སྙིང་པོ་འཁོར་ལོ་བདེ་སྤྱོད་དང་། བདུད་རྩི་འོད་འཕྲོ་ནམ་མཁའི་སྙིང་པོ་དང་། རྒྱ་གར་ལྷ་བདག་སྔགས་དྲོལ་དང་། ནམ་མཁའ་གསལ་གྲུབ་དོན་ཡོད་བདེ་བ་དང་། ཁྲོ་གསས་པད་མ་བདེ་བ་སྙིང་པོ་དང་། ཞང་ཞུང་ཧྲིང་ནི་མུ་ཏིང་། དམུ་ཙ་གྱེར་མེད་དམུ་ཙ་ཙོ་ཡེར་དང་། མཁའ་གསལ་འོད་ཟེར་གྱེར་ཆེན་ཟླ་མེད་དང་། ཕྲོམ་གཤེན་ངམ་པ་མཐུ་ཆེན་དང་། མུ་སྤུངས་གསལ་སྟོང་དང་། སུམ་པ་དབུ་དཀར། ལི་བོན་མུ་རྒྱུང་དང་། ན་རོ་བོན་ཆུང་དང་། དེ་ལ་སོགས་པའི་གྲུབ་ཐོབ་མང་དུ་སྣང་།”ཞེས་སྟག་གཟིག ཨོ་རྒྱན། རྒྱ་གར། ཞང་ཞུང་། ཕྲོམ། སུམ་པ་སོགས་ཀྱི་གྲུབ་ཐོབ་དུ་མ་ཞིག་གི་མཚན་སྣང་ལ། མི་ལ་རས་པའི་རྣམ་ཐར་ནང་དུ་ན་རོ་བོན་ཆུང་ཞེས་པ་ཞིག་ཡོད་པ་ཀུན་གྱི་མཁྱེན་གསལ་ལགས་ཤིང་། བོན་གྱི་དཔེ་རྒྱུན་གཞན་པ་དག་གི་ཁྲོད་དུ་ན་རོ་བོན་ཆུང་ཞེས་མཐོང་དཀོན་ཞིང་དེར་བརྟེན་དོན་དངོས་ཐོག་ན་རོ་བོན་ཆུང་ཞེས་པ་ཞིག་བྱུང་ཡོད་མེད་ལ་དོགས་གཞི་ཡོད་པ་རེད། དེས་ན་འདི་ནི་དེའི་སྐོར་གྱི་དཔྱད་གཞི་ཞིག་ཆགས་འདུག གཞན་འདིའི་ནང་དུ་རྒྱལ་སྲས་སྤུ་སྡེ་གུང་རྒྱལ་སྐབས་ཞང་ཞུང་ནས་བོན་བསྟན་བོད་ལ་དར་ཚུལ་ཕྱིས་གཏེར་སྦས་ཚུལ་སོགས་བོད་ཀྱི་ལོ་རྒྱུས་དང་ཕྱོགས་བཞིའི་ཡུལ་གྲུ་དག་གི་བཀོད་པ་སོགས་གསལ་བས་དཔྱད་གཞི་ཡིག་ཆ་གལ་ཆེན་ཞིག་ཏུ་མཐོང་།

ལྔ་པ། དཔེ་རྒྱུན་གཞན་པ།

ད་ལན་ཕྲན་གྱིས་གཙོ་བོ་རྩེ་དྲུག་དགོན་དུ་བཞུགས་པའི་བློ་ལྡན་མགུར་འབུམ་འདི་ཉིད་དཔྱད་གཞི་བཟུང་བ་ཡིན་ལ། འདི་ལས་གཞན་པའི་དཔེ་རྒྱུན་ཞིག་ཡོད་པ་ནི། སོག་སྡེ་བསྟན་པའི་ཉི་མས་པར་བསྐྲུན་བྱས་པའི་བོན་གྱི་བཀའ་བརྟེན་ཁྲོད་དུ་བཞུགས་པའི་བློ་ལྡན་མགུར་འབུམ་རེད། འོན་ཏེ་སོག་སྡེའི་བཀའ་བརྟེན་ཁྲོད་དུ་ཡོད་པའི་བློ་ལྡན་མགུར་འབུམ་དེར་པོད་གཅིག་བྱས་ཡོད་ཅིང་། མིང་ལ《སྤྲུལ་སྐུ་བློ་ལྡན་སྙིང་པོའི་གསུང་འབུམ། 》ཞེས་བཏགས་ཡོད་པ་ལས་བློ་ལྡན་མགུར་འབུམ་ཞེས་བཏགས་མེད། དཔེ་ཆ་དེའི་མ་དཔེ་ནི་ཀོང་པོ་རྒྱལ་རི་དགོན་དུ་བཞུགས་འདུག་ཟེར་ལ། མ་དཔེ་འཚོལ་བསྡུ་མཁན་ནི་ཁྱུང་པོ་རྩེ་དྲུག་དགོན་གྱི་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་ལགས་རེད། ཁོང་གིས་སོག་སྡེའི་བཀའ་བརྟེན་གྱི་མ་དཔེ་འཚོལ་བསྡུ་བྱེད་སྐབས་བློ་ལྡན་མགུར་འབུམ་གཉིས་ལག་སོན་བྱུང་འདུག་ཅིང་། གཅིག་གོང་དུ་གླེང་བའི་རྩེ་དྲུག་དགོན་དུ་བཞུགས་པ་དེ་དང་། གཅིག་ཤོས་ཀོང་པོ་རྒྱལ་རི་དགོན་དུ་བཞུགས་པ་འདི་རེད། བདག་གིས་ཁོང་ལ་འདིའི་ཐད་ནས་བཅར་འདྲི་བྱས་སྐབས་ཁོང་གིས་འདི་ལྟར་གསུངས་སོང་། ཀོང་པོ་རྒྱལ་རི་དགོན་དུ་བཞུགས་པ་དེ་ཅུང་ཟད་རྙིང་ཆེ་འདུག་པས། དེ་མ་དཔེར་བཞག་ཅིང་དེའི་ནང་མེད་ལ་རྩེ་དགོན་དུ་བཞུགས་པ་དེའི་ནང་ཡོད་པའི་ལེའུ་དག་ཁ་སྣོན་བྱས་ནས་དཔར་བ་ཡིན་ཞེས་ཟེར། འདི་གཉིས་ཡིག་གཟུགས་རྩིང་ཞིབ་དང་བཟོ་ལྟ་ཅུང་ཟད་མི་འདྲ་ལ། སོག་སྡེའི་བཀའ་བརྟེན་དུ་བཞུགས་པ་དེ་རྩེ་དགོན་དུ་བཞུགས་པ་འདི་ལས་ལེའུ་ཁ་ཤས་ཤིག་མང་བ་ཡོད། གཞན་ཡི་གེའི་དག་ཆ་སོགས་ནས་མི་འགྲིག་པ་འགའ་ཞིག་འདུག་སྟེ། དཔེར་ན། སོག་སྡེའི་བཀའ་བརྟེན་དུ་བཞུགས་པའི་བློ་ལྡན་མགུར་འབུམ་ལས། བློ་ལྡན་ཆུང་དུས་ཀྱི་ལོ་རྒྱུས་བསྟན་སྐབས“ལོ་ལྔ་ལོན་ནས་ཡིག་རྩིས་བསླབ། བདུན་བརྒྱད་དགུ་ནས་ཀློག་འདོན་ཤེས། དབང་ཆེན་ངོ་མཚར་རྒྱས་པ་ལ། མ་བསླབ་རང་རྡོལ་ཤེས་ཟེར་བྱུང་།”ཞེས་བྱུང་ལ། རྩེ་དགོན་དུ་བཞུགས་པའི་བློ་ལྡན་མགུར་འབུམ་ལས། “ལོ་ལྔ་ལོན་ནས་ཡིག་རྩིས་བསླབས། ལྔ་བརྒྱད་དགུ་ནས་ཀློག་འདོན་ཤེས། དབང་ཆེན་ངོ་མཚར་རྒྱས་པ་ལ། མ་བསླབ་རང་རྡོལ་ཤེས་ཟེར་བྱུང་།”ཞེས་གཅིག་ཏུ་དགུང་ལོ་ལྔ་ནས་ཡི་གེ་བསླབ་ཅིང་ལྔ་ནས་ཤེས་སོང་བ་དང་གཅིག་ལས་ལྔ་ནས་བསླབ་ཅིང་བདུན་ནས་ཤེས་སོང་བ་ལྟ་བུ་མི་འདྲ་བ་བྱུང་འདུག དེ་གཉིས་གང་ཞིག་བདེན་མིན་ནི《བློ་ལྡན་རྣམ་ཐར་ཉུང་བསྡུས》ལས།“ལོ་ལྔ་ལོན་ནས་ཡིག་རྩིས་སློབ་བྱས་ནས། ལོ་བདུན་ཐོག་ནས་འབྲི་འདོན་ཐོག་པ་མེད། ” ཅེས་པའི་ཡིག་ཆ་འདིས་གསལ་པོ་ཤེས་ཐུབ་བོ།། དེ་བས་འདི་གཉིས་བར་ལ་ཡི་གེ་ཁ་ཤས་མི་འགྲིག་པས་དཔྱད་བསྡུར་བྱ་དགོས་སའང་འདུག་གོ།

དྲུག་པ། ཞོར་འཕྲོས།

བདུད་འདུལ་སྤྲུལ་སྐུའི་ཐོ་ཡིག་ནང་འཁོད་པའི“ཁ་བྱང་མ་འོངས་ལུང་བསྟན་འཇིག་རྟེན་གསལ་བྱེད་ཉི་མའི་འཁོར་ལོ། གློ་བྱང་ཟུར་བརྡེག་སྐྱོན་ཡོན་ཤན་འབྱེད་གསེར་གྱི་ཐིག་ཤིང་། ཡང་བྱང་འཕྲུལ་གྱི་སྒྲོན་མ།” གསུམ་མམ་དཔལ་ཚུལ་གྱི་བློ་ལྡན་རྣམ་ཐར་དུ་འཁོད་པའི“ལུང་བསྟན། ཁ་བྱང་། ཟུར་བྱང་། ཡང་བྱང་།”ལྟ་བུ། ད་ལྟ་ཟུར་དུ་བོན་གྱི་བཀའ་བརྟེན་ཁྲོད་དུ་ཡོད་པ་ལས། རྩེ་དགོན་དུ་བཞུགས་པའི་བློ་ལྡན་མགུར་འབུམ་དང་ཀོང་པོ་རྒྱལ་རི་དགོན་དུ་བཞུགས་པའི་བློ་ལྡན་མགུར་འབུམ་མ་དཔེ་བཞག་ནས་དཔར་བའི་སོག་སྡེའི་བཀའ་བརྟེན་ཁྲོད་ཀྱི་བློ་ལྡན་མགུར་འབུམ་དུ་བཞུགས་མེད།

བློ་ལྡན་ཁ་བྱང་སྐོར་གྱི་ལུང་ཚིག་དྲངས་ཡོད་པའི་དཔེ་ཆ་མང་པོ་ཞིག་ཡོད་དེ། བདེ་ཆེན་གླིང་པས་བརྩམས་པའི《གཤེན་རབ་བཀའ་འབུམ་ཆེན་པོའི་དཀར་ཆག》ལས།“བློ་ལྡན་གྱི་ལུང་བསྟན་རྒྱས་འབྲིང་བསྡུས་གསུམ། ཁ་བྱང་། ཡང་བྱང་། ཟུར་བྱང་ལ་སོགས་ལུང་བསྟན་གྱི་སྐོར་རྣམས་སོ།།”(300)ཞེས་ཁ་བྱང་སྐོར་དེ་དག་འཁོད་ཡོད་ལ། མཁན་ཉི་མ་བསྟན་འཛིན་གྱིས་མཛད་པའི《བསྟན་རྩིས་རྣམ་བཤད་པན་ཙ་ལི་ཀའི་ཆུན་པོ》དང་། ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི《གཡུང་དྲུང་བོན་གྱི་བསྟན་འབྱུང་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན》གཉིས་ལས“སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ཁ་བྱང་གསལ་བྱེད་འཕྲུལ་གྱི་མེ་ལོང་ལས”(1043) (360)ཞེས་ལུང་དྲངས་འདུག་ལ། སློབ་དཔོན་ཡོན་ཏན་རྒྱ་མཚོས་མཛད་པའི《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།》ལས།“ སྤྲུལ་སྐུ་བློ་ལྡན་ཁ་བྱང་ལས ”(975) ཞེས་ལུང་དྲངས་འདུག་པས། མ་འོངས་ལུང་བསྟན་སྐོར་གྱི་ཁ་བྱང་དེ་དག་དུས་འགྱུར་སྔོན་དུ་བོན་གྱི་གྲྭ་ས་གོང་འོག་ཁག་ལ་བཞུགས་ཡོད་པ་ཤེས་མོད། བློ་ལྡན་མགུར་འབུམ་བཞུགས་ཡོད་མེད་རྟོགས་དཀའ་འོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།