ཚིག་འགྲོས་གསར་པའི་མྱོང་སྣང་།

རྩོམ་པ་པོ།ཁྲི་ཕུན་ཚོགས། རྩོམ་ཁུངས།རེབ་གོང་བོན་མང་དྲ་ཚིགས།

རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་གསུངས་པ་ནང་བཞིན་བྱ་དངོས་གང་ཞིག་གཞལ་བྱའི་གནས་ལུགས་འཁྲུལ་མེད་ཀྱིས་ཧ་ཅང་ཇི་ལྟ་བ་བཞིན་དུ་དཔྱད་པའི་ཞིབ་ཕྲའི་རིགས་ལམ་དང་རྟོགས་གྲོལ་གྱི་ལམ་དུ་ཤར་བའི་བསམ་བློས་གོ་བའི་ཉམས་ལེན་པ། ཚིག་གི་སྡེབ་ལེགས་པ་དང་དོན་གྱི་གནད་ཁེལ་བ། སྙན་པའི་རྣར་འཁྲོལ་བས་སེམས་ཡིད་བདེ་ཞིང་སྤྲོ་བ་སྐྱེད་པའི་ཡན་ལག་ཏུ་གྱུར་བའི་ངག་གི་དཔལ་གསུམ་ནི་རིག་གཞུང་གང་ཞིག་བརྩམས་པར་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རྣམ་གསུམ་དུ་གྲགས་པ་བཞིན་ནོ།།
མི་རིགས་གང་ཡིན་ཡང་དེ་ལ་ཐུན་མིན་གྱི་རིག་གནས་ཡོད་པ་ནང་བཞིན་མི་རིགས་གང་དེའི་རིག་གནས་བེད་སྤྱོད་གཏོང་ལུགས་དང་བརྩི་མཐོང་ཆེ་བ་ནི་མི་རིགས་གང་དེའི་སྔར་ལས་གོང་དུ་འཕེལ་བའི་རྟགས་མཚན་ལྟ་བུ་རེད། དེ་བཞིན་དུ་སྔར་གྱི་སྙན་གཞུང་མེ་ལོང་མས་སྐབས་དེའི་མི་རིགས་ཤིག་གི་རིག་གཞུང་ཚབ་བྱེད་མི་ཐུབ་ན་ཡང་བརྩི་མཐོང་ཧ་ཅང་བྲིན་ཆེ་བ་དང་ཁྱབ་ཁོངས་གང་སར་དར་ཆེ་བས་མི་རིགས་རང་གི་རིག་གནས་ལྟ་བུ་དང་ཚུར་རང་གི་རིག་གཞུང་ལ་ཞབས་འདེགས་ཞུ་བས་གནས་ལགས་སོ།། གང་ལྟར་སྙན་གཞུང་མེ་ལོང་མ་གངས་རིའི་ཁྲོད་དུ་འཆད་ཉན་གྱི་དབུ་ཚུགས་པ་ནས་བཟུང་རྒྱ་མཚོ་ཆེན་པོའི་ཀློང་བརྡོལ་བ་ལྟར་དུ་བྱོན་པའི་མཁས་དབང་རྣམས་ཀྱི་སྙན་རྩོམ་ལ་སྔར་ལས་ཁྱད་འཕགས་ཀྱི་འཇོན་ནུས་འབུར་དུ་ཐོན་ཡོད་དེ། དཔེར་ན་རྒྱལ་དབང་ལྔ་བ་དང་འཇུ་མི་ཕམ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཞང་ཞུང་བ་ཆོས་གྲགས། དགེ་འདུན་ཆོས་འཕེལ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་ཀྱི་ལྗགས་རྩོམ་ལས་ཚིག་དོན་གྱི་ཉམས་འདོན་ཚུལ་སོགས་རྩོམ་པ་པོ་རང་ངོས་ལ་རྩོམ་གཤིས་རང་མཚན་པ་ཞིག་གྲུབ་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ་བོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ནི་ལྔ་ཟུང་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་ཟབ་གསལ་རྣོ་མྱུར་གྱི་རྩལ་ཡོངས་སུ་རྫོགས་ཤིང་རྣམ་མང་སྐད་ཡིག་གི་བརྗོད་དོན་ཕྲ་རགས་མ་ནོར་མ་འདྲེས་པའི་སྒོ་ནས་དཔྱད་འབྲས་ཀྱི་འཇོན་ནུས་བླ་ལྷག་མཐོ་བའི་ཤེས་བྱའི་རིག་གཞུང་མང་པོ་བརྩམས་གནང་མཛད་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད། ཁོང་ནི་དོན་དམ་པར་རང་རེའི་ཁ་བའི་ལྗོངས་སུ་བྱོན་པའི་པཎྚིཏ་མང་པོའི་ཁྲོད་ཆེས་མངོན་གསལ་དོད་པའི་མཁས་དབང་ཆེན་མོ་བ་ཞིག་ཡིན་ཞིང་སྐུ་ཚེ་གང་བོར་མི་རིགས་རིག་གཞུང་གི་ཕྱག་ལས་ཁྲོད་ཐུགས་ངལ་མ་གནང་བའི་མི་བུ་རླབས་ཆེན་ཞིག་ཡིན། ཁོང་ནི་རྣམ་ཀུན་ཐུགས་གཤིས་དྲང་ལ་གཡོ་སྒྱུ་མེད་པའི་སྒོ་ནས་རང་རིགས་སྐྱེ་བོ་མཆོག་དམན་ཚང་མར་ལེགས་སྤེལ་ཉེས་ལྡོག་གི་བསླབ་བྱའི་བརྩམས་ཆོས་མང་པོ་མཛད་ཡོད་པ་མ་ཟད་ནང་བའི་ཆོས་ལུགས་གྲུབ་མཐའ་གང་ལ་ཆགས་སྡང་དང་ཕྱོགས་རིས་འཐེན་ཁྱེར་གྱི་ལྟ་བར་ཐུགས་སེམས་མི་སྤྲོ་བར་ངེས་དོན་གྱི་མཁས་དབང་ཆེན་མོ་ཞིག་ཡིན།
དཔེར་ན། དམ་པ་ཁོང་གི་ལྗགས་རྩོམ་ལས[ཕྱོགས་རིས་ཆེ་བ་ཆོས་པས་སྤང་བྱ་ཡིན།། ཕྱོགས་འཛིན་ངོ་བོ་འདོད་ཆགས་ཞེ་སྡང་རེད།། གྲུབ་མཐའི་ཕྱོགས་འཛིན་བསྟན་དོན་ཡིན་འདོད་ཀྱང་།། གྲུབ་པ་མིན་པ་ཉོན་མོངས་ཆེ་བས་གསལ།།] ཞེས་བོད་རང་གི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་འཚོ་བ། ཆོས་ལུགས་སོགས་མཚོན་པའི་བརྒྱུད་རིམ་གྱིས་དམ་པ་ཁོང་གི་བསམ་བློའི་ཀུན་སློང་གི་འཆར་སྣང་བཟོ་སྐྲུན་བྱེད་པའི་རྩོམ་སྟངས་སྒྱུ་རྩལ་གྱི་ཆ་དང་ཧ་ཅང་དཀྱིལ་ཡངས་པའི་རིགས་ཞེན་གྱི་བསམ་བློའི་འཇོན་ཐང་དུ་མས་ཕྱུག་པ་སོགས་ཀུན་ལས་ཁྱད་འཕགས་ཀྱི་མཛེས་པ་དང་སྙན་པ། དོན་གནད་གྲུབ་པ། རིན་ཐང་ལྡན་པ། ལེགས་པ་བསྡེབས་པའི་བརྗོད་སྙིང་མཁས་བརྒྱའི་གཙུག་གི་ཏོག་ལྟར་ཁོ་ནར་འབྱུང་བ་ནི་མངོན་སུམ་དུ་གྲུབ་པ་ཞིག་གོ།། དམ་པ་ཁོང་གི་གོང་གི་ཤོ་ལོ་ཀ་འདི་ལས་བསམ་བློའི་འདུ་ཤེས་དང་འཚོ་གཞིའི་ཉམས་མྱོང་གི་སྟེང་ནས་མི་རིགས་རང་གི་རིག་གཞུང་ཐད་ལ་བརྩེ་སེམས་ཟབ་མོ་ཞིག་བཅངས་ཡོད་པ་སྨོས་མ་དགོས་པས། མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་ལ་མཐོང་ཆེན་བྱས་ཏེ་བརྟག་ཅིང་དཔྱད་པའི་མྱོང་ཚོར་སྙན་རྩོམ་གྱིས་འབུར་དུ་ཐོན་པར་བྱས་པ་ལགས་སོ།། འདི་ལས་དམ་པ་ཁོང་གི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་གསོན་ཉམས་ལྡན་པའི་སྙན་རྩོམ་གྱི་རིན་ཐང་དང་མཁས་རྒུའི་ཡིད་དབང་དབང་མེད་དུ་འགུགས་པར་བྱེད་པའི་རྩོམ་རྩལ་གྱིས་ཁོང་གིས་མཛད་གནང་ཡོད་པའི་བསླབ་བྱའི་གསུང་ཚིག་གང་ལའང་གསེར་དངུལ་ལས་ལྷག་པའི་རིན་ཐང་ལྡན་ཞིང་ངོ་མཚར་གཟུགས་རིས་ཀྱི་རང་མདངས་ལམ་མེར་བཀྲ་བའི་རྒྱུ་མཚན་གྱིས་གངས་ཅན་མཁས་པའི་རིམ་བྱོན་ཁྲོད་ན་གཙུག་རྒྱན་དུ་གྲུབ་པའོ། དེ་བས་ང་ཚོས་དུས་ནམ་ཡིན་ཡང་ཁོང་གི་སྙན་ངག་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བསམ་བློའི་ཡིད་གཞུངས་ལ་དད་གུས་དང་བཅས་རྗེས་སུ་ཡི་རངས་བྱེད་དགོས་པའི་གནས་སོ།།
ཡང་དཔེར་ན། དམ་པ་ཁོང་གི་ལྗགས་རྩོམ་ལས[ཅན་བཞི་འཛུགས་བསྐྲུན་བྱེད་པའི་ཆུ་གཏེར་རླབས།། གྱེན་དུ་འཕྱུར་བའི་འཁྲི་ཤིང་མཐོན་པོའི་རྩེར།། ལྔ་རིག་མེ་ཏོག་ནམ་ཡང་ཝ་ལེར་བཞད།། སྲིད་ཇུས་བཟང་པོའི་ཉི་འོད་ཨ་ཧོ་མཚར།།]ཞེས་པ་འདི་ནི་གསལ་བཤད་སུམ་ཅུ་ཚང་བའི་རྣམ་པ་ཙམ་ལས་རྩོམ་པ་པོའི་མཁྱེན་རབ་ཀྱི་རྩལ་ལས་ཐོན་པའི་རྩོམ་གཤིས་ཕུན་སུམ་ཚོགས་པ། སྙན་ངག་མཁན་པོ་དག་གི་ཚོར་སྣང་ལའང་འཆར་མི་སྲིད་པ་ལྟ་བུའི་ཐུན་མོང་མ་ཡིན་པའི་མཛེས་ཤིང་སྙན་ལ་བབ་ཆགས་པའི་ཚིག་རྒྱན་རིན་ཐང་ཆེ་བ་དག་གིས་རྐང་པ་བཞི་བའི་ལྷུ་རྐང་དོ་མཉམ་པར་སྤྲས་ཡོད་པ་རེད། དམ་པ་ཁོང་གི་སྙན་ངག་གི་བསྟན་བཅོས་རྟོགས་བརྗོད་དང་རྣམ་ཐར། ཆབ་ཤོག བསྟོད་ཚོགས། བསླབ་བྱ་ལ་སོགས་པའི་རྩོམ་གཤིས་སུ་རྩོམ་སྟངས་དང་ཚིག་རྒྱན་རྒྱུན་མར་འབྱུང་ལ། ཤོ་ལོ་ཀ་འདིར་མཚོན་ན་ཡང་སྙན་རྩོམ་རིག་པའི་ཚིག་རྒྱན་སྦྱོར་ཚུལ་ལ་རང་གི་བློ་གྲོས་ཀྱི་བྱང་རྩལ་མཐོ་ཞིང་དཀྱིལ་ཡངས་བའི་བསམ་བློའི་དྭངས་ཀ་མངོན་པར་མཛེས་པར་བྱས་ཏེ་རྩོམ་ཉམས་བླ་ལྷག་ཏུ་བཀོད་ཡོད་པ་ཞིག་རེད། མདོར་དྲིལ་ན་དམ་པ་ཁོང་གི་ལྗགས་རྩོམ་གང་ལའང་སྤོབས་པ་གཟེངས་སུ་མཐོ་བ་མི་ཚད་མི་རིགས་རིག་གནས་དང་སྤྱི་ཚོགས་ལོ་རྒྱུས། ཆོས་ལུགས་དད་མོས་གང་ལའང་བརྟག་ཅིང་དཔྱད་པའི་རྟོགས་འགྱུ་གཞི་བྱས་ཏེ་ཚུར་སྣང་གི་གཟུགས་རིས་རྩོམ་རིག་སྒྱུ་རྩལ་གྱིས་འབྲི་བཞེངས་ཐབས་རྩལ་མངོན་ཡོད་པ་ལྟ་བུའོ། འདི་ལྟ་བུའི་རྩོམ་གྱི་རྩལ་དང་ཚིག་གི་ཏོག དོན་གྱི་གནད། སྐྱེས་སྦྱངས་ཀྱི་བློ་གྲོས་ཀྱིས་རྒྱན་པ་དག་ལ་གངས་ཅན་ཁ་བའི་ལྗོངས་ཀྱི་རིགས་སྨྲ་བ་བྱེ་བ་སྟོང་ཕྲག་མང་བས་ཧ་ཅང་དཀྱིལ་ཡངས་པའི་སྒོ་ནས་བསྟོད་བསྔགས་ཀྱི་ཤིས་ཚིག་དང་མེ་ཏོག་གི་ཕྲེང་བ་འབུལ་འོས་པ་ཞིག་རེད་དོ།།
རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས[ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།། དོན་གྱི་གོ་བས་ཚིག་གི་དག་ཐོན་པ།། སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས།། རྩོམ་སྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག།] ཅེས་རྩོམ་རིག་གི་ཚིག་སྦྱོར་སྒྱུ་རྩལ་ཐད་ལ་བསྔགས་བརྗོད་དང་སྨོན་ཚིག་གི་ཁ་གཡང་གནང་ཡོད་པ་དང་འབྲེལ་སྙན་ངག་རྩོམ་པར་རྩོམ་པ་པོའི་ཀུན་རྟོག་འཆར་སྣང་གི་འཇིག་རྟེན་གསར་བཞེངས་མཛད་ལུགས་ཕྱོགས་ནས་ཀུན་དང་གཅིག་མཚུངས་ཡིན་མི་དགོས་པར་རྩོམ་མཁན་རེ་རེར་ཐུན་མིན་གྱི་ཉམས་འདོན་སྟངས་དང་རྒྱན་སྤྲས་སྟངས་རང་རང་གི་བློ་གྲོས་ཀྱི་སྟོབས་དང་ཚིག་གི་རྩལ་སོགས་ཡིད་ཀྱི་བྱང་ཚད་སྣ་མང་ཡོད་པ་ལྟ་བུ་རེད། དཔེར་ན་གནའ་དེང་རིག་གཞུང་ཀུན་ལ་མཁྱེན་རྩལ་རྫོགས་པའི་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས[ཤེས་བྱ་མ་བསླབས་སུས་ཀྱང་མི་ཤེས་པས།། ཤེས་པར་འདོད་ན་སློབ་སྦྱོང་དག་ལ་རེམས།། མ་འབད་བྱ་བ་གང་ཡང་མི་འགྲུབ་པས།། མ་བསྐུལ་ན་ཡང་བརྩོན་འགྲུས་ཆེན་པོ་བསྐྱེད།།]ཅེས་པའི་གསུང་དུམ་འདི་ནི་ཚིག་རྒྱན་གྱིས་སྤྲས་པ་ཆེར་མེད་ཀྱང་རྩོམ་གྱི་ངོས་ཐད་ནས་སྙན་ཞིང་འཇེབས་ལ་བག་ཆགས་པ། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་ལྕི་ཡང་མེད་པར་དཔེ་དོན་ཐད་ཀར་རང་དབང་གི་ཉམས་ཀྱིས་འབྱོར་ཡོད་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའོ། འདི་ལས་ང་ཚོས་དམ་པ་ཁོང་གི་ལྗགས་རྩོམ་གང་གི་ངོས་ནས་གླེང་ན་སྙན་ཞིང་འཇེབས་པའི་ཉམས་འགྱུར་གྱི་གཤིས་ཀ་དང་མཛེས་པ་གཙོ་བོའི་ཉམས་བཏོད་ཚུལ་གྱི་རྩོམ་རྩལ། བརྗོད་དོན་གནད་ལ་འབབ་པའི་རིག་པ་སོགས་སྙན་ངག་འབྲི་བའི་རིན་ཐང་ཆེས་གཙོ་བོའི་གྲུབ་ལུགས་སུ་བསྟར་ཡོད་པ་རེད།
དེ་བས་ང་ཚོས་མཁས་དབང་བོན་བརྒྱ་བ་ཁོང་ཉིད་ལྟ་བུ་གཙོ་བྱས་མཁས་པ་སོ་སོའི་སྙན་རྩོམ་རིག་པའི་འབྲི་བཞེངས་ཁྱད་དུ་འཕགས་པའི་རྩོམ་སྟངས་སྤྱད་དེ་བོད་ཀྱི་ཤེས་རིག་གོང་འཕེལ་ལ་ནུས་པ་གང་ཡོད་འདོན་ཐུབ་པར་སྨོན་སེམས་དང་བཅས་མཁས་དབང་དམ་པ་མང་པོའི་རྩོམ་འབྲིའི་འཇོན་རྩལ་ལ་སློབ་སྦྱོང་དང་རྗེས་སུ་ཡི་རངས་ཞུ་ཞུ།

2020 3 13ཉིན་རྨ་ཡུལ་ཁྲི་ཀ་ནས།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།