བོན་གཞུང་ཁྲོད་དུ་རྡོར་དྲིལ་འཚོལ་བ།

རྩོམ་པ་པོ། རཏྣ་དྲུང་མུ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

རྡོ་དྲིལ་ནི་གཡུང་དྲུང་བོན་གྱི་གསང་སྔགས་རྫས་ཀྱི་ཕྱག་ཆ་ཡིན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་གཞུང་ལས་གསལ་ཁ་ཆེ་ཚུལ།

བརྡ་ཆད་གཙོ་བོ།

        རྡོ་རྗེ།   དྲིལ་བུ།

ད་སྐབས་སུ་བོན་ཆོས་རྗེས་འཛིན་ཐོས་ཆུང་འགའ་རེའི་སྣང་ཚུལ་ནི་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་ཆེ་དྲགས་པས་བོན་ཆོས་ཀྱི་ལྟ་སྤྱོད་ནི་ཕྱི་ནང་ལས་ཀྱང་ཁྱད་ཆེ་འདོད་མཁན་ཚོས་བཤད་སྒྲོས་ལྟར་ན།  བོན་པོས་ཆོས་སླུ་རབས་ཆོས་པས་བོན་སླུ་རབས་ཀྱི་སྐོར་ནས་ངག་ཀྱལ་ཚིག་ཚོགས་བྱེ་མའི་ལ་ཙམ་བསགས་ནའང་སྔོན་བྱོན་སྟོན་པ་རྣམ་གཉིས་ཀྱི་དགོངས་དོན་མ་རྟོགས་ནོངས་པའི་གནས་ལས་དེ་ལྟར་མིན་པ་གཞུང་ཆེན་ཁག་ལས་གསལ་བས་ཡིད་གཉིས་ཟ་བ་མི་འོས་མོད། དོན་བདེན་པ་ལུགས་གཉིས་ཀྱིས་མཐར་ཐུག་དམིགས་ཡུལ་གང་འདྲ་ཡིན་མིན་དཔྱད་འཚོལ་མ་མྱོང་མཁན་མྱི་ཁའི་ཚིག་རྐྱང་གཙིགས་སུ་ཆེ་བ་དག་གོ  ། དེ་དག་ནི་དམུས་ལོང་གིས་ཁ་དོག་དབྱེ་འབྱེད་དང་མཚུངས་སྙམ། 

དེས་ན་བོན་གྱི་སྟོན་པ་གཤེན་རབ་མཆོག་ནི་ཚེ་ལོ་བརྒྱ་པའི་འདྲེན་པ་ཆེན་པོ་ཞིག་སྟེ་ ཁོང་ནི་འདི༢༠༡༦ནས་ཡར་བགྲང་པའི་སྐུ་སྐྱེ་བ་བཞེས་ནས་མི་ལོ༢༢༩༠༤༣ སོང་ཡོད་ལ།  གཤེན་རབ་མཆོག་གི་གཤེན་ལོ་གྱ་གཉིས་སམ་མི་ལོ་བརྒྱད་སྟོང་ཉིས་བརྒྱའི་བར་དུ་འགྲོ་བའི་སྡུག་བསྔལ་སེལ་ཐབས་སུ་དང་པོ་བོན་ཐེག་པ་རིམ་དགུ   བར་པ་བོན་སྒོ་བཞི་མཛོད་ལྔ།  ཐ་མ་བོན་ཕྱི་ནང་གསང་གསུམ་སོགས་གདུལ་བྱའི་བློ་ཚོད་དང་བསྟུན་ཏེ་མདོ་སྔགས་རྫོགས་གསུམ་སོགས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྤྲོས།  ངེས་དོན་དུ་བསྡུས་ན་སེམས་ཉིད་ཐིག་ལེ་ཉག་གཅིག་ལས་མ་གསུང་སྟེ།  མདོ་ལས།  ཚིག་གི་ལོ་རྒྱུས་གྲངས་སུ་བསམ་འདས་ཀྱང་།  །དོན་གྱི་ཐིག་ལེ་གཅིག་ལས་ངས་མ་གསུང་།  །ཞེས་གསུངས། གཉིས་པ་ནི།  གཤེན་རབ་འདས་ནས་མི་ལོ་ཆིག་སྟོང་བརྒྱད་བརྒྱ་མཚམས་སུ་གདུང་སོབ་མུ་ཆོས་སངས་རྒྱས་གསུང་གི་བསྟན་པའི་ལས་དཔོན་མཛད། དེ་ནས་མདོ་དྲི་མེད༼ན༽ཤ༥༠༩ ལས་ལུང་བསྟན་པ་ལྟར།  དེ་ནས་མི་ལོ་བརྒྱད་ཅུའི་དུས། །གཤེན་རབ་གསུང་ལས་སྤྲུལ་པ་སྟེ།  །ལྷ་བུ་དམ་པ་ཏོག་དཀར་ཁྱོད།  །འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི།  །རྒྱ་གར་ཝ་ར་ན་སེ་རུ།  །རྒྱལ་པོ་ཤཀྱའི་རིགས་སུ་འཁྲུངས།  །ང་མིན་ཆོས་པོའི་བསྒྱུར་བ་ཡི།  །བོན་ལ་འཆོས་པའི་ལོག་ཆོས་ལ།  །ཡང་དག་ཆོས་ཞེས་བྱ་བར་བསྒྱུར།  །མི་ལོ་བརྒྱད་ཅུ་གྱ་གཉིས་བར།  །རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། ། ཞེས་གསུངས་པ་ལྟར་རྒྱ་གར་རུ་སྟོན་པ་ཤཱཀྱ་ཐུབ་པ་ནི་སངས་རྒྱས་གསུང་གི་བསྟན་པའི་ཟུར་སྡོང་དུ་སྐུའི་སྐྱེ་བ་བཞེས་ནས་ད་ལྟའི་བར་བོན་ལུགས་ཀྱི་བསྟན་རྩིས་ཁ་ཤས་ལྟར་ན་མི་ལོ༢༩༧༦ སོང་།  ཁོང་ཉིད་སྐུ་སྐྱེ་བ་བཞེས་པ་ནས་ལོག་ཆོས་རྣམས་ཡང་དག་པའི་ཆོས་སུ་བསྒྱུར་བ་སོགས་ཆོས་འཁོར་རིམ་པ་གསུམ་བསྐོར།  དང་པོ་བདེན་བཞིའི་ཆོས་འཁོར།  བར་པ་མཚན་ཉིད་མེད་པའི་ཆོས་འཁོར།  ཐ་མ་ལེགས་པར་ཕྱེ་བའི་ཆོས་འཁོར་རྣམ་པ་གསུམ་བསྐོར།  གང་ལྟར་སྟོན་པ་གཉིས་ཀའི་འགྲོ་བའི་སྡུག་བསྔལ་སེལ་ཐབས་འདི་ཕྱིའི་བདེ་བ་ཐོབ་ཆེད་དུ་བོན་ཆོས་ཀྱི་གདམས་ངག་ཟབ་མོ་གསུངས་པ་ཤ་སྟག་ཡིན་པས་རྗེས་འཛིན་པ་དག་གིས་ཀྱང་ཕྱོགས་འཛིན་གྱི་ཉོན་མོངས་མ་ཞི་བའི་གཏུ་ལུམ་གྱི་ཚིག་ལྟ་བུ་མི་སྨྲ་བ་ནམ་ཡང་ཡིད་བརྟན་བྱེད་དགོས།     བླ་ཆེན་དྲན་པས།  བོན་ཆོས་གཉིས་ལ་བདག་འཛིན་རུ་ཏྲ་བྱེད། །ངོ་བོ་གཅིག་ལ་སོ་སོར་འཛིན་པ་དེ། །དོན་དང་མི་མཐུན་ང་དང་རྒྱང་ཐག་རིང་།  ། ཞེས་གསུངས།   དེའི་ཕྱིར་ཉི་མ་མེ་གྲོགས་ཆར་པ་ཆུ་གྲོགས་ཞེས་པའི་དཔེ་ལྟར་འགྲོ་རྒྱུ་གལ་ཆེན་རེད།  བོན་ཆོས་གཉིས་ནི་མིང་གི་ལྡོག་པའི་ཁྱད་པར་ཕྱེས་ནས་གདུལ་བྱའི་བཀྲིད་དྲངས་ཆེད་དུ་གསུང་ཚུལ་མི་འདྲ་པ་སྟོན་པ་ལས་དོན་གྱི་གནད་དོན་གཅིག་ཏུ་འབབ་པའོ། ། བྱེ་བྲག་ཏུ་བོན་ནང་ཁུལ་ལ་ཡང་བོན་གསར་རྙིང་གཉིས།   ཆོས་ནང་ཁུལ་ལ་ཡང་ས་དགེ་བཀའ་རྙིང་ཇོ་ནང་ཅེས་འདྲ་མིན་གྱེས་པ་ཙམ་བཤད་ཀྱང་དོན་དུ་གཞི་སྡོང་བུ་གཅིག་ལས་སྐྱེས་པའི་ལོ་འདབ་ལྟར་གནས་པའི་སྡོང་བུ་སྨན་སྡོང་ཡིན་ན་ལོ་འདབ་ཀྱང་དེ་ལྟར་ཡིན་པ་དང་སྡོང་བུ་དུག་སྡོང་ཡིན་ན་ལོ་འདབ་ཀྱང་དེ་ལྟར་ཡིན་པས་འགོག་པ་མི་ནུས་སོ།  །དེའི་ཕྱིར་བོན་ཆོས་སྤང་བླང་མེད་པ་བསྟོད་སྨད་མེད་པ་འཕྱ་སྨོད་མེད་པའི་སྒོ་ནས་གང་ཟག་རང་རང་སོ་སོར་མེ་ཏོག་ཕོག་པའི་ལྷ་སྐལ་རེ་ཡོད་པ་ཇི་བཞིན་ཉམས་སུ་ལེན་རྒྱུ་འོས་ཤིང་མཚམས་པས་སོ། །    དེ་དག་ནི་ཞོར་འཕྲོས་གླེང་གཞི་ཙམ་མོ། །

སྐབས་འདིར་བཤད་པར་བྱ་བ་ནི། བོན་ནང་ཁུལ་ལའང་སྒྲོ་བསྐུར་གྱི་མཐའ་ལས་མ་འདས་པའི་མི་སྣ་ག་གེ་མོ་ཞིག་གིས་ནམ་ཡང་བོན་གསར་རྙིང་གི་ཉོག་སྒྲ་ཆེན་པོ་འདས་པའི་ལོ་རྒྱུས་ད་ལྟའི་གནས་བབས་མ་འོངས་པའི་སློབ་སྟོན་གང་ལྟར་ང་ཚོའི་བསྟན་པ་ལ་གྱོང་གུད་ཆེན་པོ་བཟོ་དང་བཟོ་བཞིན་ཡོད།   འདི་ཅན་པོའི་མི་སྣ་དག་ནམ་རྒྱུན་ཁྱོའི་ཁ་ངའི་སྣ་བཤད་པ་ལས་དོན་གྱི་ལོ་རྒྱུས་མ་མཐོང་པའི་ལན་གྱིས༼ཕ་ཨ་ཁུ་ཡིན་ཀྱང་ངོ་མི་ཤེས་ཟེར་བའི༽དཔེར་དེ་དངོས་གནས་འགྲོ་གི་ཡོད།   དོན་ངོ་མ་ཤེས་པ་ལ་དཔེར་མཚོན་ཞིག་སྨོས་ན་ཕྱག་ཆའི་རིགས༼ རྡོར་དྲིལ༽ལྟ་བུ་འདིའང་བོན་པོ་ཚོས་སྤྱོད་ཆོག་མིན་སྐོར་ནས་མི་མཐུན་པ་བྱུང་ཡོད།   བོན་གྱི་ཕྱག་ཆ་མིན་པའི་རྒྱུ་མཚན་བོན་ལུགས་ཐུན་མིན་གྱི་ཕྱག་ཆ་གཡུང་དྲུང་དང་སིལ་སྙན་ཡོད་པས་དེ་ཚོ་ཁོས་ཆོས་ཞད་རེད་ཅེས་ཀྱང་གྲུབ་མཐའི་ཆགས་སྡང་བྱས་ཡོད།  དེ་མཚུངས་ཆོས་པ་བས་ཀྱང་གཡུང་དྲུང་དང་སིལ་སྙན་ནི་གཤེན་རབ་པའི་ཕྱག་ཆ་ཡིན་པས་ང་ཚོའི་ཐུན་མིན་གྱི་ཕྱག་ཆ་རྡོར་དྲིལ་ལས་ཁོང་ཚོ་དང་མི་འདྲ་ཞེས་གྲུབ་མཐའི་ཆགས་སྡང་ངན་པ་དོར་མེད།   ཞོར་འཕྲོས་ཆོས་པ་དག་ལ་དོགས་སེལ་ཡིག་ཆ་ཞིག་འདྲེན་ཁུལ་བྱེད་ན། འཇམ་དཔལ་རྩ་རྒྱུད་དང་བདེ་མཆོག་སོགས་ལས།  གཤང་གི་རང་སྒྲ་ཟབ་མོ་སྟོང་པ་ཉིད།  །ཤེས་རབ་སིལ་སྙན་ཡང་དག་སྦྱོར་བའི་སྒྲ།  །ཞེས་གསུངས་པ་དེ་ཙམ་གྱིས་རེ་ཞིག་བཞག་གོ ། རྡོར་དྲིལ་སྤྱོད་མཁན་བོན་མིང་ཅན་ནི་གཡུང་དྲུང་ལག་པ་རྡོ་རྗེ་འགྱུར་ལ་ཉེ་ཞེས་རྡོ་རྗེ་དང་དྲིལ་བུའི་ཕྱག་ཆ་ནི་ཤཱཀྱའི་རིགས་འཁྲུངས་རྗེས་འཛིན་པ་དག་གིས་སྤྱོད་བྱ་ཁོ་ན་ཡིན་པ་ལས་གཤེན་རབ་རྗེས་འཛིན་པའི་ཕྱག་ཆ་མིན་པ་འུད་པོ་ཆེས་གཏམ་ཡང་སྨྲ་སྒང་ཡིན།    འོན་ཀྱང་དེ་དག་ལ་ངོ་སྤྲོད་ཀྱི་དོད་དུ། རྡོར་དྲིལ་གྱི་ལོ་རྒྱུས་ཁོག་དབུབ་པ་དང་།  མཚན་བསྒྱུར་བ།  ཕྱག་གིས་འཛིན་ཚུལ། རྒྱུ་ཆ་དང་བཞིའོ། ། དང་པོ།   ཕྱག་མཚན༼  རྡོ་རྗེ ༽ནི་ཆོ་ག་བཅུ་གཉིས་ཀྱི་ནང་ཚན་ཁྲོ་བོ་རྣམ་པར་འཇོམས་པའི་ཕྱག་ཆ་ཡིན་པའང་རིག་མེད་ལ་པྲ་ཕུད་དང་རྡོ་རྗེ་རྣམ་གྲངས་ཡིན་པའང་ཧ་གོ་མེད་པས།  སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། ༼ཇ༽ཤ༢༨༨ཕྱག་གཡས་པའི་པྲ་ཕུད་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ།   ཡང་དེ་ཉིད་ལས། འོག་ཕྱོགས་སུ་རྡོ་རྗེ་གཏུམ་པོ་རྡོ་རྗེ་དང་སྡིག་མཛུབ་མཛད་པ་གསུངས།   གཉིས་པ། པྲ་ཕུད་ནི་ཞང་ཞུང་གི་སྐད་རྡོ་རྗེ་ནི་རྒྱ་གར་གྱི་སྐད་དོན་གཅིག་ལ་མིང་ཐ་དད་ཙམ།   གསུམ་པ། རྡོ་རྗེ་འཛིན་ཚུལ་ནི་མཉམ་མེད་དང་ཀུན་གྲོལ་ཞལ་མཐུན་པ་ཕྱག་གཡས་པའི་མཐེ་བོང་དང་གུང་མོ་སྲིན་ལག་གསུམ་གྱིས་རྡོ་རྗེ་ཐུགས་ཀར་བཟུང་བའམ་མཁའ་ལ་ཕྱར་བ་བསྟན། ༢༠༡༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས་སུ་བཀོད་པ་ཚེ་དབང་མཆོག་ཁྲིད་མཉམ་མེད་བཀའ་འབུམ་གྲས༼ཐ༽༡༦༦ལས།  མི་རྐང་གི་གླིང་བུ་དང་།  རྔ་གཤང་དྲིལ་བུ་གཡེར་ཁ་ལ་སོགས་ཡོད་ཚད་བསགས་ནས་མཚམས་བཅད་པར་བྱ་ཞེས་དང་དེ་ཉིད་སྐུ་བསྟོད་སྐབས༼ཐ༽ ༡༨༧ལས། ཕྱག་གཡས་རྡོ་རྗེ་ནམ་མཁའ་ཕྱར། ཅེས་དང་།   རྡོ་རྗེ་མེད་པ་དྲིལ་བུ་འཆང་བ་དང་དྲིལ་བུ་མེད་པ་རྡོ་རྗེ་འཆང་བ། ལག་གཉིས་ཀས་དྲིལ་བུ་བཟུང་བ། ཡང་ན་གཉིས་ཀས་རྡོ་རྗེ་བཟུང་བ་ཕན་ཚུན་གོ་འཛོལ་བ་ས་སྒྲེ་བོ་ལ་འཇོག་པ་དག་སྐུ་གསུང་ཐུགས་བསྟན་ལ་མ་གུས་པའི་སྡིག་པ་ཆེན་པོ་ཡོད་ཕྱིར་སྤང་བླང་མ་ནོར་བ་གལ་ཆེའོ། ། རྡོ་རྗེ་ནི་ཐབས་ཀྱི་ཆ། དྲིལ་བུ་ནི་ཤེས་རབ་ཀྱི་ཆ་སྟེ་དེ་གཉིས་ཡ་མ་བྲལ་བ་ཡིན་དགོས་པ་རྣལ་འབྱོར་རོལ་པའི་དགའ་སྟོན་ལ་བལྟ་བར་བྱོས། 

རྡོ་རྗེའི་དབྱིབས་ནི་རྩེ་དགུ་པ་རྩེ་ལྔ་པ་རྩེ་གསུམ་པ་སོགས་རྩེ་མོ་སྟོང་གི་བར་དུ་ཡོད་པ་ཡིན་ཏེ།  རྣལ་འབྱོར་རོལ་པའི་དགའ་སྟོན་ལས།  ཞི་རྒྱས་ཀྱི་རྡོ་རྗེ་རྩེ་ལྔ་པ་དང་།  དབང་དྲག་གི་རྡོ་རྗེ་རྩེ་དགུ་པ་གཉིས་ཆེ་ཆུང་ཇི་ལྟར་བྱེད་ཀྱང་ཆ་གསུམ་དུ་བགོས་ལ།  དབུས་ཀྱི་ཆ་གཟུང་ཆ།  ཡས་མར་གྱི་རྭ་ལ་ཆ་རེ་རེ་ཚད་མཉམ་པའི་ཆ་གསུམ་དང་ལྡན་པ་སྟེ་ཞེས་གསུངས།   པྲ་ཕུད་རྩེ་དགུ་པས་ཞི་ཁྲོ་ལྷ་དགུ་མཚོན་པ་རྩ་བརྒྱུད་བསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས་གསུངས་སོ།   ། དང་པོ་ཕྱག་མཚན༼ དྲིལ་བུ༽ནི་ཁོ་མ་དང་དོན་གཅིག་ཡིན་པའང་མཐོང་མེད་ལ་སྟོན་པ་རྫོགས་པའི་སངས་རྒྱས་ལ།  སྐུ་འཁོར་གཏོ་བུ་འབུམ་སངས་གཙོས་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱས་དྲིལ་བུ་སོགས་མཆོད་རྫས་རིགས་སྣ་ཚོགས་མཆོད་པ་འབུལ་སྐབས་སྟོན་པས་ཀྱང་མཆོད་པ་ཐམས་ཅད་ཐུགས་རྣམ་པར་དག་པའི་དགོངས་པས་བྱིན་གྱིས་བརླབས་ནས་ལྷུན་གྱིས་གྲུབ་པའི་སྨོན་ལམ་བཏབ་པ་གསུངས་པའི་ཐོག་མ་ལས་རྒྱུད་ཀྱི་གཞུང་ཡང་བལྟ་མྱོང་མེད་པས། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད༢༠༡༣ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དེབ་གཟུགས་སུ་བཀོད་པ༼ཛ༽ཤ༧གཞི་རྩ་གླེང་བསླང་བའི་ལེའུ་ལས། གཤང་ཁྲི་ལོ་གནམ་གྲགས་ནི་བཀྲོལ།  གསུང་ཁོ་མ་དྲིལ་ཆེན་ནི་གསོར།  རྔ་ཕོ་ལོང་གཡག་སྙིང་ནི་ལྡིར།  རྔ་སྟོང་གྲགས་ཆེམ་པ་ནི་བརྡུངས།  སླང་ཆལ་མོ་ལྟོ་སྦྱོར་ནི་བརྡེབས།  དུང་འཕར་པོ་འཕར་ཆུང་ནི་བུས།  སྦུབ་གཅང་མོ་གླིང་སྙན་ནི་བསྒྱུར། ཞེས་དང་དྲི་མེད་གཟི་བརྗིད།༢༠༠༠ལོ་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས་སུ་བཀོད་པ་༼ག༽ཤ༥༦ལས། ལ་ལ་ཞིག་ནི་ལྷའི་ཁོ་མ་དྲིལ་ཆེན་སྒྲོག་གོ།  ལ་ལ་ཞིག་ནི་ལྷའི་དངུལ་གྱི་དྲིལ་ཆུང་བསིལ་ལོ་ཞེས་དང་། ཁྲོ་བོ་རྒྱུད་དྲུག་གི་ནང་ཚན་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་གངས་ཏི་སེ་བོན་གཞུང་རིགས་མཛོད༼ལ༽ཤ༣༡༢ལས། སྒྲུབ་པའི་རྫས་ཀྱི་བྱེ་བྲག་ཏུ།  །རྔ་གཤང་དྲིལ་བུ་ཐོད་པ་དང་།  མ་འཇིལ་ལ་སོགས་མཆོད་པ་ཡི།  རྟེན་སྣོད་དུ་མ་བཤམས་པའོ། ཞེས་སོགས་གསུངས་སོ།།གཉིས་པ་དྲིལ་བུ་ནི་བོད་སྐད་ལ་ཁོ་མ་ནི་ཞང་ཞུང་གི་སྐད་དེ་གཉིས་དོན་གཅིག་ལ་མིང་ཐ་དད་ཙམ། ༼གསོར༽ཞེས་པ་ནི་ལག་པའི་བསྐོར་བའི་དོན་ཡིན།  གསུམ་པ་དྲིལ་བུ་བཀྲོལ་ཚུལ་ནི་མཉམ་མེད་དང་ཀུན་གྲོལ་ཞལ་མཐུན་པ་ཕྱག་གཡོན་པའི་སྐུ་བརྟེན་པའི་ཚུལ་དུ་མཐེ་བོང་གུང་སྲིན་གསུམ་གྱིས་སྐེད་པ་བཟུང་ནས་དྲིལ་བུའི་ཁ་ནང་དུ་ཕྱོགས་པར་བྱས་ནས་རྡུང་བའམ་བཀྲོལ་དགོས་པ་བསྟན། ཚེ་དབང་མཆོག་ཁྲིད་༢༠༡༥ལོར་རྗེ་མཉམ་མེད་བླ་མའི་བཀའ་འབུམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས༼ཐ༽༡༨༧ལས། གཡོན་པའི་དྲིལ་བུ་སྐུ་བརྟེན་ཚུལ། ཞེས་དང་རྣལ་འབྱོར་རོལ་པའི་དགའ་སྟོན་ལ་རྒྱས་པར་བལྟ་བར་བྱོས་ཤིག། བཞི་པ་གཉིས་ཆའི་རྒྱུ་ཆ་ནི་རྣལ་འབྱོར་རོལ་པའི་དགའ་སྟོན་ལྟར་གསེར་དངུལ་ཟངས་ལྕགས་འཁར་བ་ཤིང་སོགས་གང་ཡང་འབྱོར་བ་བྱའོ།   །རྡོར་དྲིལ་གྱི་ལོ་རྒྱུས་ཁོག་དབུབ་པ་སོགས་རེ་ཞིག་མཚམས་འཇོག་ནས།  མཇུག་གཏམ།  ལོ་རྒྱུས་ཁོང་ནས་མ་བཤད་ན།  ཡིད་མི་ཆེས་པའི་རྒྱུ་རུ་འགྲོ། ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་པ་ཅི་བཞིན་ང་ཚོས་ལོ་རྒྱུས་གང་ཞིག་བྲིས་ཀྱང་གང་ཞིག་བཤད་ཀྱང་རྒྱབ་བརྟེན་གྱི་ཡིག་ཆ་དཀྱུས་རིང་ཁོང་སོགས་ལ་གཟིགས་སྤྱན་འབུལ་རྒྱུ་མ་གཞི་རེད་དྲན་གྱིན་ཡོད་མ་གཏོགས་རང་སྣང་གང་དྲན་ཡང་ན་རང་སྒེར་བླ་མ་སོགས་ཀྱི་གསུང་བཀའ་བཞིན་བརྩིས་ཏེ་ལོ་རྒྱུས་འགོད་པ་ནི་འཁྱོག་བྲིས་རེད་ཅེས་བརྗོད་ཆོག སྤྱིར་ཕྱོགས་གཅིག་ནས་བཤད་ན་བླ་མ་ནི་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་དྲིན་ཆེན་ཡིན་ཀྱང་།  འདི་སྐབས་འདྲེན་པ་གཙིགས་སུ་མི་ཆེའོ།   །དེའི་ཕྱིར་ད་ལན་རྡོར་དྲིལ་བོན་གཞུང་ཁྲོད་དུ་འཚོལ་བ་ཞེས་པའི་བརྗེད་བྱང་འདིས་བརྟེན་གཞི་ཡིག་ཆ་གཙོ་བོ་བཀའ་ཕལ་ཆེར་ཡིན། བཀའ་དང་བརྟེན་པ་ཁག་གི་ཡིག་ཆ་མང་པོ་ཉིད་ཀྱི་ཟུར་མཆན་ལྟར་རྒྱས་པ་ཡོད་ཀྱང་རེ་ཞིག་བཀོད་མེད་པ་ནི་རྩོམ་གྱི་དོ་བདག་པའི་ཡིག་འབྲུ་གཏན་འབེབས་དབང་གིས་གསལ་བཤད་རྒྱས་སྤྲོས་ཐུབ་མེད་གང་ལྟར་ཡིག་ཆ་ཁ་ཤས་གཤའ་མ་ཐེར་འདོན་ཐུབ་པར་དགའ་སྤྲོའི་ངང་ནས་ཚིགས་སུ་བཅད་པའོ།།   །།  

བཀའ་དང་བརྟེན་པའི་བརྗོད་བྱ་མ་མཐོང་གང་།

རྡོར་དྲིལ་དོར་བའི་འདུ་གནས་རེ་འགའ་བ།།

ཕ་ནོར་བུ་ཡིས་དོར་བ་མཚུངས་པ་ལས།།

དགེ་མཚན་མེད་པ་སུ་ཡིས་མི་རྟོགས་སམ།།    

ཞེས་རྡོར་དྲིལ་གྱི་ལོ་རྒྱུས་ཁོང་འཚོལ་བ་དང་གསལ་བཤད་ཀྱི་དོད་པོ་རིན་ཆེན་གཡུང་དྲུང་སྩལ་དུ་འབོད་པ་དེས་འབྱུང་ལྡན༣༠༡གི་ནང་ཚན་ཉག་མ༣༣པ་གདོང་ངན་ཞེས་པ་བོད་མེ་ཕོ་སྤྲེལ་ལོའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཉིན་སྣང་དགོན་ནས་བྲིས་ཏེ་བཀོད་པའོ།།   །།

དཔྱད་གཞི་ཡིག་ཆ་དང་གཞུང་ཚིག་འདྲེན་ཐུབ་མེད་པ་དག་བདམས་བཀོད་གཤམ་གསལ།  

གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད།༼བཀའ༽ཤ༧ལས།

གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད།༼བཀའ༽༼ ལ ༽ཤ༣༡༢ལས།

རྣམ་དག་པད་མ་ཀློང་ཡངས་ལས།༼བཀའ༽ཕྱག་མཚན་ཁོང་མ་དྲིལ་ཆེན་བསྣམས།  ཞེས་དང་།

དབལ་མོ་ལས་ཐིག་ལས། ༼བཀའ༽ ཕྱག་མཚན་དུ་རྡོ་རྗེ་གཤང་དྲིལ་བྱེད་ཐག་ཐ་རམ་རྒྱ།

བསྐལ་བཟང་ལས། ༼བཀའ༽ གཤེན་རབ་ཉི་ཟེར་འོད་འཕྲོ་ཡིས།  །དྲིལ་ཆེན་ཁོང་མ་ཕུལ་ནས་སུ།  །གཡུང་དྲུང་ཀློང་དུ་སེམས་མཆོག་བསྐྱེད།  ཅེས་དང་།

མདོ་དྲི་མེད་གཟི་བརྗིད།༼བཀའ༽༼ཁ༽ཤ༤༥༣ལས། ལ་ལ་ཞིག་ནི་ཁོ་མ་དྲིལ་ཆེན་སྒྲག་གོ་ཞེས་གསུངས།

མདོ་དྲི་མེད་གཟི་བརྗིད།༼བཀའ༽༼ ག ༽ཤ༥༦ལས།

མདོ་དྲི་མེད་གཟི་བརྗིད།༼བཀའ༽ ༼ ཇ ༽ཤ༡༨༨ལས།

མདོ་དྲི་མེད་གཟི་བརྗིད།༼བཀའ༽༼ ཐ ༽ཤ༣༨༥ལས། གཤེན་པོ་འཕྲིན་ལས་མཁན་རྣམས་ཀྱིས་གསེར་གྱི་ཁོ་མ་དང་། གཡུ་ཡི་དྲིལ་ཆུང་དང་སྙན་པའི་སྒྲ་དབྱངས་རྣམས་ཐོགས་ནས་ཚིགས་སུ་བཅད་དེ་གསུངས་པ།

བསེན་ཐུབ་ཀྱི་འགྲེལ།  མཛད་པ་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན།

ཚེ་དབང་མཐར་ཐུག་གི་སྒྲུབ་པ་ཡིད་བཞིན་ནོར་བུའི་མཆོག་ཁྲིད།

མཛད་པ་པོ་མཉམ་མེད་ཤེས་རབ་རྒྱལ་མཚན།  

རྣལ་འབྱོར་རོལ་པའི་དགའ་སྟོན། བྲིས་མ་སྣ་རིང་ཅན།  མཛད་པ་པོ་མཁས་དབང་ཀུན་གྲོལ་གྲགས་པ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།