སྲིད་པའི་བོན་གྱི་འཇིག་རྟེན་ཆགས་ཚུལ་སྐོར་གྱི་ལྟ་བར་རགས་ཙམ་དཔྱད་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།

ནང་དོན་གནད་བསྡུས། སྲིད་པའི་བོན་ལུགས་ཀྱི་གདོད་སྲིད་པ་དང་པོ་ཡེ་མེད་སྟོང་པའི་རང་བཞིན་དུ་གནས་ཚུལ་དང་། བར་དུ་ཡེ་ཡོད་ཅུང་ཙམ་དུ་ཇི་ལྟར་སྲིད་ཚུལ་དང་། མཐའ་མར་སྲིད་པའི་ཁམས་ཇི་ལྟར་འབྱེད་སྟངས་བཅས་ཀྱི་སྐོར་རགས་ཙམ་བརྗོད་ཡོད།
ཐ་སྙད་གཙོ་བོ། སྲིད་པའི་བོན། འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ། ལེའུ་ཡིག
སྤྱིར་བོན་ལ་རིགས་མང་ཡང་བསྡུ་ན།སྲིད་པའི་བོན་དང་གཡུང་དྲུང་བོན་གཉིས་ཀྱི་ཁོངས་སུ་མ་འདུས་པ་མེད་ཅིང་།དེ་ལས་སྲིད་པའི་བོན་ཞེས་པ་ནི་གཡུང་དྲུང་བོན་ལ་ལྟོས་ནས་བཤད་པའི་ཐ་སྙད་ཅིག་སྟེ། བསྐལ་པ་ཡ་ཐོག་སྲིད་པ་ཐོག་མར་ཆགས་ནས་བོད་ས་མཐོའི་སྒང་དུ་འགྲོ་བ་མིའི་རིགས་བྱུང་བའི་དུས་མཉམ་ནས་བྱུང་བའི་གདོད་མའི་ཆོས་ལུགས་དེ་ལ་ཟེར་བ་དང་། མགོན་ཤེས་ལྷ་བོན་དང་། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་དང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས་དང་། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན་དཔྱད་དང་། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ་དང་། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག་སོགས་མདོར་ན་བོན་གྱི་ཐེག་དགུ་ལས་རྒྱུའི་བོན་བཞི་ནི་སྲིད་པའི་བོན་གྱི་ནང་དོན་མཚོན་པའི་གཞུང་གཙོ་བོ་ཡིན། གནའི་བོན་སྲོལ་ལ་སྲིད་པའི་བོན་གྱི་ཆོ་ག་སྤེལ་མཁན་གང་ཟག་གམ་སྲིད་པའི་བོན་གྱི་གཞུང་དེ་དག་རང་རྒྱུད་དུ་ཉམས་སུ་ལེན་མཁན་གྱི་སྐྱེས་བུ་དག་ལ་ལེའུ་དང་། བོན་པོ་ལེའུ། སྲིད་པའི་ལེའུ། ལེ་ཀུ། ལྷ་བདག་ལེའུ་སོགས་ཅི་རིགས་འབོད་ཅིང་། བོན་པོ་ལེའུ་དེ་དག་གིས་སྤྱོད་པའི་སྲིད་པའི་བོན་གྱི་འདོན་ཆའམ་ཆོ་ག་ཕྱག་ལེན་སྐོར་གྱི་ཡིག་ཆ་ལ་ལེའུ་ཡིག་ཟེར་སྲོལ་ཡོད།གཤམ་དུ་གླེང་བར་བྱ་བ་ནི། ལེའུ་ཡིག་དང་འབྲེལ་སྲིད་པའི་བོན་གྱི་འཇིག་རྟེན་ཆགས་ཚུལ་སྐོར་གྱི་ལྟ་བ་རགས་ཙམ་དེ་ཡིན།

གཅིག གདོད་སྲིད་པའི་ངོ་བོའི་སྐོར་གྱི་ལྟ་ཚུལ།
དེ་ཡང་སྲིད་པའི་བོན་ལུགས་སུ། འཇིག་རྟེན་ནམ་གནམ་ས་འདི་མ་ཆགས་གོང་གི་གདོད་སྲིད་པའི་རང་བཞིན་ནམ་ངོ་བོའི་སྐོར་གླེང་སྐབས། ལེའུ་ཡིག་ཁྲོད་དུ་རྟག་པར་“དང་པོ་ཅི་ཡང་མེད་པ”་དང་། “ཡེ་མེད་སྟོང་པ”། ཡང་ན་“སྟོང་ལྡན་ཕྱོད་སུམ་རྗེ་ཞེས་པའི་བོན་བརྡ་འདི་རིགས་སྤྱད་དེ་གདོད་སྲིད་པ་སྟོང་པའི་རང་བཞིན་ཞིག་ཏུ་འཇོག་པར་མ་ཟད། འཇིག་རྟེན་ཆགས་གྲུབ་སྨྲ་བའི་རྣམ་གཞག་ཁྲོད་དུ། “སྟོང་པ”་ལས་སྣང་སྲིད་ཡོད་ཚད་སྲིད་ཚུལ་གྱི་ལྟ་བ་ཡང་བཏོན་ཡོད། དེས་ན། སྲིད་པའི་བོན་ལུགས་ཀྱི་གདོད་སྲིད་པའི་ངོ་བོ་གཏན་ལ་འབེབས་བྱེད་ཀྱི་རིག་པ་“ཡེ་མེད་སྟོང་པ”་དང་“སྟོང་ལྡན”་ཞེས་པ་གང་དེའི་བསྟན་དོན་ཅི་ཡིན་ཞེ་ན། བོན་གྱི་དཔེ་རྙིང་《མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》་ལས་ཕྱི་ནང་སྣོད་བཅུད་གང་ཡང་མ་བསྲིད་པའི་སྔོན་ཅི་ཡང་མ་ཡིན་པའི་དབྱིངས། ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་ཞེས་བྱ་བར་གནས་སོ་ཞེས་དང་།《སྲིད་པའི་མཛོད་ཕུག》་ལས་ཀྱང་སྲིད་པ་ལ་སྔ་བ་རང་འབྱུང་ཡེ་སྲིད་ནམ་མཁའ་དང་བཅས་པ་ཡིན་ཏེ། དེ་ལ་སྣོད་ཀྱི་འཇིག་རྟེན་བརྟེན་ཏེ་ཆགས་པའོ་ཞེས་སོགས་འཁོད་པར་གཞིགས་ན། “ཡེ་མེད་སྟོང་པ”་འམ་“སྟོང་ལྡན”་ཞེས་པ་དེ་ནི་ཕྱི་སྣོད་འཇིག་རྟེན་བརྟེན་པའམ་ཆགས་སའི་“ནམ་མཁའ་སྟོང་པ་”་ལ་འཇུག་ཅིང་། དེ་ལ་དངོས་རྣམས་གོ་འབྱེད་པའི་ནུས་པ་ཡོད་པར་མ་ཟད། མཐའ་འདིར་ཐུག་དང་མུ་འདིར་ཐུག་མེད་པ་ཞིག་ཡིན་སྟབས་“ཡེ་མེད”་དང་“སྟོང་ལྡན”་ཞེས་དེའི་ངོ་བོའམ་ཁྱད་ཆོས་གསལ་བོར་བསྟན་ཞིང་། སྲིད་པ་འཇིག་རྟེན་ཆགས་སྐབས་“ནམ་མཁའ་སྟོང་པ”་དེ་ནི་ཕྱི་ནང་སྲིད་པའི་འདུས་བྱས་མཐའ་དག་བསྐྱེད་པར་བྱེད་པའི་རྐྱེན་གཙོ་བོ་སྟེ། སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་ནི། བྱུང་ཡང་སྟོང་པའི་དབྱིངས་ཆེན་པོ་དེ་ནས་བྱུང་།གནས་ཀྱང་སྟོང་པ་དེ་ལ་གནས། སྡུད་ཀྱང་སྟོང་པ་དེར་སྡུད་པ་སྟེ། མདོར་ན་སྲིད་པའི་ཆགས་གནས་འཇིག་སྟོང་བཞི་ཡང་ནམ་མཁའ་སྟོང་པ་དེ་ལས་མ་འདས་ཕྱིར་ན། གདོད་སྲིད་པའི་ངོ་བོའི་སྐོར་གླེང་སྐབས་སྲིད་པའི་བོན་ལུགས་སུ་“དང་པོ་ཅི་ཡང་མེད་པ”་དང་། “ཡེ་མེད་སྟོང་པ”། ཡང་ན་“སྟོང་ལྡན་ཕྱོད་སུམ་རྗེ”་ཞེས་ནམ་མཁའ་སྟོང་པ་མཚོན་བྱེད་ཀྱི་བོན་བརྡ་འདི་རིགས་སྤྱད་པ་ཡིན་ལ། སྲིད་པའི་བོན་གྱི་འཇིག་རྟེན་ཆགས་གྲུབ་སྨྲ་བའི་ལྟ་ཚུལ་ཁྲོད་དུ། “ནམ་མཁའ་སྟོང་པ་”དེ་ལ་དེ་ལྟར་རྩིས་པོ་ཆེ་བྱེད་དོན་ཡང་སྲིད་པ་འཇིག་རྟེན་ཆགས་སྐབས་ནམ་མཁའ་སྟོང་པ་དེ་ཡིས་གལ་ཆེའི་ནུས་པ་བཏོན་ཡོད་པའི་རྒྱུ་མཚན་གྱིས་ཡིན།ཕྱིས་ཀྱི་གཡུང་དྲུང་བོན་གཞུང་ཕལ་མོ་ཆེར་ཡང་། “དང་པོ་ཡེ་མེད་སྟོང་པ”་འམ་“ཅི་ཡང་མེད་པ”་ཞེས་འབྱུང་བའང་ཐོག་མར་སྲིད་པའི་བོན་གྱི་རིག་པ་འདི་ལ་ཁུངས་བྱས་པར་མངོན་ཡང་། གཡུང་དྲུང་བོན་གྱི་འཕེལ་རིམ་ནང་དུ། བོན་བརྡ་དེ་དག་ནི་ནམ་མཁའ་སྟོང་པ་ཉིད་ལ་གོ་བའི་སྒྲ་ལས་ཡོངས་སུ་འགྱུར་ཏེ་ཕྱི་དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། ནང་སེམས་ཀྱི་གནས་ལུགས་སྟོང་ཚུལ་སོགས་ལ་གོ་བ་ཡོད་པས་ན། བོན་བརྡ་གཅིག་རུང་དོན་ལ་ཁྱད་པར་ཆེན་པོ་བྱུང་ཡོད་པ་རེད།

གཉིས། འཇིག་རྟེན་ཆགས་ཚུལ་སྐོར་གྱི་ལྟ་ཚུལ།
1.ཕྱི་སྣོད་འཇིག་རྟེན་ཆགས་ཚུལ།
ཕྱི་སྣོད་འཇིག་རྟེན་ཇི་ལྟར་ཆགས་ཤེ་ན། སྲིད་པའི་བོན་ལུགས་སུ། དང་པོ་ཡེ་མེད་སྟོང་པ་ལ། དེ་ལས་ཡེ་ཡོད་ཅུང་ཙམ་སྲིད་ཅེས་ནམ་མཁའ་སྟོང་པའི་ཀློང་ཆེན་པོ་ལ་འབྱུང་བའི་རྒྱུ་འབའ་ཞིག་ཚོགས་པ་ལ་བརྟེན་ནས་འཇིག་རྟེན་ཐམས་ཅད་སྐྱེས་པར་འདོད་པ་ལས། ལྷ་ག་གེ་མོའི་བློ་སྔོན་དུ་བཏང་བའམ་ཡང་ན་ལྷ་གང་ཞིག་གི་མཐུ་ནུས་ལས་བསྐྲུན་པར་མི་འདོད་དེ། བོན་གྱི་དཔེ་རྙིང་《འདུར་རྒྱུད་འཕྱར་བ་ཐང་ཆེན》་ལས་ཡོད་མེད་ནམ་མཁའ་དཀར་པོ་ལས། བསིལ་བ་རླུང་གི་ངད་པ་ཆགས། རླུང་ནི་ཡེ་རྫི་ངད་པ་བྱ། དེ་དབུགས་དང་རླུང་གི་རུ་མ་ཡིན། དེ་ལ་ཆུ་ཡི་ཟིལ་པ་འཐིག ཆུ་ནི་ཡེ་འབེབས་ཐིག་པར་བྱ། དེ་ཁྲག་དང་ཆུ་ཡི་རུ་མ་ཡིན།དེ་ལས་གསེར་གྱི་རྡུལ་ཕྲན་སྲིད། ས་ནི་གསེར་གྱི་ཕྲིས་མ་ཙམ། དེ་ཤ་དང་ས་ཡི་རུ་མ་ཡིན། དེ་ལ་མཐིང་ནི་ཀོར་མ་སྲིད། རྡོ་ནི་སྨྲ་རྡོ་ཡག་པ་ཙམ། དེ་རུས་དང་རྡོ་ཡི་རུ་མ་ཡིན། དེ་ལ་མེ་དབལ་འཇའ་ཙམ་སྲིད། མེ་ནི་ཚ་བ་དྲོད་འབེབས་བྱ། དེ་དྲོད་དང་མེ་ཡི་རུ་མ་སྟེ། དེ་ལྟར་རང་གྲུབ་བྱུང་བའི་ཁམས། སྣང་སྲིད་སྤྱི་ཡི་ཕྱི་གཞི་སྟེ་ཞེས་ཐོག་མར་ནམ་མཁའ་སྟོང་པ་ལ་ཡེ་རྫི་ངད་པ་སྟེ་འབྱུང་བ་རླུང་བྱུང་། དེ་ནས་རིམ་པར་ཡེ་འབེབས་ཐིགས་པ་སྟེ་འབྱུང་བ་ཆུ་དང་། གསེར་གྱི་རྡུལ་ཕྲན་ཏེ་འབྱུང་བ་ས་དང་། ཚ་བ་དྲོད་འབེབས་ཏེ་འབྱུང་བ་མེ་བཅས་བྱུང་མཐར། ད་གཟོད་འབྱུང་བ་ཕན་ཚུན་བར་གྱི་ནུས་སྟོབས་ལས་ཕྱི་སྣོད་འཇིག་རྟེན་གྲུབ་པར་འདོད་པ་ཡིན། དེ་མིན《གཙང་མ་ཀླུ་འབུམ་ཁྲ་བོ་དོན་འདུས་དཀར་ཆུང་》ལས་ཀྱང་ཅི་ཡང་མེད་པའི་ངང་ལས།འབྱུང་བ་ཡང་རིམ་གྱིས་ཆགས་སོ།། འབྱུང་བ་ཡེ་མེད་པ་ལས་ནམ་མཁའ་ཆགས། དེ་ལས་སྲིད་པའི་འབྱུང་བ་རླུང་ཆགས། དེ་ལས་སྲིད་པའི་འབྱུང་བ་ཆུ་ཆགས། དེ་ལས་སྲིད་པའི་འབྱུང་བ་ས་ཆགས། དེ་ལས་སྲིད་པ་ས་སྟེང་ས་འོག་ཆགས་ཞེས་ཕྱི་སྣོད་སྲིད་པ་ནི་ཡེ་མེད་སྟོང་པའི་ནམ་མཁའ་ལ་འབྱུང་བ་རླུང་ཆགས་པ་ནས་བརྩམས་ཏེ། རིམ་བཞིན་ས་ཆུ་སོགས་འབྱུང་བའི་ཁམས་འབའ་ཞིག་འདུས་པ་ལ་བརྟེན་ནས་ཕྱི་སྣོད་འཇིག་རྟེན་གྲུབ་པར་ཞལ་གསལ་བསྟན་ཡོད།
གོང་གི་སྲིད་པའི་བོན་གྱི་ལེའུ་ཡིག་སྔ་ཕྱི་གཉིས་ལས་བསྟན་པའི་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་གྱི་རིམ་པར་སྤྱི་སྡོམ་ཞིག་བཀོད་ན། སྔ་མ་《འདུར་རྒྱུད་འཕྱར་བ་ཐང་ཆེན》་དུ་ནམ་མཁའ→རླུང་→ཆུ→ས→ཕྱི་སྣོད་འཇིག་རྟེན་དང་། ཕྱི་མ་《གཙང་མ་ཀླུ་འབུམ་ཁྲ་བོ་དོན་འདུས་དཀར་ཆུང་》དུ་ནམ་མཁའ→རླུང་→ཆུ→ས→མེ→ཕྱི་སྣོད་འཇིག་རྟེན་ཡིན། ལེའུ་ཡིག་སྔ་ཕྱི་དེ་གཉིས་བསྡུར་ཚེ།ནམ་མཁའ་སྟོང་པའི་དབྱིངས་ཆེན་པོ་ལ་ཐོག་མར་འབྱུང་བ་རླུང་ཆེན་པོ་བྱུང་བ་དང་། དེ་ནས་རིམ་པར་འབྱུང་བ་ས་ཆུ་མེ་རླུང་གི་ནུས་པ་ལ་བརྟེན་ནས་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་གྱི་རིག་པའི་འགྲེལ་སྟངས་དེ་གཅིག་མཚུངས་སུ་སོང་ཡོད་པ་རེད། སྤྱིར་བཏང་སྲིད་པའི་གཞི་མ་དང་པོ་རླུང་གཡོ་བ་ལས་འགོ་ཚུགས་ཚུལ་གྱི་བཞེད་སྲོལ་འདི་རིགས།གནའ་བོའི་ཡོ་རོབ་གླིང་(欧洲)གི་མཚན་ཉིད་རིག་པའི་མཁས་ཆེན་ཁྲོད་ན་ཡང་བྱུང་ཡོད་དེ། དཔེར་ན། ད་ནས་ཡར་བརྩིས་པའི་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་དུ་འཁྲུངས་པའི་ཀེ་རེ་སིའི་希腊མཚན་ཉིད་སྨྲ་བ་ཨ་ན་ཁེ་རྨེ་ནེས(阿那克西美尼Anaximenes) ་སྲིད་པའི་གཞི་མ་དབུགས་སོ་ཞེས་འཇིག་རྟེན་ཐོག་མར་ཆགས་པའི་ཚེ་ན། འབྱུང་བ་རླུང་ལ་སྐྱེས་པའི་འབྲས་བུ་རགས་པ་སྣ་ཚོགས་སྐྱེད་པའི་ནུས་པ་ཡོད་ཚུལ་བཤད་ཅིང་། འདིར་བྱུང་བའི་སྲིད་པའི་བོན་གྱི་“རླུང་”དང་གནའ་བོའི་ཀེ་རེ་སའི་མཚན་ཉིད་རིག་པའི་ཁྲོད་ཀྱི་“དབུགས”་གཉིས་ཕལ་ཆེར་དངོས་རིགས་གཅིག་པར་གོ་དགོས་སྙམ། དེ་མིན་སྲིད་པའི་བོན་ལུགས་ཀྱི་ཕྱི་སྣོད་འཇིག་རྟེན་ཆགས་རིམ་ནི།ནམ་མཁས་གོ་འབྱེད་ཅིང་རླུང་རྡུལ་དང་། མེ་རྡུལ། ཆུ་རྡུལ་དང་། ས་རྡུལ་བཅས་འབྱུང་བའི་ཁམས་འབའ་ཞིག་ཚོགས་པ་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པར་འདོད་ལུགས་དང་། གནའ་བོའི་ཀེ་རེ་སིའི་མཚན་ཉིད་རིག་པའི་ལྟ་གྲུབ་ཁྲོད་དུ། འཇིག་རྟེན་ནི་ས་ཆུ་མེ་རླུང་གི་རྒྱུ་རྐྱེན་ལས་གྲུབ་ཅིང་། འབྱུང་བཞི་ནི་དངོས་པོ་རྣམས་ཀྱི་ངོ་བོའོ་ཞེས་ཕྱི་སྣོད་འཇིག་རྟེན་ནི་རྡུལ་ཕྲན་དུ་མ་འདུས་པ་ལ་བརྟེན་ནས་ཆགས་པར་འདོད་ཚུལ་གཉིས་རགས་པར་བསྡུར་ཚེ། བོད་ལ་གཡུང་དྲུང་བོན་གྱི་སྔ་རོལ་ནས་སྲིད་པའི་བོན་གྱིས་མཚོན་པའི་“རྒྱུ་མཐུན་འབྱུང་བའི་སྲིད་པ”་འམ་“རྒྱུ་མཐུན་སྲིད་པའི”་ལྟ་གྲུབ་ཀྱི་རིག་པ་ཞིག་རྒྱུན་འབྱམས་སུ་སོང་ཡོད་པ་རྟོགས་ནུས་པ་རེད།
2.ནང་སྲིད་སེམས་ཅན་གྲོལ་ཚུལ།
སྤྱིར་ན་གཡུང་དྲུང་བོན་ནམ་ཐུབ་བསྟན་ཆོས་གཞུང་གཉིས་སུ། ནང་བཅུད་སེམས་ཅན་གྱི་རིགས་ལ་“འགྲོ་བ་རིགས་དྲུག”་གི་ཐ་སྙད་བྱེད་མོད། སྲིད་པའི་བོན་ལྟར་ན།འགྲོ་བ་རིགས་གསུམ་སྟེ་ལྷ་འདྲེ་མི་གསུམ་དུ་བྱེད་ཅིང་། ནང་བཅུད་སེམས་ཅན་དེ་དག་ཀྱང་འབྱུང་ལྔ་གཞིར་བཞག་གི་སྟེང་དུ། སེམས་ཅན་ལ་ལ་ནི་ཆུ་དང་རླུང་གི་ནུས་པ་ཤས་ཆེ་བ་ལས་བྱུང་བ་དང་། འགའ་རེ་མེ་དང་ཆུ་གཉིས། ཁ་ཅིག་འབྱུང་བ་ས་དང་ཆུ། སེམས་ཅན་ལ་ལ་ཞིག་ནི་མེ་དང་ས་གཉིས་ཀྱི་ནུས་པ་ཤས་ཆེ་བ་ལས་ཆགས་པ་དང་།ཡང་ལ་ལ་ནི་འབྱུང་བ་ས་དང་རླུང་གཉིས་ཀྱི་ནུས་པ་ཤས་ཆེ་བ་ལས་བྱུང་བར་འདོད་ཡོད། དེ་ཡང་བོན་གཞུང་《གྱོད་སྒྱུར་དབུ་ལགསྷོ》་ལས་ཀྱེར་དང་པོ་ཡེ་མེད་སྟོང་པ་ལེས། དེ་ལེས་ཡེ་ཡོད་ཅུང་ཙམ་སྲིད། དེ་ལེས་སྲིད་པའི་རླུང་དྲུག་སྲིད། རླུང་དཀར་པོ་ལེས། དུང་མྱི་ལྷ་ཀར་སྲིད། རླུང་སྔོན་པོ་ལེས། སྨོན་མྱི་རྒྱལ་པོ་སྲིད། རླུང་ནག་པོ་ལེས། ངམ་མྱི་ནག་པོ་སྲིད་ཅེས་ནང་སྲིད་གྲོལ་སྟངས་ཀྱི་རིམ་པ་ནི། ཡེ་མེད་སྟོང་པ→ཡེ་ཡོད→①རླུང་དཀར་པོ→ལྷ→②རླུང་སྔོན་པོ→མི③རླུང་ནག་པོ་→ངམ→ནང་བཅུད་སེམས་ཅན་བྱུང་བར་བཤད། གོང་བསྟན་ལེའུ་ཡིག་ལས་ང་ཚོས་ཤེས་ཐུབ་པ་ནི། འབྱུང་བ་རླུང་ཁམས་ཀྱི་ནུས་པས་སྣང་སྲིད་མཐའ་དག་མ་བསྐྱེད་པ་མེད་པ་དང་། མི་གསོ་བ་མེད་པ། སྲོག་མ་བཟུང་བ་མེད་པ་དང་། མི་འདེགས་པ་མེད་པ། མི་བསྐྱོད་པ་མེད་པ་སྟེ་འབྱུང་བ་རླུང་གིས་ཐམས་ཅད་ཡང་ཞིང་གཡོ་བ་བཅས་ཀྱི་ལས་བྱེད་པས་ན། འབྱུང་བ་རླུང་གི་ནུས་པ་གཙོ་བོར་བཟུང་སྟེ་བརྗོད་ཡོད་པ་རེད། དེ་དང་མཚུངས་པར་《ཁྱུཾ་འབུཾ་གོང་མ་དབུ་ལགསྷོ》་ལས་ཀྱང་སྔུན་དང་པོ་ཡོདེ་སྟོང་པ་ལེས་།དེ་ལེས་ཡེ་ཡོད་ཅུང་ཙཾ་སྲིད་། དེ་ལེས་སྫིས་དང་ངད་དུ་སྲིད་། དེ་ལེས་འོད་དང་ཟེར་དུ་སྲིད་། དེ་ལེས་པ་དང་བློ་རུ་སྲིད། དེ་ལེས་ཟྱིལ་དང་ཕྲོད་དུ་སྲིད། དེ་ལེས་ལྷྲྰེའ་མྱི་༣་སྲིད་། ལྷ་ནི་དུང་མྱི་ཀོར་སྲིད་། སྨོན་མྱི་རྒྱལོ་སྲིད་། བདུད་ནི་ངཾ་མྱི་ནགོ་སྲིད་ཅེས་ལྷ་འདྲེ་མི་གསུམ་གྱིས་མཚོན་པའི་ནང་བཅུད་སེམས་ཅན་གྱི་གྲོལ་སྟངས་ནི། ཡེ་མེད་སྟོང་པ→ ཡེ་ཡོད→ རྫི→ འོད → ཟེར→བད→རློན→ཟིལ་བ→ལྷ་འདྲེ་མི་གསུམ་བཅས་ཡིན། སྐབས་འདིའི་རྫི་ནི་རླུང་གི་བརྡ་རྙིང་དང་། འོད་དང་ཟེར་གཉིས་གཅིག་ཏུ་བསྡུས་ཏེ་འབྱུང་བ་མེ་བཞག བད་རློན་ཟིལ་གསུམ་གཅིག་ཏུ་བསྡུས་ཏེ་འབྱུང་བ་ཆུ་ལ་བཞག་ཐོག་འབྱུང་བ་རླུང་གཡོ་བ་ལས་བརྩམས་ཏེ་རིམ་གྱིས་འབྱུང་བ་མེ་ཆུ་སོགས་ཀྱི་ནུས་པ་ལ་བརྟེན་ནས་ནང་སྲིད་འཇིག་རྟེན་གྲོལ་ཚུལ་གྱི་ལྟ་བ་བཏོན་ཡོད་པ་རེད། གོང་གི་ལེའུ་ཡིག་སྔ་ཕྱི་གཉིས་སུ་འབྱུང་ཁམས་ཀྱི་ནུས་སྟོབས་གང་ཆེ་ལས་ནང་བཅུད་སེམས་ཅན་གྲོལ་ཚུལ་ཐད་ཁྱད་པར་ཅུང་ཙམ་ཡོད་ན་ཡང་། ནང་བཅུད་སེམས་ཅན་ལ་སོགས་པའི་དངོས་པོ་ཇི་སྙེད་པ་ཡང་རྒྱུ་འབྱུང་བའི་བྱེད་ལས་ལ་བརྟེན་ནས་བྱུང་ཚུལ་ཐད་ལྟ་དགོངས་གཅིག་ཏུ་བབ་ཡོད་པ་རེད།

གསུམ། སྲིད་ཁམས་འབྱེད་སྟངས་སྐོར་གྱི་ལྟ་ཚུལ།
དེ་ཡང་སྲིད་པའི་བོན་ལུགས་ཀྱི་སྲིད་ཁམས་འབྱེད་སྟངས་ལ་“མ་སྲིད་དགུ་སྲིད་ཀྱི་སྲིད་པ”་དང་། “གཡེན་ཁམས་ཀྱི་སྲིད་པ”་ཞེས་ཅི་རིགས་སྣང་བ་ལས། སྔ་མ་ལྟར་ན། གནམ་ལ་ལྷ་གར་རྟེན་གསུམ་དང་། བར་ལ་མི་སྨྲ་གཤེན་གསུམ། ས་ལ་འདྲེ་སྲིན་བྱུར་གསུམ་བཅས་སྲིད་ཁམས་ཡོད་དོ་ཅོག་ནི་སྲིད་ཁམས་རིགས་དགུ་རུ་བསྡུས་ཡོད། ཕྱི་མ་ལྟར་ན་སྤྱི་རུ་གནམ་གཡེན་དང་། བར་གཡེན། ས་གཡེན་བཅས་སྲིད་པ་ཁམས་གསུམ་དང་། བྱེ་བྲག་ཏུ་ནང་གསེས་ལ་གནམ་གཡེན་བཅུ་གསུམ། བར་གཡེན་གཏོད་དགུ ས་གཡེན་བཅུ་གཅིག་བཅས་གཡེན་ཁམས་སོ་གསུམ་དུ་ཕྱེས་ཡོད། ད་ནི་ཕྱི་མ་ལྟར་གཡེན་ཁམས་སོ་གསུམ་སྐོར་ནས་མདོ་ཙམ་གླེང་བར་བྱ།
1.གནམ་གཡེན་བཅུ་གསུམ།
དེ་ཡང་གནམ་གཡེན་ལ་མིང་གཞན་དུ་ཡར་གཡེན་དུ་གྲགས་ཤིང་།བོན་གྱི་དཔེ་རྙིང་《འདུར་རྒྱུད་འཕྱར་བ་ཐང་ཆེན》་དུ་འཁོད་པ་ལྟར་ན།ནམ་མཁའ་མཐོ་ལ་འཕྱོ་ཞིང་འོལ་ཞེས་གནམ་གཡེན་ནི་ནམ་མཁར་ལྡིང་ཞིང་བསྐྱོད་དེ་འགྲོ་བར་མ་ཟད།འོད་དང་ཟེར་ལ་གནས་སྐད་པ་དང་།ནང་གསེས་ལ་⑴དབལ། ⑵ཡོགས། ⑶ཁྲིན། ⑷ཉེར། ⑸འོ། ⑹འཚམས། ⑺དམུ།⑻བདུད། ⑼བཙན། ⑽སྲིད། ⑾སྐོས། ⑿ཕྱྭ།⒀ལྷ་བཅས་གཡེན་སྡེ་རིགས་བཅུ་གསུམ་ཡོད་ཅིང་། ལས་སུ་དམུ་དག་གནམ་ནས་འཛིན་ཞིང་། ཆུ་སྲིད་དབང་ཐང་སྤེལ་བ་དང་། ཤི་གསོན་སྐོས་འདེབས་ཕྱྭ་གཡང་རུ་མ་འཛིན་པ་སོགས་ཀྱི་མགོན་སྐྱབས་བྱེད་ལ་ཉེས་ན་དེ་ལས་ལྡོག་པའི་ལས་བྱེད་པར་བཤད
2.བར་གཡེན་གཏོད་དགུ
བར་སྣང་ཁམས་སུ་གཡེན་སྡེ་ཇི་སྙེད་པ་ཞིག་ཡོད་པ་ལ་བར་གཡེན་ཟེར་ཞིང་། ནང་གསེས་ལ་⑴ཟླ།⑵ཉི།⑶སྐར།⑷སྤྲིན།⑸གཞའ།⑹དལ།⑺ཟེར།⑻ལོ།⑼རྫི་བཅས་གཡེན་སྡེ་རིགས་དགུ་ཡོད་པ་དང་། བོན་གྱི་དཔེ་རྙིང་《འདུར་རྒྱུད་འཕྱར་བ་ཐང་ཆེན》་དུ་བཙན་པ་བར་གཡེན་དགུ་བོ་ནི། བར་སྣང་ཁུ་རླངས་འཇའ་སྤྲིན་ཞོན་ཞེས་བར་གཡེན་གཏོད་དགུ་ནི་ཁུ་རླངས་འཇའ་སྤྲིན་ལ་ཞོན་ནས་བར་སྣང་དུ་རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བ་དང་། མཆོད་ཅིང་རྟེན་ན་འབྲུ་དྲུག་སྨིན་ཞིང་། ཆར་ཆུ་དུས་སུ་འབེབས་པ་དང་། མུན་སེལ་ནད་མེད་བདེ་སྟེར་ཚེ་དཔལ་མཐུ་དབང་སྩོལ་བའི་ལས་བྱེད་ཅིང་། ཁྲོས་ཤིང་ཉེས་ན་དེ་ལས་ལྡོག་པའི་ལས་བྱེད་པར་བཤད།
3.ས་གཡེན་བཅུ་གཅིག
སའི་སྲིད་ཁམས་དེ་ལ་ས་གཡེན་ཟེར་བ་དང་།ནང་གསེས་ཀྱི་དབྱེ་བས་⑴ཀླུ ⑵ གཉན། ⑶རྒྱལ། ⑷སྨན། ⑸ཐེར། ⑹སྲི། ⑺འདྲེ། ⑻སྲིན། ⑼བྱུར། ⑽གཤིན་རྗེ། ⑾ཆུད་བཅས་གཡེན་སྡེ་རིགས་བཅུ་གཅིག་ཡོད་ཅིང་།《འདུར་རྒྱུད་འཕྱར་བ་ཐང་ཆེན》་དུ་འཁོད་པ་ལྟར་ན།གཏོད་པའི་ས་གཡེན་བཅུ་གཅིག་ནི། ས་གཞི་རི་བྲག་མཚོན་ཆ་འདྲིམས་ཞེས་སའི་གཡེན་སྡེ་དེ་རིགས་ནི་ས་གཞི་རི་བྲག་དང་མཚོན་ཆའི་སྟེང་དུ་འགྲིམས་སྐད་ཅིང་། མཆོད་ན་བུ་ནོར་ལོངས་སྤྱོད་རྒྱས་ཤིང་། རིགས་རྒྱུད་སྤེལ་བ་དང་། གཞིས་ཀ་སྲུང་ཞིང་འདྲེ་གདོན་བྱུར་གསུམ་འདུལ་བ་བཅས་ཀྱི་ལས་བྱེད་ཅིང་། ཁྲོས་ཤིང་ཉེས་ན་དེ་ལས་ལྡོག་པའི་ལས་བྱེད་པར་བཤད།
སྤྱིར་གཡེན་ཁམས་ཀྱི་འབྱེད་སྟངས་འདི་ནི། སྲིད་པའི་བོན་གྱི་ལྟ་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ན་ཡང་། དེང་དུས་ཀྱི་བོན་གསར་བ་རྣམས་ཆོས་ལུགས་ཀྱི་ལྟ་སྟངས་ལ་ཞེན་ཆེ་བར་ཞུགས་པའི་རྐྱེན་གྱིས་འདོད་ཁམས་དང་གཟུགས་ཁམས། གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་དང་། ལྷ་དང་མི་དང་ལྷ་མ་ཡིན་ཏེ་མཐོ་རིས་གསུམ་དང་། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སྟེ་ངན་སོང་གསུམ་གྱི་སྐོར་རྣམས་ཤིན་ཏུ་རྒྱ་ཆེ་ལ་རྣམ་གྲངས་དབྱེ་ཞིབ་སོགས་ཆོས་ལུགས་དང་གཅིག་པར་གནང་བ་དེ་སྐོར་ལ་ཐུགས་སྣང་ཟབ་ནན་དུ་གནང་ཡོད་པ་ལས། གཡེན་ཁམས་ཀྱི་བཤད་པ་འདི་སྐོར་ལ་ཐུགས་སྣང་དེ་ཙམ་གནང་སྲོལ་བྱུང་མི་འདུག་པར་སོང་གཤིས། གཡུང་དྲུང་བོན་དང་འབྲེལ་བའི་ཡིག་ཆ་ཇི་སྙེད་ཅིག་ཏུ་ཡར་གཡེན་གཉེན་པ་བཅུ་གསུམ། བར་གཡེན་གཏོད་པོ་དགུ ས་གཡེན་ཆེ་བ་བཅུ་གཅིག་ལ་སོགས་པའི་ལྷ་མིན་གྱི་སྡེ་ཞེས་གཡེན་ཁམས་སོ་གསུམ་ནི་མཐོ་རིས་གསུམ་ལས་ལྷ་མ་ཡིན་གྱི་ཁོངས་སུ་བསྡུས་ཤིང་། སོ་སོའི་གནས་ཡུལ་ཡང་རིའི་རྒྱལ་པོ་རི་རབ་ལ་ལྟོས་ཏེ་རི་རྒྱལ་གང་དེའི་རྩེ་ལ་གནམ་གཡེན་དང་། རྐེད་པར་བར་གཡེན། རྩ་བར་ས་གཡེན་བཅས་གནས་འཆའ་བར་ངོས་བཟུང་ཡོད།

མཇུག་གི་གཏམ།
སྲིད་པའི་བོན་ནི་དུས་ཆ་ནས་བྱུང་སྔ་ཞིང་། གཞུང་གི་ཆ་ནས་ཁེབས་ཆེ་ཕྱིར།དེའི་འཇིག་རྟེན་ཆགས་རབས་སྐོར་གྱི་ལྟ་ཚུལ་དེ་དཔྱད་རྩོམ་ཐུང་ངུ་འདི་འདྲ་ཞིག་གི་ནང་དུ་བརྗོད་ཐབས་བྲལ་ན་ཡང་། དེ་ལུགས་ཀྱི་འཇིག་རྟེན་ཆགས་གྲུབ་སྨྲ་བའི་ལྟ་ཚུལ་ལ་གསལ་ཁ་ཙམ་བཏོད་ན། སྟོང་པ་→ཡེ་ཡོད→སྲིད་པ་སྟེ་ཕྱི་ནང་སྲིད་པ་ཡོད་དོ་ཅོག་ནི། ནམ་མཁའ་སྟོང་པའི་དབྱིངས་ཆེན་པོ་དེ་ལས་མ་སྲིད་པ་མེད་ཕྱིར། “དང་པོ་ཡེ་མེད་སྟོང་པ”་ཞེས་པའི་ལྟ་བའི་སྤྱི་ཁོག་ཕུབ་ཅིང་། སྣོད་བཅུད་གཉིས་ཀྱིས་བསྡུས་པའི་འཇིག་རྟེན་འདི་ལ་བྱེད་པོ་སུས་ཀྱང་བློ་སྔོན་དུ་བཏང་ནས་བྱས་པ་མེད་པར་འབྱུང་བའི་ཁམས་འབའ་ཞིག་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་གྲུབ་ཕྱིར། “ཡེ་ཡོད་ཅུང་ཙམ་དུ་སྲིད”་པའི་ལྟ་བའི་རིག་ལམ་གྱིས་གཞུང་བསྲིངས་ཏེ། འཇིག་རྟེན་གྱི་རྣམ་གཞག་ཀུན་ལ་འབྱུང་ཁམས་རིག་པའི་ལྟ་ཚུལ་གྱི་ཐོག་ནས་འགྲེལ་བཤད་བྱས་ཡོད་དོ།།

རྩོམ་གྱི་ཡོང་ཁུངས། 2019ལོའི་《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དུས་དེབ་དང་པོ།
སྲིད་པའི་བོན་གྱི་འཇིག་རྟེན་ཆགས་ཚུལ་སྐོར་གྱི་ལྟ་བར་རགས་ཙམ་དཔྱད་པ།
斯巴苯教宇宙生成论探析

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།