དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྒོར་འཇུག་ཚུལ་བཤད་པ།

དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྒོར་འཇུག་ཚུལ་བཤད་པ།

བྱ་འཕུར་ནམ་མཁའ་རྒྱལ་མཚན།

   ༄༅།།དེ་ཡང་འདིར་བསྐལ་བཟང་སྒྲོན་མེ་ཅན་གྱི་བསྐལ་བ་སངས་རྒྱས་སྟོང་དང་རྩ་བརྒྱད་མི་མཇེད་འཇིག་རྟེན་གྱི་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའི་རྣམ་འདྲེན་ཡོངས་ཀྱི་ཐུ་བོ། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུར་གྱུར་བ། ཚེ་ལོ་བརྒྱ་བའི་སྟོན་པ་རྣམ་མཁྱེན་གཤེན་རབ་མི་བོ་ཞེས་མཚན་སྙན་ཉི་ཟླ་ལྟར་རྣམ་པར་ཁྱབ་ཅིང་། རྒྱལ་དང་རྒྱལ་སྲས་ཀུན་གྱིས་བསྔགས་ཤིང་བསྟོད་པའི་མེ་ཏོག་དཀར་པོ་མཆོད་ཡུལ་གྱི་བདག་ཉིད་དམ་པ་གང་གི་བསྟན་པ་ནི། “ཞང་ཞུང་སྐད་དུ་དྲུང་མུ་གྱེར”། བོད་སྐད་དུ་གཡུང་དྲུང་བོན་ཞེས་བྱ་བ་ཡིན་ལ། དེ་ཡང་དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་སྒོར་འཇུག་པའི་གང་ཟག་གིས། དང་པོ་བྱང་ཆུབ་སྒྲུབ་པའི་ཐབས་ཕྱིན་ཅི་མ་ལོག་པ་ལམ་བསླབ་པ་རིན་པོ་ཆེ་གསུམ་གྱིས་རྒྱུད་བསྡམ་དགོས་པ་ཡིན་ཞིང་། དེ་རང་རྒྱུད་དུ་ཇི་ལྟར་ལེན་དགོས་ཞེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་ཆུང་ཀུན་གྱི་ཚིག་དོན་ཡོད་དོ་ཅོག་ལ། མཁྱེན་དཔྱོད་རབ་ཏུ་ཡངས་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་དགོས་པས། དེ་ལ་མཚན་ཉིད་གང་འདྲ་བ་ཞིག་ལྡན་དགོས་ཞེ་ན། བླ་ཆེན་དྲན་པའི་ཞལ་སྔ་ནས། སྡེ་སྣོད་ལ་མཁས་བསླབ་པ་གསུམ་དང་ལྡན།། འདི་དོན་སྤངས་ཞིང་གཞན་ལ་བརྩེ་བ་ཅན།། ཚོད་ཟིན་སྟོན་མཁས་སྐྱོ་མེད་བརྩོན་དང་བཅས།། ཞེས་དང་། ༼ལམ་རིམ་སུམ་བརྒྱ་བ༽ལས། ཐོས་བསམ་སྒོམ་གསུམ་རྒྱུད་སྦྱོངས་ཤེས་རབ་ཆེ།། ཚོད་ཟིན་སྟོན་མཁས་སྐྱོ་མེད་རང་ཉིད་གྲོལ།། ཞེས་དང་། རྗེ་རིན་པོ་ཆེའི༼དག་འགྲེལ་༽ལས། བཤད་པ་པོ་ནི་སྤྱངས་པའི་ཤེས་རབ་ཆེ་བ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ། ཞེས་གསུངས་པ་ལྟར། དང་པོ་ནི་ཐོས་བསམ་ལ་སྦྱོངས་པའི་སྟོབས་ཀྱིས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གང་རུང་དང་ལྡན་ཞིང་། ཐེག་སྒོ་སྤྱི་དང་། ཁྱད་པར་གང་བཤད་བྱའི་གཞུང་དེའི་ཚིག་དང་དོན་ལ་མ་རྨོངས་པའི་བློ་གྲོས་དང་ལྡན་པའོ།། གཉིས་པ་ནི་བསྟན་འགྲོ་སྤྱི་དང་། ཁྱད་པར་སློབ་བུའི་རྒྱུད་ལ་ཕན་འདོད་པའི་སྙིང་རྗེ་བརྩེ་སེམས་དང་ལྡན་པའོ།། གསུམ་པ་ལ་གཞན་རྗེས་སུ་འཛིན་པའི་ཐབས་ལ་མཁས་པ་དང་། བོན་འཆད་པའི་ཐབས་ལ་མཁས་པ་གཉིས་སོ།། དང་པོ་ནི་བཤད་པའི་ཚེ་ངལ་དུབ་དང་སྐྱོ་བ་མེད་པར་རྟག་ཏུ་འཆད་ནུས་པ་དང་། སློབ་བུའི་མི་ཤེས་པའི་དོན་རྣམས་ལན་གྲངས་ཇི་ལྟར་དྲིས་ཀྱང་བཟོད་པ་དང་ལྡན་ལ། ངེས་པར་བསླབ་ནུས་པའོ།། གཉིས་པ་ནི་རྗོད་བྱེད་ཀྱི་བརྡ་དག་ཅིང་། ཚད་གསུམ་ཟུང་དུ་འབྲེལ་བའི་སྒོ་ནས། གདུང་བྱའི་དབང་པོ་དང་འཚམ་པར་གང་ལ་གང་འདུལ་གྱི་བོན་སྟོན་ནུས་པ་ཞིག་དགོས་པ་ཡིན་ཏེ། ༼བོན་འཁོར་ཚིག་བཞི་བསྟན་པའི་མདོ༽ལས། གང་ཞིག་བསླབ་པ་གསུམ་ལྡན་ཞིང་།། དེ་ཉིད་མཁས་དང་གོམས་གྱུར་པ། དེ་དག་རང་བཞིན་དག་པ་ཡིས།། སྙིང་པོའི་མཆོག་གྱུར་ཞིང་དག་ལ།། ཞེས་གསུངས་པ་ལྟར་རོ།། དེ་ལྟ་བུའི་མཚན་ལྡན་གྱི་བླ་མ་དེ་ཉིད་ཉན་པ་པོ་གང་ཟག་གིས་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་གསུམ་ཏེ་དྲུག་སྤངས་ནས་འདུ་ཤེས་དྲུག་བསྟེན། སྒོ་གསུམ་རྣམ་པར་དག་པའི་བོན་ཉན་དགོས་པ་ཡིན་ནའང་སྙིགས་མ་ལྔ་བདོ་བའི་དུས་འདིར་དེ་འདྲའི་བཤེས་གཉེན་གྱི་མཚན་ཉིད་ཚང་བ་དཀོན་པའི་རྒྱུ་མཚན་གྱིས། གཞུང་གང་བཤད་བྱའི་སྐབས་སུ་བབས་པ་དེའི་གནད་དོན་ལ་དོགས་པ་ཆོད་ཅིང། ཉན་པ་པོ་ལས་ལྷག་པའི་ཡོན་ཏན་དང་ལྡན་པ། རྣམ་དཀར་དགེ་བའི་ལམ་ལ་བཀྲིད་ཅིང་གཞོལ་བར་མཛད་པའི་བློ་སྟོབས་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། ༼བཀའ་རྟེན་སུམ་བརྒྱ་བ་༽ལས། མཚན་ཉིད་ཚང་བ་དཀོན་པའི་མདོར་ན་ནི།། ཡོན་ཏན་ལྷག་ཅིང་དགེ་ལ་གཞོལ་ནུས་བསྟེན།། ཞེས་སོ།། དེས་ན་མཚན་ལྡན་གྱི་བླ་མ་དམ་པ་དེ་ཕྱོགས་ཉེ་རིང་གང་ན་བཞུགས་ཤིང་དཀའ་བ་རྒྱང་དུ་དོར་ནས་བཙལ་བར་བྱ་ལ། ཞབས་ཀྱིས་ཟིན་པ་ན་ཚེ་རབས་མང་པོར་བསགས་པའི་རྣམ་དཀར་གྱི་འབྲས་བུ། རང་ཉིད་ལ་སྐལ་བ་ལས་སྐལ་བ་མཆོག་ཏུ་ཐོབ་པ་ནི། དབུལ་པོས་གསེར་རྙེད་པ་ལྟ་བུའི་དགའ་བ་ལྷང་ལྷང་སྒོམ་པ་དང་ཆབས་ཅིག བློ་དེ་ཡང་མདོ་སྔགས་རྫོགས་གསུམ་གྱི་གདམས་པ་ལ་འཇུག་ཅིང་མཐའ་ཆོད་པའི་རྙེད་དོན་རང་རྒྱུད་ལ་སྦྱར་ཏེ་བྱང་ཆུབ་བསྒྲུབ་དགོས་པ་ཡིན་ཞིང་། དང་པོ་རིག་གནས་ཆེ་ཆུང་ཀུན་གྱི་ངོ་མཚར་བའི་གཙུག་ལག་ཕུན་སུམ་ཚོགས་པའི་དཔལ་ལ་ཐོས་བསམ་གྱི་ཡོན་ཏན་ལ་མ་གོམས་པར་མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་རང་རྒྱུད་ལ་ཤིན་ཏུ་སྐྱེ་དཀའ་བ་ཡིན་ཏེ། སྨྲ་དབང་ཉི་མ་བསྟན་འཛིན་གྱི་༼སུམ་ལྡན་སྡུས་གྲྭའི་མཐའ་དཔྱོད༽ལས། རིག་པའི་གནས་ལྔ་མ་སྦྱངས་པར།། ཐམས་ཅད་མཁྱེན་པ་མི་འགྱུར་ཏེ།། ཉི་མའི་དཀྱིལ་འཁོར་འོད་འབར་བ།། སྒོ་འགག་དབང་པོས་མཐོང་པ་མིན།། ཞེས་གསུངས་པ་ལྟར་རོ།། དེ་ལ་བརྟེན་ནས་སྔ་རབས་ཀྱི་དུས་སུ་སྔགས་སེམས་གཙོ་བོར་སྟོན་པའི་གཞུང་བྱང་སེམས་གབ་པ་རྩ་འགྲེལ་དང་། ཕར་ཕྱིན་གྱི་གནས་རྣམས་སྟོན་པ་དང་། ས་ལམ་གྱི་གཞུང་རྣམས་དང་། གནས་ཆེན་བཅུ་བདུན་སྟོན་པའི་གཞུང་། མཛོད་རྩ་འགྲེལ་བཅས་ཀྱི་སྒོ་ནས་གཞུང་ལུགས་རབ་འབྱམས་པ་སློབ་པའི་སྲོལ་གཅིག་དང་། ཕྱིས་སུ་མཉམ་མེད་བླ་མ་ཕྱིན་ཆད་ནས་གཞུང་ལུགས་མདོ་དོན་གཙོ་བོར་སྟོན་པའི་ཚད་མ་གཞུང་འགྲེལ་དང་། སྔགས་དོན་གཙོ་བོར་སྟོན་པའི་ཚད་མའི་ཡིག་ཆ། ཕར་ཕྱིན་ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་བཞི་བཅུ་ཞེ་ལྔ་བཅས་པ་སྟོན་པའི་གཞུང་སྐབས་བརྒྱད་ཆ་ལག་ཆ་རྐྱེན་དང་བཅས་པ་དང་། དངོས་བསྟན་སྟོང་ཉིད་གཙོ་བོར་སྟོན་པ་ཟབ་མོ་དབུ་མའི་ལྟ་བ་སྟོན་པའི་གཞུང་ཆ་ལག་ཆ་རྐྱེན་དང་བཅས་པ། རྣམ་དག་འདུལ་བའི་གཞུང་འགྲེལ་རྒྱས་འབྲིང་བསྡུས་གསུམ་དང་། གནས་ཆེན་བཅུ་བདུན་སྟོན་པའི་མཛོད་གཞུང་ཆ་ལག་འགྲེལ་བ་མཐའ་དཔྱོད། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་གཞུང་འགྲེལ་དང་བཅས་པ་བརྟེན་ཏེ་རིམ་གཉིས་ཀྱི་སྒོ་ནས་སྔགས་ཀྱི་ས་ལམ་བསྒྲོད་པའི་ཚུལ་སོགས་སྦྱང་ཞིང་བསླབ་པའི་སྤོལ་གཅིག་དང་། གདུལ་བྱའི་སེམས་ཅན་དད་པ་དང་ལྡན་པའི་སྐྱ་སེར་ཕོ་མོ་མང་པོས་རང་ཉིད་གང་ལ་མོས་པའི་བཤེས་གཉེན་ནམ་བླ་མ་དམ་པ་དེ་སྒོ་གསུམ་གུས་པོ་ཆེན་པོས་བཀུར་ཏེ་སྐྱབས་སུ་འགྲོ་དགོས་པ་ཡིན་ཞིང་། དད་པ་མེད་ན་རང་རྒྱུད་ལ་བྱིན་རླབས་ཞུགས་མི་ནུས་ཏེ། འདྲེན་པའི་ལྕགས་ཀྱུ་ཡོད་ཀྱང་། དད་པའི་ཨ་ལོང་མེད་པའི་དཔེ་བཞིན་ནོ།། གཞན་ཡང་བརྩེ་བའི་བྱིན་རླབས་ཀྱི་ཉི་འོད་ཀུན་ལ་སྙོམས་ཡང་། ཁ་བྱང་འཁོར་གྱི་ཁུང་བུའི་ནང་ན་ཉི་འོད་ཕོག་པའི་སྐབས་མེད་པ་བཞིན་ནོ།། རྒྱུ་མཚན་དེས་ཕྱིར་ན། སྐྱབས་འགྲོ་རང་རྒྱུད་ལ་མ་སྐྱེས་པའི་སྔ་རོལ་དུ་བཅོས་མིན་འཁོར་བའི་ཕུན་ཚོགས་ལ་ངེས་པར་འབྱུང་བའི་རྒྱུ་རྣལ་མ་རང་རྒྱུད་ལ་སྐྱེས་ཏེ། འཁོར་བའི་སྡུག་བསྔལ་དུག་སྤྲུལ་གྱི་བཙོན་དོང་ལྟ་བུ་ལས་ཐར་བ་ལ། སངས་རྒྱས་བོན་དང་སེམས་དཔའ་གསུམ་ལ་དཀོན་མཆོག་གསུམ་དུ་བརྗོད་ཅིང་། དེའི་སྟེང་དུ་བླ་མ་བསྣན་པའི་སྐྱབས་གནས་ཡུལ་མཆོག་གནས་བཞི་ཞེས་བརྗོད། སྐྱབས་གནས་དེ་དག་ལ་ཁྱོད་ཤེས་སྙམ་པའི་བློ་ངེས་པར་གཏད་པའི་རིག་པ་ནི་སྐྱབས་འགྲོ་ཡིན་ཞིང་། འདི་ལྟར་སྐྱབས་འགྲོ་བཟུངས་ནས་སྐྱབས་ཡུལ་ཁྱད་པར་ཅན་དེ་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་འདོད་པའི་དམ་བཅའ་ནི་སྐྱབས་སྡོམ་དང་། ཟ་འཐུང་གི་ཕུད་དཀོན་མཆོག་མ་མཆོད་པ། མུ་སྟེགས་དང་འཇིག་རྟེན་དྲེགས་པའི་ལྷ་སོགས་ལ་མཐར་ཐུག་གི་སྐྱབས་སུ་མི་བསྟེན་པ་དང་། སེམས་ཅན་ལ་གནོད་འཚེ་སྤོང་བ། ཕྱི་རོལ་མུ་སྟེགས་དང་སྡིག་པ་ཅན་གྱི་གྲོགས་དང་མི་འགྲོག སྐུ་གདུང་སྐུ་གཟུགས་གསུང་རབ་ཡིག་འབྲུ་ཚིག་གཅིག་ཡན་ཆད་དང་། དགེ་འདུན་རབ་བྱུང་བའི་རྟགས་ཙམ་འཛིན་པ་ཡན་ལ་མོས་གུས་དང་དག་སྣང་གི་བྱ་བ་སོགས་ནི། སྐྱབས་འགྲོའི་བསླབ་བྱ་ཞེས་བྱ་སྟེ་དུས་རྣམ་ཀུན་ཏུ་ལུས་དང་གྲིབ་མ་བཞིན་དུ་འབྲལ་མ་མེད་པར་བསྲུང་བར་བྱ་བ་ནི། ནང་བ་གཤེན་རབ་ཀྱི་བསྟན་པ་དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་སྐོར་འཇུག་པའི་ཚུལ་ལོ།། དེ་ལྟའི་ཚུལ་ལ་གནས་པའི་གང་ཟག་དེ་ནི་དཔལ་སངས་རྒྱས་གཡུང་དྲུང་བོན་ལ་སྤྱོད་པའི་བོན་པོ་ཡིན་ལ། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་དུའང་འགྱུར་བ་ཡིན་ཏེ། ༼ལམ་རིམ་སུམ་བརྒྱ་བ་༽ལས། སྡོམ་པ་སྣ་གཅིག་མ་བསྲུང་བར། སྟོན་པ་ང་ཡི་འཁོར་དུ་མི་གཏོགས་སོ།། ཞེས་གསུངས་པ་ལྟར། རྣམ་དཀར་གྱི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་བསྒྲུབ། མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་སྤང་ཏེ། ལས་འབྲས་ཚུལ་བཞིན་དུ་མིག་གི་འབྲས་བུ་ལྟར་གཅེས་ཤིང་སྲུང་བ་ཤིན་ཏུ་གནད་དེ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཚད་ལས་འདས་པ་དེ་དག་གིས་བཟོད་གླགས་མེད་པར་མནར་བར་བཤད་ན། སྙིང་རྗེ་རྒྱུད་ལྡན་གྱི་གང་ཟག་རྣམས་ཀྱི་མིག་ནས་མཆི་མ་འཛག་པ་དང་། སྙིང་འདར་བ་ལྟ་བུའི་གཤིས་སུ་གྱུར་པ་སོགས་གཞུང་གཞན་གྱི་བློ་ལྡོག་བོན་བཞིའི་གཞུང་འགྲེལ་སོགས་སུ་གསལ་བས་འདིར་མ་བྲིས་སོ།། དེས་ན་ནམ་མཁའ་དང་མཉམ་པའི་མ་རྒན་འདི་རྣམས་ཉིད་ཞག་གཅིག་གི་ཡུན་ཙམ་ལའང་སྡུག་བསྔལ་གྱིས་མནར་བར་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་ལ་བརྟེན་ནས་རང་རྒྱུད་ལ་སེམས་བསྐྱེད་སྐྱེ་དགོས་ཤིང་། དེ་ལ་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་དམིགས་པ་ཙམ་གྱིས་མི་ཆོག་པར་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་སྐྱེ་དགོས། དེ་སྐྱེ་བ་ལ་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་དགོས། དེ་བསགས་པ་ནི་ཕར་ཕྱིན་བཅུ་ཡི་ཁོངས་སུ་འདུ་བ་ཡིན་ཏེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། སྟོབས་མཆོག སྙིང་རྗེ། སྨོན་ལམ། ཐབས་རྣམས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ། བསམ་གཏན་གཉིས་ནི་ཡེ་ཤེས་ཀྱི་ཚོགས་དང་། བརྩོན་འགྲུས་ནི་གཉིས་ཀའི་གྲོགས་སུ་འགྲེའོ།། ཤེས་རབ་ནི། ༼ཐེག་ཆེན་མདོ༽ལས། མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ།། ང་དང་བདག་ནི་ཡོད་པ་མ་ཡིན་ནོ།། ཞེས་དང་། ༼ཐིག་ལེའི་མདོ༽ལས། བོན་ཐམས་ཅད་ཀྱི་ངོ་བོ་ནི། ཅིར་ཡང་དམིགས་སུ་མེད་དང་། ཞེས་དང་། ༼བྱམས་མ་འབུམ་ལྔ༽ལས། སྣང་བར་གྲུབ་པ་བདེན་མེད་དེ།། རང་གཞན་རྒྱུ་མེད་གཉིས་ཀ་ལ།། བརྟགས་ན་སྐྱེ་བའི་གནས་མེད་དོ།། ཞེས་གསུངས་པས་བོན་ཐམས་ཅད་རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པ་མེད་པས་ན། ལས་འབྲས་ཐར་འཁོར་གྱི་རྣམ་བཞག་རང་བཞིན་མེད་བཞིན་དུ་བཞག་རུང་བ་རིགས་པའི་སྒོ་དུ་མ་ནས་གཏན་ལ་ཕབ། གཞན་བསོད་ནམས་དམན་པའི་སྐྱེ་བོ་ཕལ་མོ་ཆེའི་གང་ཟག་རྣམས་ཀྱིས་ཐོས་དང་བསམ་པ་ཙམ་གྱིས་ཡིད་ལ་འཇིགས་པ་སྟེར་ཞིང་སྙིང་འགས་ཏེ་བརྒྱལ་བར་བྱེད་པ་དང་། སྐལ་ལྡན་སྐྱེས་མཆོག་ལས་ཅན་གྱི་དམ་པ་དག་ནི། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སྐུ་གསུམ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡེ་གྲོལ་བླ་མེད་རྫོགས་པ་ཆེན་པོའི་མན་ངག་གིས་གཞི་ཀ་དག་དང་ལྷུན་གྲུབ་གཉིས་གཏན་ལ་ཕབ་དགོས་པ་ཡིན་ནོ།། ལམ་མཁྲེགས་ཆོད་དང་ཐོད་བརྒལ་གྱི་སྒོ་ནས་འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་བསྒྲུབ་པའི་ཚུལ་བསྟན་པ་ཡིན་ནོ།། དེ་ཡང་ཀ་དག་གི་ལམ་རྗེས་སུ་འཛིན་པ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་རང་བཞིན་བདུན་ལྡན་སྐྱོན་མེད་རང་གཞུང་དུ་བསྒྲུབ་པ་ལ། ལྟ་བའི་ཕུགས་མཐར་ཐུག་ཡང་དག་པ་དེ་ཅི་ལྟར་ཡིན་ཞེ་ན། ༼ཐེག་འགྲེལ་མེ་ལོང་དགུ་སྐོར༽ལས། འདི་ལྟར་འདོད་དེ། དགག་སྒྲུབ་གང་ཡང་མི་བྱེད་པའི་བོན་ཉིད་དེ། ཡུལ་གྱི་མཚན་མའི་རྣམ་པ་འདིས་གནོད་པ་མ་བྱས་པས། རང་རྟོགས་གཡུང་དྲུང་གི་ཐེག་པ་ཀ་དག་ལྟར་མི་སྤོངས། ཕན་པ་མ་བྱས་པས་ཐུགས་རྗེ་སེམས་དཔའ་ནས་སྔགས་ཕྱི་ནང་ལྷུན་གྲུབ་ལྟར་མི་བསྒྲུབ། ཡང་དག་པར་མེད་པས་སོ་སོ་ལྷ་མི་གཞན་བརྟེན་གྱི་ཐེག་པ་ལྟར་མི་ཞེན། རང་བཞིན་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། དངོས་པོར་མ་གྲུབ་པས་སྐྱེ་བ་མེད་པའི་རང་བཞིན། དམིགས་འཛིན་མེད་ལ་རང་རིག་པས་རང་རིག་འོད་གསལ་གྱི་རང་བཞིན། ངོ་བོ་ཉིད་རྟག་ཆད་ཀྱི་མཐས་མ་རེག་པས་གཉིས་སུ་མེད་པའི་རང་བཞིན། སྤོང་སྡུད་ཀྱིས་མི་འགྱུར་ཞེན་པས་མི་ཟློག་པས་བདེ་བ་ཆེན་པོའི་རང་བཞིན། བོན་ཉིད་ཐིག་ལེ་ཉག་གཅིག་རང་བཞིན་ལྷུན་གྱིས་གྲུབ་པས་འབྲས་བུ་གཞན་ནས་མི་འབྱུང་བའི་རང་བཞིན། སྐྱེ་མཆེད་ཀྱི་རླབས་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་བྱུང་བས་གར་ཡང་མ་བཀག་པའི་རང་བཞིན། དོན་དང་ཐ་སྙད་སྣ་ཚོགས་བྱུང་བའི་སྔོན་རོལ་ན་གནས་པས་ཡང་མེས་ཆེན་པོར་བཞུགས་པའི་རང་བཞིན། དེ་ལྟར་རང་བཞིན་བདུན་དུ་གནས་པའི་བོན་ཉིད་ཇི་བཞིན་པ་ཉིད་ཀྱི་སྐྱེ་མཆེད་གཡུང་དྲུང་གི་སྙིང་པོར་འཁྲུངས་པ། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས་པ། འཁོར་འདས་གཉིས་ཀྱིས་མ་རེག་པ། འབྱུང་བས་མ་བསླད་པ། ཀུན་རིག་ཇི་བཞིན་གནས་པའི་རྗེའོ།། ཞེས་གསུངས་སོ།། དེ་ལྟར་ཡང༼གཡུང་དྲུང་ཡང་རྩེ༽ལས། དང་པོའི་རང་བཞིན་ལྷུན་གྲུབ་བོན།། འཁོར་འདས་གཉིས་སུ་མ་གྱེས་པ།། ཆེ་བའི་ཡོན་ཏན་མ་ཤར་བས།། སངས་རྒྱས་སྒམ་པོས་མཛད་དུ་མེད།། འཁྲུལ་བའི་བག་ཆགས་མ་བྱུང་བས།། སེམས་ཅན་སྒྲིན་པོས་བཅོས་སུ་མེད།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པས།། འབྱུང་བ་ལྔ་ལ་རག་མ་ལུས།། ཡེ་ནས་གཉུག་མ་ལྷུན་གྲུབ་པས།། གཉེན་པོས་བཤིག་ཅིང་གཞོམ་དུ་མེད།། མ་ཕྱེ་མཉམ་པར་གནས་པ་ཡི།། འཁོར་འདས་གཉིས་སུ་སྒྲོ་མ་བཏགས།། ལྷུན་གྲུབ་ཤེས་བྱ་གཤིས་ཀྱི་བོན།། འདུས་མ་བྱས་ཀྱི་ནམ་མཁའ་ལྟར།། གསལ་སྟོང་འགྱུར་མེད་ངོ་བོ་གནས།། ཞེས་གསུངས་པ་ལྟར།། སངས་རྒྱས་ཀྱི་བསྟན་པ་ལ་སྐྱབས་སུ་འགྲོ་ཞིང་ཐར་ལམ་ཉམས་སུ་ལེན་པའི་གང་ཟག་ཞིག་ཡིན་པ་ལ།། ཟབ་ལམ་རྫོགས་པ་ཆེན་པོའི་གདམས་པ་འདི་ཉིད་མངོན་དུ་སྤྱོད་ན་མཐར་ཐུག་གི་འབྲས་བུ་སྨིན་པར་ཉེ་བ་རྒྱལ་བའི་གསུང་རབ་ཡོད་དོ་ཅོག་གི་ཉིང་དགོས་སུ་བསྟན་པ་ལགས་སོ།།།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།