བོད་ཀྱི་ཡིག་ཚང་ཁྲོད་དུ་བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་དེ་བན་བོན་གང་གི་ལུགས་ཡིན་མིན་དཔྱད་པ།

རྩོམ་པ་པོ། ཏཱ་དབེན་ཤེར་དབང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

བོད་ཀྱི་ཡིག་ཐོག་དཔེ་ཆ་རྣམས་དུས་ཚོད་ནམ་ཞིག་བྱུང་མིན་ཐད་བཤད་སྟངས་སྣ་ཚོགས་བྱུང་ཡོད་ལ་གནས་སྐབས་ངེས་ཐག་ཆོད་པ་ཞིག་བཤད་ཐབས་བྲལ། རྒྱུ་མཚན་ནི་བོད་རང་སའི་རིག་གནས་གཙོ་བོར་སྨྲ་མཁན་བོན་གྱི་རྗེས་འཇུག་པ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེ་དང་ཡང་ན་དེ་ལས་སྔ་བའི་དུས་ནས་བོད་ལ་ཡི་གེ་ཡོད་པར་སྨྲ་ཞིང་། སྟོན་པ་གཤེན་རབ་དགུང་ལོ་ཉེར་དྲུག་སྐབས་སུ་རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་སྦྱིན་བདག་མཛད་དེ་བཀའ་འཁོར་བསྐོར་བ་དང་བསྟུན། བཀའ་བསྡུ་ཐོག་མ་མཛད་པས་བོན་སྒོ་བཞི་མཛོད་ལྔར་དབྱེ་ནས་ཡི་གེར་བཀོད་པའི་ལོ་རྒྱུས་བཤད་ཡོད། འོན་ཀྱང་། བོད་ཕྱི་རབས་པའམ་རྒྱ་གར་སོགས་ཕྱི་ནས་དར་བའི་རིག་གནས་གཙོ་བོར་སྨྲ་བ་དམ་པ་ཆོས་ཀྱི་རིང་ལུགས་འཛིན་པ་རྣམས་ལ་ཕྱི་ཡི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཆེ་བས། རྒྱ་གར་ནང་ཆོས་བོད་ལ་མ་དྲངས་པའི་སྔོན་དུ་བོད་ཀྱི་མེས་པོ་རྣམས་ནི་ཅི་ཡང་མི་ཤེས་པའི་སྤྲེའུ་རྔ་མ་ཅན་འབའ་ཞིག་ཡིན་པར་འདོད་ལ། བོད་གངས་ཅན་ལྗོངས་ནི་ཀླ་ཀློ་དང་མུན་ནག རྨུ་རྒོད་བཅས་ཀྱི་ཡུལ་གྲུ་ཉིད་དུ་བཤད་དེ་ཐུབ་བསྟན་བོད་དུ་དར་བ་དང་བསྟུན་ཐོན་མི་སམ་བྷོ་ཊ་ཞེས་པས། བོད་ཡིག་གསར་བཟོ་མཛད་པ་དང་གསུང་རབ་འབོལ་ཆེན་བོད་འགྱུར་བྱས་པ་སོགས་དུས་གཅིག་ཏུ་བྱུང་ཚུལ་བསྟན་ཡོད། དེའི་སྐོར་དཔེ་མཚོན་གྱི་དཔེ་ཆ་གཙོ་བོ་ནི་«མདོ་གཟེར་མིག»དང་«ཉང་གི་ཆོས་འབྱུང་»གཉིས་འཇོག་ཆོག དོན་དུ་སུ་ཞིག་གིས་བཤད་པ་གནས་ལུགས་དང་ཁེད་ཉེ་བ་ཁ་ཚོན་ཆོད་པོས་སྨྲ་བར་མི་ནུས་ལ་ཆོས་ལུགས་ཀྱི་གྲུབ་མཐའི་ལར་ཞེན་ཙམ་གྱིས་ལོ་རྒྱུས་བློ་བཟོ་བྱེད་པ་ནི་ཡི་རངས་པའི་གནས་སུ་མ་མཐོང་ངོ་།།

  དེ་ཡང་བོད་ཀྱི་དཔེ་ཆའམ་ཡིག་ཚང་རྣམས་ནི་ཕལ་ཆེ་བ་བཀའ་བསྟན་འགྱུར་གཉིས་སུ་བཀར་ཏེ་དབྱེ་སྲོལ་ཡོད། ཐུབ་བསྟན་པ་རྣམས་ཀྱིས་བཀའ་འགྱུར་ཞེས་པ་ནི་སྟོན་པ་ཤཱཀྱ་ཐུབ་པས་གསུང་ལ་གོ་བར་བྱེད་ཅིང་བསྟན་འགྱུར་ཞེས་པ་རྒྱ་གར་འཕགས་པའི་ཡུལ་གྱི་ཀླུ་སྒྲུབ་ཡབ་སྲས་སོགས་ནང་པའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དག་ལས། བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་པོ་ཏི་གཅིག་ཀྱང་དེ་ཡི་ཁོངས་སུ་བསྡུས་མེད། འོན་ཀྱང་། གཤེན་བསྟན་པའམ་བོན་པོ་རྣམས་ཀྱིས་བཀའ་ཞེས་པ་གོང་དང་མཚུངས་པར་སྟོན་གཤེན་རབ་མི་བོ་ཆེས་གསུང་པ་རྣམས་ལ་ངོས་འཛིན་བྱེད་ཀྱང་། བཀའ་བརྟེན་ཞེས་པ་བོད་རང་སའི་མཁས་པ་ཕུལ་དུ་ཕྱིན་པ་རྣམས་ཀྱིས་མཛད་པ་འབའ་ཞིག་ལས་ཕྱི་ནས་ནང་འདྲེན་བྱས་པའི་དཔེ་ཆ་ལ་དེ་ཙམ་གཙིགས་སུ་མི་བཟུང་བས། ཐ་སྙད་ཀྱི་ཆ་ནས་ཀྱང་བཀའ་དང་བཀའ་བརྟེན་ཞེས་སྦྱར་བ་ལས་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་མིང་འདོགས་སྲོལ་མེད།

  བོད་རིག་པའི་ཞིབ་འཇུག་ཁྲོད་དུ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་མཁས་པ་རྒན་རབས་མང་པོ་ཞིག་གིས་བཀའ་བསྟན་འགྱུར་གྱི་སྐོར་ནས་ཞིབ་འཇུག་མཛད་འདུག་ལ། ཕྱི་གླིང་བའི་ཁྲོད་དུའང་འདིའི་སྐོར་ཞིབ་འཇུག་དཔྱད་རྩོམ་བྲིས་པ་དང་བོད་ཀྱི་མཁས་པས་མཛད་པའི་དཀར་ཆག་དབྱིན་ཡིག་ཏུ་བསྒྱུར་པ་སོགས་གནང་ཡོད། དེའི་སྐོར་འོག་ཏུ་གུས་པས་དོན་ཚན་གཉིས་པར་གླེང་བརྗོད་བྱས་ཡོད་ལ་མཁར་རྨེའུ་བསམ་གཏན་མཆོག་གིས་“ང་ཚོས་མེ་སྟོན་ཤེས་རབ་འོད་ཟེར་(1058—1132)གྱིས་བརྩམས་པའི་དཔེ་ཆའི་ནང་དུ་འཁོད་པ་ལྟར། བཀའ་ཞེས་པ་ནི་གཤེན་རབ་མི་བོ་ཆེའི་གསུང་ལ་ཟེར་ཞིང་། བཀའ་བརྟེན་ཞེས་པ་ནི་བཀའ་གཞིར་བཞག་ནས་བརྩམས་པའི་དཔེ་ཆར་གོ་བ་ཡིན་”ཞེས་དང་། ཡང་“མ་གཞི་བཀའ་ཞེས་པ་སྟོན་པ་གཤེན་རབ་ཀྱི་གསུང་ལ་ཟེར་བའི་ཐ་སྙད་དེ་ཉིད་ཆོས་པ་ལ་ལད་མོ་བྱས་པ་ལས་བྱུང་བ་ལྟ་བུ་ཞིག་ཡིན་”ཞེས་གསུང་འདུག་པ་ཕུད། གཞན་བཀའ་དང་བསྟན་འགྱུར་རམ་བཀའ་བརྟེན་ཞེས་པའི་ཐ་སྙད་ཀྱི་འཕེལ་རིམ་སྐོར་ནས་དཔྱད་ཞིབ་བྱས་པ་མང་པོ་མ་སྣང་ཡང་། མེ་སྟོན་ཤེས་རབ་འོད་ཟེར་གྱི་སྔོན་དུ་རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་«ཁམས་འགྲེལ་»དུ་ཡང་“རྗོད་པར་བྱེད་པའི་ཚིག་གི་བདག་ཉིད་ཀྱི་བོན་ཡང་བཀའ་དང་བཀའ་ལ་བརྟེན་པ་གཉིས་སུ་འདུས་”ཞེས་བཀའ་དང་བཀའ་བརྟེན་གྱི་ཐ་སྙད་བྱུང་ཡོད། མཁས་པ་དཔལ་ཆེན་ནི་སྤྱི་ལོ་1052ལོར་འཁྲུངས་ཤིང་སྤྱི་ལོ་1106ལོར་སྐུ་གཤེགས་པ་དང་རྨེའིུ་སྨྲ་སེང་བཅུ་གསུམ་གྱི་གྲས་ཡིན།

  མིག་སྔར་གུས་པས་མཐོང་བའི་དཔྱད་གཞིའི་ཡིག་ཆ་དག་ལ་ཞིབ་འཇུག་བྱས་པ་ལྟར་ན། བཀའ་དང་བཀའ་བརྟེན་ནམ་ཡང་དང་བཀའ་དང་བསྟན་འགྱུར་ཞེས་པའི་ཐ་སྙད་དེ་ཆེས་བྱུང་སྔ་ཤོས་བོད་ཀྱི་དཔེ་ཆ་ནི་«མདོ་འདུས་»དང་«མདོ་གཟེར་མིག»གཉིས་མིན་ནམ་སྙམ། དེ་ཡང་«མདོ་འདུས་»ཀྱི་ནང་དུ་སྟོན་པ་མྱ་ངན་འདས་མ་ཐག་ཏུ་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གིས་གསས་ཁང་དཀར་ནག་བཀྲ་གསལ་དུ་སྟོན་པའི་གསུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀའ་བསྡུ་མཛད་པས། དེ་ལ་བཀའ་ཞེས་ཐ་སྙད་བཏགས་པ་དང་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གིས་བཀའ་ཡི་དགོངས་དོན་བཀྲལ་ནས་ལོ་གསུམ་གྱི་རིང་བོན་བཤད་ཉན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དེ་ལ་བཀའ་བརྟེན་ཞེས་པའི་ཐ་སྙད་སྦྱར་ཚུལ་འཁོད་འདུག  ཤེས་དགོས་པ་ཞིག་ལ་སྐབས་འདིར་བཀའ་བསྡུ་མཛད་པ་ནི་ཐུབ་བསྟན་པའི་བཤད་ཚུལ་དང་མི་འདྲ་བར་བཀའ་བསྡུ་ཐ་མ་དེ་ཆགས་ཡོད་པ་ལས། བཀའ་བསྡུ་དང་པོ་ནི་སྟོན་པ་གཤེན་རབ་ཞལ་བཞུགས་པའི་དུས་ནས་མཛད་ཡོད་ཚུལ་གོང་དུ་ཞུས་ཟིན་པ་ལྟར་ལགས། དཔེ་ཆ་འདིའི་མིང་ཆ་ཚང་ལ་«མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ།།»ཞེས་གསལ་ཞིང་། སྟོན་པ་གཤེན་རབ་ཀྱི་མཛད་རྣམ་མདོ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་བསྡུས་པ་དེ་ཡིན། དཔེ་ཆ་འདི་ཁྲི་སྲོང་ལྡེའུ་བཙན་(742—796)གྱི་དུས་སུ་བོན་གཤེན་སྙ་ལི་ཤུ་སྟག་རིང་གིས་གཡུང་དྲུང་ལྷ་ཡི་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་། སྤྱི་ལོ་961ལོར་བལ་པོའི་མི་གསུམ་གྱིས་བསམ་གཡས་ནས་རྐུས་པའི་དཔེ་ཆའི་གྲས་ཡིན་པས་བོན་གྱི་གཏེར་མའི་ཁྲོད་དུ་དབུས་གཏེར་གྱི་ཁོངས་སུ་བཙུད་ཡོད།

  «མདོ་གཟེར་མིག»ནི་བོད་རིག་པའི་ཁྱབ་ཁོངས་སུ་ཞིབ་འཇུག་མཛད་མཁན་མང་ཙམ་ཡོད་པར་སྣང་ལ་དུས་རབས་བཅུ་གཅིག་ཡར་སྔོན་གྱི་དཔེ་ཆ་ཡིན་པ། དུས་རབས་བཅུ་གཅིག་ནང་བྱོན་པའི་མཁས་པ་འགས་«མདོ་གཟེར་མིག་»ལས་ལུང་དྲངས་འདུག་པ་སོགས་ཀྱིས་ར་འཕྲོད་ཐུབ་ཚུལ་«མདའ་དང་འཕང་»དུ་དཔྱད་གླེང་བྱས་འདུག་ཅིང་། སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ལས་འབྲིང་པོ་དེ་ཡིན། དཔེ་ཆ་འདིའི་ཚིག་དོན་གང་ཐད་ནས་བལྟས་ན་དམིགས་བསལ་གྱི་ཁྱད་ཆོས་འབུལ་དུ་ཐོན་པ་མང་པོ་ཡོད། འདིའི་ནང་དུ་གསལ་བའི་ནང་དོན་ཁག་ཅིག་ཏུན་ཧོང་གཏེར་ཡིག་དང་འདྲ་པོ་ཡོད་པར་བཤད། གང་ལྟར་དཔེ་ཆ་འདིར་“དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ལ་བྱོན། གསུང་རབ་འབུམ་དང་ཁྲི་ཡི་ཞལ་ཕྱེས་ནས། སྒོ་བཞི་མཛོད་དང་ལྔ་ཡི་བོན་སྡེ་ལ། བོན་གྱི་འཁོར་ལོ་བཙུགས་ནས་སྐལ་ལྡན་ཡོ་ཡིས་མཉན།”ཞེས་དང་། “དེ་ལྟར་ལོ་གཅིག་གསས་ཁང་དཀར་ནག་བཀྲ་གསལ་དུ། སློབ་དཔོན་མུ་ཆོ་ལྡེམ་དྲུག་གིས་ལུང་ལ་རིག་པས་ཕྱེས་ཞིང་བོན་གྱི་འཁོར་ལོ་བསྐོར།”ཞེས། «མདོ་འདུས་»དང་མཚུངས་པར་སྟོན་པ་མྱ་ངན་ལས་འདས་རྗེས། སྔར་གསས་ཁང་དཀར་ནག་བཀྲ་གསལ་དུ་སྒོ་བཞི་མཛོད་དང་ལྔ་ཡི་སྒོ་ནས་གཏན་ལ་ཕབས་པའི་བོན་སྡེ་རྣམས་ཞལ་ཕྱེས་ཏེ། སློབ་དཔོན་མུ་ཆོ་ལྡེམ་དྲུག་གིས་ལུང་དང་རིག་པས་འགྲེལ་བཤད་མཛད་པ་ན། “སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་ནས་མང་པོར་ཕྱེས་ཡིན་ཡོངས་སུ་རྒྱ་ཆེར་བྲིས། འབྱོར་བའི་ལོ་ཙཱ་བ་སྦྱངས་ནས། ཕྱོགས་མཚམས་ཀུན་ཏུ་བསྒྱུར་ཞིང་སྤེལ། བཀའ་དང་བཀའ་ལས་བརྟེན་ནས། གཡུང་དྲུང་གདན་ཐོག་ཏུ། སློབ་དཔོན་མུ་ཆོས་ལོ་གཅིག་འཁོར་ལོ་བསྐོར་”ཞེས། སྟོན་པས་གསུང་པ་རྣམས་ལ་བཀའ་དང་སློབ་དཔོན་མུ་ཆོས་གསུང་པ་རྣམས་བཀའ་བརྟེན་ཞེས་པའི་ཐ་སྙད་སྦྱར་ཚུལ་བསྟན་ཡོད།

  ལུང་འདི་ཕྱིས་སུ་བོན་གྱི་«བསྟན་འབྱུང་»ཁག་ཏུ་ཚིག་ཟུར་མི་འདྲ་བ་རེ་འགའ་ཙམ་ལས་ཕལ་ཆེ་བའི་ནང་དུ་དྲངས་འདུག་ལ། ལུང་འདི་ལ་བརྟེན་ནས་བོན་གྱི་མཁས་པ་ཆེན་མོ་ཀུན་མཁྱེན་ཉི་མ་བསྟན་འཛིན་(1823—1870)གྱིས་མཛད་པའི་«ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་དཀའ་གནད་གསལ་སྒྲོན་»ནང་དུའང་། བཀའ་བརྟེན་ཐོག་མ་མུ་ཆོས་གསུང་པའི་བཀའ་བརྟེན་རྣམས་ཡིན་ཞེས་གསུང་མཛད་ཡོད། གོང་དུ་“འབྱོར་བའི་ལོ་ཙཱ་བ་སྦྱངས་ནས་ཕྱོགས་མཚམས་ཀུན་ཏུ་བསྒྱུར་ཞིང་སྤེལ་”ཞེས་པའི་ཚིག་དེས་ནི། མུ་ཆོ་ལྡེམ་དྲུག་གི་སློབ་མ་སྟག་གཟིག་ལ་མཁས་པ་དམུ་ཚ་ཏྲ་ཧེ། ཞང་ཞུང་ལ་མཁས་པ་ཁྲི་ཐོག་པར་ཙ། སུམ་པ་ལ་མཁས་པ་འགུ་ཧུ་ལི་སྤར་ཡ། རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ། རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་གྲོལ། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་བཅས། མཐའ་ཡི་རྒྱལ་ཕྲན་དྲུག་གི་ཚབ་མཚོན་མཁས་པ་དྲུག་བྱུང་ནས་རང་རང་སོ་སོའི་ཡུལ་ལུང་དུ་རང་སྐད་ལ་བསྒྱུར་ཏེ་བོན་སྤེལ་བའི་ལོ་རྒྱུས་བོན་གྱི་དཔེ་ཆ་ཕལ་ཆེ་བའི་ནང་གསལ་བ་དེ་དང་གཅིག་མཚུངས་སུ་སྣང་།

  ཐུབ་བསྟན་པའི་དཔྱད་ཡིག་ཁག་ལས་བཀའ་བསྟན་འགྱུར་གྱི་དཀར་ཆག་ཐོག་མ་ནི་«དཀར་ཆག་ལྡན་དཀར་མ་»དང་«དཀར་ཆག་འཕང་ཐང་མ།» «དཀར་ཆག་མཆིམས་ཕུ་མ།»གསུམ་ཡིན་པར་སྨྲ་ཞིང་། རྒྱལ་མོ་འབྲུག་པ་ལགས་ཀྱིས་བོད་གངས་ཅན་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཀར་ཆག་ཐོག་མ་«དཀར་ཆག་འཕང་ཐང་མ་»ཡིན་པར་བཤད། འོན་ཀྱང་། ད་ཡོད་གུས་པས་མཐོང་བའི་དཔྱད་ཡིག་«དཀར་ཆག་འཕང་ཐང་མ་»ཡི་ནང་བཀའ་བསྟན་འགྱུར་དུ་གྲགས་པའི་དཔེ་ཐོ་འབོལ་ཆེན་བཀོད་ཡོད་མོད། དཔེ་ཆ་འདི་ཉིད་ཀྱི་ནང་དུ་ཐོག་མཐའ་བར་གསུམ་ལ་བཀའ་བསྟན་འགྱུར་ཞེས་པའི་ཚིག་ཟུར་ཙམ་མི་གསལ། གུས་པས་མཐོང་ཚོད་ལྟར་ན་དུས་རབས་བཅུ་གཅིག་ནང་ཐོན་པའི་«བཀའ་ཆེམས་ཀ་ཁོལ་མ་»དང་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་མཁས་པ་ལྡེའུས་མཛད་པའི་«རྒྱ་བོད་ཆོས་འབྱུང་རྒྱས་པ་»གཉིས་ནི། བོད་ཀྱི་ཐུབ་བསྟན་རིང་ལུགས་པའི་དཔེ་ཆའི་ནང་དུ་བཀའ་བསྟན་བཅོས་ཞེས་པའི་ཐ་སྙད་འཁོད་པ་ཆེས་ཐོག་མ་དེ་མིན་ནམ་སྙམ།

  «བཀའ་ཆེམས་ཀ་ཁོལ་མ་»ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་དེ་ཕྱིས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སྤྱི་ལོ་1049ལོར་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནས་གཏེར་དུ་བཞེས་པར་གྲགས། དཔེ་ཆ་འདི་གོང་དུ་«མདོ་གཟེར་མིག་»གི་ནང་དོན་དང་ཆ་འདྲ་བར་སྟོན་པ་ཤཱཀྱ་ཐུབ་པ་སྐུ་གཤེགས་ནས་མི་ལོ་བརྒྱ་ཡི་མཚམས་སུ། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་དགེ་སློང་ལྔ་བརྒྱ་ལྷན་གཅིག་ཚོགས་ཏེ་བཀའ་འཁོར་དང་པོའི་དགོངས་དོན་བཀྲལ་ནས་བམ་པོ་སུམ་བརྒྱ་ཅན་གྱི་«བྱེ་བྲག་བཤད་མཛོད་ཆེན་མོ་»ཞེས་པའི་བསྟན་བཅོས་བརྩམས་པས་བསྟན་བཅོས་ཆེས་སྔ་བ་དེ་ཡིན་པར་བཤད་འདུག་ལ། མཁས་པ་ལྡེའུ་མཆོག་གིས་“སྤྱིར་ཡང་དག་པའི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད། བདེན་པ་གཉིས་སམ། ལུང་དང་རྟོགས་པའམ་བཀའ་དང་བསྟན་བཅོས་གཉིས་སུ་འདུས་སྐད་”ཅེས་གསུང་ཡོད། སངས་རྒྱས་ཀྱི་བསྟན་པའམ་ཆོས་བདེན་པ་གཉིས་དང་ལུང་རྟོགས་གཉིས་སུ་འདུས་པར་བཤད་པ་ནི་ཐུབ་བསྟན་པའི་རིང་ལུགས་འཛིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་ཚུལ་ཞིག་ཡིན་པར་འདུག ཕྱིས་སུ་གཤེན་རབ་རྗེས་འཛིན་པ་ཁག་ཅིག་ལ་དེ་ཡི་ཤན་ཞུགས་ནས་སངས་རྒྱས་བསྟན་པ་ལུང་རྟོགས་གཉིས་སུ་འདུས་པར་གསུང་མཁན་བྱུང་ཡོད་ཀྱང་། མཁན་ཆེན་ཉི་མ་བསྟན་འཛིན་སོགས་ཀྱིས་དེ་ལ་མཐའ་གཅིག་ཏུ་དགག་པ་སྐྱོན་མཛད་ཡོད། འོན་ཀྱང་། གསུང་རབ་རྣམས་བཀའ་དང་བསྟན་འགྱུར་གཉིས་སུ་དབྱེ་བའི་ཚུལ་དེ་ནི་བོན་ལུགས་ཀྱི་བཀའ་དང་བཀའ་བརྟེན་གཉིས་ཀྱི་རྣམ་བཞག་ལ་ལད་མོ་བྱས་པ་ལས། མཁར་རྨེའུ་བསམ་གཏན་གྱིས་གསུང་པ་ལྟར་བོན་གྱིས་ཆོས་ལ་ལད་མོ་བྱས་པ་ཞིག་ཡིན་མིན་བཤད་དཀའ་བར་སྣང་ངོ་།།

  རྒྱུ་མཚན་ནི་མཁས་པ་ལྡེའུ་མཆོག་གིས་ཐུབ་པའི་བསྟན་པ་བདེན་པ་གཉིས་དང་ལུང་རྟོགས་གཉིས་སུ་འདུས་པར་བཤད་པ་རྣམས་ལུང་ཁུངས་གཙིགས་ཆེ་བ་མང་པོ་དྲངས་འདུག་ཀྱང་། བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་ལུང་གི་རྒྱབ་ལྗོངས་«ལྷ་བུ་དམ་པས་ཞུས་པའི་མདོ་»ཙམ་ལས་གཞན་ཚིག་དངོས་སུ་གསལ་བའི་དཔེ་ཆ་གཅིག་ཀྱང་འདྲེན་རྒྱུ་རྙེད་མེད། «ལྷ་བུ་དམ་པས་ཞུས་པའི་མདོ་»ལས་“ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་ཆོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེའི་དགོངས་འགྲེལ་དང་། །དེའི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །”ཞེས་ཚིག་རྐང་བཞི་དྲངས་པའི་ཁྲོད་དུ་བཀའ་དང་བསྟན་ཆོས་ཞེས་པའི་ཐ་སྙད་དེ་བྱུང་འདུག ལུང་འདི་ཕྱིས་སུ་ཐུབ་བསྟན་པའི་དཔེ་ཆ་མང་པོ་ཞིག་ལས་འབྱུང་གི་འདུག་ཀྱང་དོན་དུ་དཔེ་ཆ་དེ་ག་འདྲ་ཞིག་ཡིན་མིན་སུས་ཀྱང་ཞིབ་འཇུག་མཛད་མེད་པ་འདྲ། བོན་གྱི་དཔེ་རྙིང་«རྩ་རྒྱུད་ཉི་ཟེར་སྒྲོན་མ་»ཞེས་པའི་ནང་དུ་ལྷ་བུ་དམ་པ་ཏོག་དཀར་གྱི་སྐོར་འཁོད་ཡོད། དཔེ་ཆ་འདི་དུས་རབས་ནམ་ཞིག་བྱུང་མིན་གསལ་པོ་མ་ངེས་ཀྱང་དུས་རབས་བཅུ་བཞིའི་སྔོན་གྱི་དཔེ་ཆ་ཡིན་པ་ཚོད་དཔག་བྱེད་ཆོག འོན་ཀྱང་། དཔེ་ཆ་འདི་ནི་དེའི་སྐོར་འཁོད་པའི་དཔེ་ཆ་ཆེས་སྔ་བ་དེ་མ་ཡིན་ཏེ། «སེམས་ལུང་གསལ་བའི་སྒྲོན་མེ་»ཞེས་པའི་ནང་དུ་“སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར། །ལོག་པ་འདུལ་ཕྱིར་རྒྱལ་པོའི་སྲས་བཞི་བཞག །”ཅེས་གསལ་ཞིང་། དཔེ་ཆ་དེ་ཡི་འགྲེལ་བའི་ནང་དུ་རྒྱལ་པོའི་སྲས་བཞི་ཞེས་པ་དེ་གཙུག་ལག་སྲིད་པའི་བུ་བཞི་ཞེས་བཏགས་ཡོད་ལ་དེའི་ཁྲོད་དུ་གཅིག་ནི་ལྷའི་བུ་དམ་པ་ཏོག་དཀར་ཞེས་པ་དེ་ཡིན་ཚུལ་བསྟན་ཡོད། དཔེ་ཆ་འདི་གཉིས་དུས་ཚོད་ནམ་ཞིག་ལ་མཛད་མིན་དང་མཛད་པ་པོ་སུ་ཡིན་མིན་ད་དུང་གསལ་པོ་བཤད་མ་ཕོད་ཀྱང་། སྤྱི་ལོ་1198ལོར་འཁྲུངས་ཤིང་སྤྱི་ལོ་1263ལོར་སྐུ་གཤེགས་པའི་བོན་གྱི་མཁས་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་དཔེ་ཆའི་ནང་དུ། «སེམས་ལུང་གསལ་སྒྲོན་»ལས་ལུང་དྲངས་འདུག་པར་དཔྱད་ན་དཔེ་ཆ་འདི་ཉིད་དུས་རབས་བཅུ་གསུམ་པའི་སྔོན་ནས་ཡོད་པ་ར་འཕྲོད་ཐུབ་པ་མ་ཟད། བླ་མ་གྱེར་མི་ཉི་འོད་ཀྱིས་གཏེར་ནས་བཏོན་ཞིང་རྨ་སྟོན་སྲོལ་འཛིན་ལ་རྒྱུད་པ་«གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་»ཞེས་པ་ལས་ཀྱང་དེ་བཞིན་འཁོད་ཡོད། མཁར་རྨེའུ་བསམ་གཏན་མཆོག་གིས་བླ་མ་གྱེར་མི་ཉི་འོད་ནི་སྙན་རྒྱུད་ཅེས་པའི་རྟོག་པ་ཉམས་ཤར་གྱི་བོན་སྲོལ་འབྱེད་མཁན་ཐོག་མ་དེ་ཡིན་ཚུལ་བཤད་ཅིང་དུས་རབས་བཅུ་གཉིས་ནང་བྱོན་པར་གསུང་།

  ང་ཚོས་འདིར་«སེམས་ལུང་གསལ་སྒྲོན་»གྱི་ནང་དོན་ཅུང་ཙམ་བཀོད་ན། དེ་ཡང་སྟོན་པ་གཤེན་རབ་ཀྱི་བསྟན་པ་རྫོགས་རྗེས་གསུང་གི་བསྟན་པའི་ནང་དུ། ཁོང་གི་སྤྲུལ་སྐུ་གཙུག་ལག་སྲིད་པའི་བུ་བཞི་ཡིས་ཡུལ་ལུང་བཞི་ལ་བདུད་བཞི་བཏུལ་ནས་བསྟན་པ་སྤེལ་ཚུལ་བཤད་ཡོད་པ་དང་། ལྷ་བུ་དམ་པ་ཏོག་དཀར་རྒྱ་གར་ཡུལ་དུ་རྒྱལ་པོ་ཤག་གི་གདུང་ལས་ཟས་གཙང་གི་སྲས་སུ་འཁྲུངས་ཏེ་བདུད་ང་མེན་ཆོས་པོ་ཞེས་པ་འདུལ་ཚུལ་དེ་ལགས། དུས་རབས་བཅུ་བཞིའི་ནང་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས་(1360—1406)སྙན་རྒྱུད་དུ་ཕབས་པར་གྲགས་པའི་«མདོ་དྲི་མེད་གཟི་བརྗིད་»དུ་“ལྷའི་བུ་དམ་པ་ཏོག་དཀར་ཁྱོད། །འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། །རྒྱ་གར་ཝ་ར་ན་སི་རུ། །རྒྱལ་པོ་ཤག་གི་སྲས་སུ་འཁྲུངས། །ང་མིན་ཆོས་པོས་བསྒྱུར་བ་ཡི། །བོན་ལས་འཆོས་པའི་ལོག་བསླུ་ལ། །ཡང་དག་ཆོས་ཞེས་བྱ་བ་བསྒྱུར། །མིའི་ལོ་བརྒྱད་བརྒྱ་ཉི་ཤུ་ན། །རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། །”ཞེས་ལྷའི་བུ་དམ་པ་ཏོག་དཀར་སྐོར་གྱི་ནང་དོན་དེ་སླར་ཡང་བྱུང་བས། དེའི་རྗེས་སུ་བྱུང་བའི་བོན་གྱི་བསྟན་འབྱུང་མང་པོའི་ནང་དུ་ལུང་དེ་ཉིད་དྲངས་ཏེ་སྟོན་པ་ཤཱཀྱ་ཐུབ་པ་ནི་ལྷ་བུ་དམ་པ་ཏོག་དཀར་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་འདུག

  ལྟ་བ་འདིས་བན་བོན་བར་ལ་མཐུན་ལམ་གྱི་གསར་ཟམ་ཞིག་བཙུག་ཡོད་པ་ཕུད། ངོ་མཚར་བ་ཞིག་ལ་བན་ཕྱོགས་ཀྱི་དཔེ་ཆ་«བཀའ་ཆེམས་ཀ་ཁོལ་མ་»ལས་ཀྱང་ནང་དོན་འདི་དང་ཆ་འདྲ་བ་ཞིག་བྱུང་ཡོད་དེ། འདིར་ལུང་ཆ་ཚང་དྲངས་ན་“བོན་སྟོན་པ་གཤེན་རབས་མི་བོ་ཆེ་དེ་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན་སྔོན་བསྐལ་པ་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ཤར་ནས་གནས་ཏེ་ནུབ་པའི་ཤུལ་དུ། ཤཱཀྱ་ཐུབ་པའི་བསྟན་པ་མ་ཤར་བའི་བར་སྐབས་དེར་ཆོས་ཀྱི་བསྟན་པ་གང་ཡང་མེད་པར། སེམས་ཅན་ཉོན་མོངས་ཤིང་སྡུག་བསྔལ་བ་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཐུགས་རྗེས། ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབས་མི་བོར་སྐུ་སྤྲུལ་ནས། འཁོར་གཡུང་དྲུང་སེམས་དཔའ་སེམས་ཅན་ཀྱིས་བསྐོར་ནས། འཛམ་བུའི་གླིང་པའི་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ་བཏགས་པས། དེས་ན་གང་ལ་གང་འདུལ་དེ་ལ་དེ་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་བྱུང་ངོ་།།”ཞེས་གསལ་བ་དེའོ།།

  ལུང་འདིས་སྟོན་པ་ཤཱཀྱ་ཐུབ་པ་མ་འཁྲུངས་པའི་སྔོན་ལ་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་བྱ་བ་ཞིག་འཁྲུངས་མྱོང་བ་དང་སྟོན་པ་གཤེན་རབ་མི་བོ་ནི་སྟོན་པ་ཤཱཀྱ་ཐུབ་པའི་སྐྱེས་རབས་སྔོན་མ་ཡིན་པར་བསྟན་ཡོད། ཕྱོགས་གཅིག་ནས་བལྟས་ན་འདི་ཡང་ངོ་མཚར་དགོས་པ་ཞིག་མ་ལགས་ཏེ། «བཀའ་ཆེམས་ཀ་ཁོལ་མ་»ཡི་ནང་དུ་འདི་དང་ཆ་འདྲ་བར་སྲིད་པ་ཆགས་རབས་དང་ནང་བཅུད་གྲོལ་སྟངས། རྒྱལ་རབས་བྱུང་ཚུལ། བོན་ཤེས་པ་ཅན་བཅུ་གཉིས་སོགས་བོན་གྱི་དཔེ་རྙིང་དག་ལས་བྱུང་བའི་ནང་དོན་མང་པོ་ཞིག་འཁོད་ཡོད་ལ་«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་»སོགས། ཐུབ་བསྟན་པའི་དཔེ་ཆ་སྔ་གྲས་ཇི་སྙེད་གཅིག་ཏུ་འདི་ལྟ་བུའི་སྣང་ཚུལ་ཧ་ཅང་མང་ཞིང་། གྲུབ་མཐའི་ངོས་ནས་བཤད་ན་བོད་དུ་དར་བའི་ཐུབ་པའི་བསྟན་པ་སྔ་ཤོས་རྙིང་མ་པས་ཀྱང་ཐེག་པ་རིམ་དགུ་དང་རྫོགས་པ་ཆེན་མོ་འདོད་པ་ལྟ་བུ་སྟེ། ལྟ་གྲུབ་ཀྱི་ཐད་ནས་བོན་དང་གཅིག་མཚུངས་སུ་གནས་པ་མང་པོ་མཐོང་རྒྱུ་ཡོད།

  གཞན་ཡང་ངེས་དགོས་པ་ཞིག་ལ་གོང་དུ་ལུང་དྲངས་པ་བཞིན་«བཀའ་ཆེམས་ཀ་ཁོལ་མ་»དང་«མཁས་པ་ལྡེའུ་ཆོས་འབྱུང་»གཉིས་སུ་བཀའ་དང་བསྟན་བཅོས་གཉིས་ཟེར་བ་ཙམ་ལས། བཀའ་དང་བསྟན་འགྱུར་ཞེས་པའི་ཐ་སྙད་ནི་དེའི་རྗེས་སུ་བྱུང་བའི་ཆོས་འབྱུང་དེབ་ཐེར་དག་ལས་འབྱུང་བ་མ་གཏོགས་སྐབས་དེར་ད་དུང་བྱུང་མེད། དཔེ་ཆ་འདི་གཉིས་སུ་བསྟན་འགྱུར་གྱི་དོད་དུ་བསྟན་བཅོས་ཞེས་བྲིས་འདུག་པ་ལྟར། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་«ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ་»ཡི་ནང་དུ་བཀའ་དང་བསྟན་བཅོས་གཉིས་འགལ་བ་ཁོ་ནར་འདོད་དོ་ཞེས་གསུང་ཡོད། འོན་ཀྱང་། བསྟན་བཅོས་ཡིན་ན་བསྟན་འགྱུར་ཡིན་པའི་ཁྱབ་པ་ཡོད་མེད་གསལ་པོ་མ་གསུང་ཡང་། བོན་ལུགས་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་ཡིན་ན་བཀའ་བརྟེན་ཡིན་པས་མ་ཁྱབ་ཅིང་བཀའ་བརྟེན་ཡིན་ན་བསྟན་བཅོས་ཡིན་པས་ཁྱབ་ཅེས་གསུང་ཁས་ལེན་མཛད་འདུག བུ་སྟོན་རིན་པོ་ཆེས་(1290—1364)མཛད་པའི་«བུ་སྟོན་ཆོས་འབྱུང་»དུའང་བཀའ་དང་བསྟན་བཅོས་ཞེས་རྣམ་བཞག་བྱས་ཡོད་པ་ལས་བཀའ་འགྱུར་དང་བསྟན་འགྱུར་ཞེས་བཀོད་མེད་མོད། «ཆོས་འབྱུང་»འདིར་བསྟན་འགྱུར་ཞེས་པའི་ཐ་སྙད་ནི་བྱུང་ཡོད་དོ།།

  རྒྱལ་མོ་འབྲུག་པའི་«བཀའ་བསྟེན་གྱི་པར་གཞི་ཁག་དང་བསྟན་འགྱུར་དཔེ་བསྡུར་མའི་སྐོར་གླེང་བ་»ཞེས་པའི་དཔྱད་རྩོམ་དུ། བཀའ་ཡི་“སྒྲ་དོན་ནི་སཾ་སྐྲྀ་ཏའམ་ལེགས་སྦྱར་གྱི་སྐད་དོད་ལ་སུ་བྷཱ་ཥི་ཏ་ཞེས་བྱ་སྟེ། སུ་བྱ་བ་ནི་དོན་ལྔ་ལ་འཇུག་པ་ལས་འདིར་ལེགས་པའི་དོན་དང་བྷཱ་ཥི་ཏ་བྱ་བ་གསུངས་པའི་དོན་ལ་འཇུག་པས་ན་ལེགས་པར་གསུངས་པ་ཞེས་གྲུབ། བོད་སྔ་རབས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་རབ་བླ་ན་མེད་པའི་ཆ་ནས་རྒྱལ་བའི་བཀའ་ཞེས་རང་སྐད་ཀྱི་བླ་མེད་ཞེ་ཚིག་སྦྱར་ཏེ་བརྗོད་པ་ཡིན་”ཞེས། རྒྱ་གར་རང་དུ་སྟོན་པ་ཤཱཀྱ་ཐུབ་པའི་གསུང་ལ་བོད་ཀྱི་སྐད་དོད་དུ་ལེགས་གསུང་གི་དོན་ཡོད་པ་ལ་བོད་སྔ་རབས་པས། བོད་རང་ལ་སྔར་ནས་ཆགས་པའི་ཐ་སྙད་སྦྱར་ཏེ་བཀའ་ཞེས་བཏགས་ཚུལ་བཤད་པ་དང་དེའི་དགོངས་འགྲེལ་རྣམས་ལ་བསྟན་འགྱུར་ཞེས་བཏགས་པ་མ་གཏོགས། རྒྱ་ནག་སོགས་མི་རིགས་གཞན་དུ་སྟོན་པ་ཤཱཀྱའི་གསུང་དང་དེའི་དགོངས་བཅུད་བླངས་པའི་ལོ་པཎ་རྣམས་ཀྱི་གསུང་ལ། སྡེ་སྣོད་གསུམ་(三藏)མམ་སྡེ་སྣོད་ཆེན་མོ་(大藏经)ཞེས་འདོགས་ཚུལ་གསུང་པ་ནི་མཁས་པའི་གཏམ་དུ་སྣང་ངོ་།།

  དེ་ཡང་བོན་གྱི་མཁས་པ་གྲགས་ཅན་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་“རྒྱལ་པོས་བཀའ་བཅད་པ་དང་འདྲ་བར། སངས་རྒྱས་ཡས་དབབ་ཀྱི་བཀའ་ཡིན་པས་བཀའོ།།”ཞེས་བཀའ་ཡི་སྒྲ་དོན་ནི་རྒྱལ་པོའི་བཀའ་དང་འདྲ་བར་སྦྱར་ནས་བཤད་ཡོད་ལ། སྤ་བསྟན་རྒྱལ་བཟང་པོས་མཛད་པ་«བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་»ལས་ཀྱང་“སྟོན་པས་གསུངས་པ་དེ་བརྩན་པར་གྱུར་པས་ན་བཀའ་སྟེ། མདོ་ལས། སྔོན་གྱི་སྟོན་པ་ཇི་སྙེད་མན་ཆད་ནས། །ད་ལྟའི་སྟོན་པ་བདག་ཉིད་ཡན་ཆད་དུ། །ལུང་འདི་མ་ནོར་ངེས་པས་བརྩན་པར་ཟུངས། །”ཞེས་གསུང་འདུག་པ་ལྟར། བོན་གྱི་དཔེ་ཆ་རྣམས་སུ་བཀའ་ཞེས་པའི་དོན་ནི་བོད་རང་གི་སྐད་ཆའི་བབས་དང་མཐུན་ཞིང་འགྲེལ་ཆགས་པ་ཞིག་བཤད་ཡོད། ཕྱིས་སུ་དུས་རབས་བཅུ་དགུའི་ནང་འཁྲུངས་པའི་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བཤད་སྟངས་འདི་ཉིད་མུ་མཐུད་རྒྱུན་འཁྱོངས་མཛད་ཡོད་ལ། དེའི་སྟེང་དུ་“ལྡེ་བོན་གྱིམ་ཚ་རྨ་ཆུང་གིས་མཛད་པའི་མཆོད་གཏོར་རྒྱ་ཆེར་འགྲེལ་བ་ལས། སྟོན་པ་སྲིད་པའི་མངའ་བདག་གི །བཀའ་ནི་རྣམ་དག་ཅེས་བྱ་སྟེ། །ཀུ་ཡིག་བཀའ་ཅེས་རབ་ཏུ་སྟོན། །”ཞེས་པའི་ལུང་དྲངས་ཏེ། ཞང་ཞུང་གི་སྐད་དུ་བཀའ་ཡི་དོན་ལ་“ཀུ་ཡིག་”ཅེས་འབོད་པར་བསྟན་ཡོད་ཅིང་། «ཞུ་གཡས་ཉི་མ་གྲགས་པས་མཛད་པའི་ཞང་བོད་ཀྱི་སྒྲ་སྡེབས་སོ།།»ཞེས་པའི་ནང་དུའང་དེ་བཞིན་བཤད་འདུག་གོ།

  གོང་དུ་ང་ཚོས་གླེང་པ་ལྟར་«བཀའ་ཆིམས་ཀ་ཁོལ་མ་»དང་བོན་དཔེ་དག་ལས་སྟོན་པ་གཤེན་རབ་ནི་སྟོན་པ་ཤཱཀྱ་ཐུབ་པའི་སྐྱེ་བ་སྔོན་མ་ཡིན་པ་དང་སྟོན་པ་ཤཱཀྱ་ནི་སྟོན་པ་གཤེན་རབ་ཀྱི་བསྟན་པའི་འཕྲོ་སྐྱོང་མཁན་དུ་ཆགས་ཡོད་པས། བོན་གྱི་དཔེ་ཆ་རྣམས་སུ་བཀའ་དང་བཀའ་བརྟེན་གྱི་ཁྱད་པར་འབྱེད་སྐབས་སྟོན་པ་ཤཱཀྱའི་གསུང་ཁག་ཅིག་བཀའ་ཡི་ཁོངས་སུ་གཏོགས་པ་དང་ཕལ་ཆེ་བ་ནི་བཀའ་བརྟེན་གྱི་གྲས་སུ་ཚུད་ཚུལ་གསུང་ཡོད། བཤད་སྟངས་འདི་ནི་ད་ལྟའི་ཐུབ་བསྟན་པའི་ངོས་ནས་མཚོན་ན་བློ་ངོར་མི་ཤོང་བའི་གཏམ་འབའ་ཞིག་ཏུ་ཟད་ཀྱང་། མཐུན་ལམ་གཙོ་བོར་སྨྲ་མཁན་ཞིག་གི་ངོས་ནས་གསེར་ཟམ་ཆེན་པོ་ཞིག་ཡིན་པར་སྨྲ་ཆོག་ལ་བན་བོན་གཉིས་ཀའི་དཔེ་ཆའི་ཁྲོད་དུ་ཁུངས་དང་ལུང་ཡོད་པའི་གཏམ་དུ་སྣང་། གཞན་ཡང་བོན་དཔེ་ཁག་ཅིག་འདི་དང་མཚུངས་པར་ཤཱཀ་གཤེན་གཉིས་རུས་རྒྱུད་གཅིག་དང་ཁྱིམ་རྒྱུད་གཅིག་ལས་གྲོལ་བའི་ལྟ་ཚུལ་འདོན་མཁན་ཡང་བྱུང་མྱོང་ངོ་།།

  [གསལ་བཤད།] དཔྱད་རྩོམ་འདི་«བོན་གྱི་བཀའ་དང་བཀའ་བརྟེན་བཞེངས་འབྲི་དང་དེའི་དཀར་ཆགས་ལས་འཕྲོས་ཏེ་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱིས་མཛད་པའི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་གི་སྐོར་གླེང་པ།»ཞེས་པའི་དཔྱད་རྩོམ་རིང་མོ་ཞིག་གི་ཚན་ཆུང་གཅིག་ཁོལ་དུ་ཕྱུང་བ་ཡིན།

ཧི་བོན་དྲ་ཚིགས་ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།