ཆོས་སྲིད་ཟུང་འབྲེལ་དང་འདྲེས་མའི་འགལ་འབྲེལ་ཕན་གནོད་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་རགས་ཙམ་དཔྱད་པ།

ཆོས་སྲིད་ཟུང་འབྲེལ་དང་འདྲེས་མའི་འགལ་འབྲེལ་ཕན་གནོད་ཇི་ལྟར་བྱུང་ཚུལ་གྱི་

ལོ་རྒྱུས་རགས་ཙམ་དཔྱད་པ།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

འཇར་མན་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སྟེང་གི་གསུང་བཤད།

     ༄༅། ། སྔོན་བྱོན་དམ་པ་རྣམས་ལ་གུས་པས་འདུད།  །སྔོན་གྱི་བྱུང་བ་ཅུང་ཙམ་བརྗོད་པར་བྱ།  །སྔོན་དང་ད་ལྟའི་གནས་ཚུལ་དཔྱོད་པ་ན།  །སྔོན་སོང་དོན་ལ་དགའ་སྐྱོ་ཅི་ཡང་འཆར།།
བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་མ་བྱོན་གོང༌།  བོད་ལ་ཆོས་ལུགས་གང་ཡོད་ཅེ་ན་གདོད་མའི་བོན་ཟེར་བ་སྔར་ནས་ཡོད་པ་དེ།  སྟོན་པ་གཤེན་རབ་ཀྱིས་རྒྱུའི་བོན་ལ་བསྒྱུར་ནས། བོད་ཀྱི་བོན་པོ་རྣམས་ལ་རྒྱུ་བོན་གྱི་ལུང་གནང་ཞེས། ཆེས་སྔ་བའི་བོན་གྱི་ལོ་རྒྱུས་རྣམས་སུ་བཤད་པ་ལྟར་གྱི་སྟོན་པའི་རྒྱུ་བོན་དེ་ཡོད། དེའི་དྲིན་གྱིས་གཉའ་ཁྲི་བྱོན་སྐབས་བོད་ན་ཤེས་པ་ཅན་བཅུ་གཉིས་ཡོད་པས་གྲོས་བྱས་ཏེ་རྒྱལ་བོར་བཀུར་ཤེས་པ་དེ་བྱུང༌། དེ་ཡང་རྫི་བོ་ལྟ་བུའམ་མི་བཅུ་གཉིས་ཙམ་མ་ཡིན་ཏེ། ཤེས་བྱ་རིག་པའི་གནས་བཅུ་གཉིས་ལ་མཁས་ཤིང་མི་མང་ལ་ཡིད་ཆེས་ཡོད་པའི་ཡོན་ཏན་པ་སྐོར་བཅུ་གཉིས་ཡིན་པས་རྒྱལ་བོར་བསྐོ་བའི་དབང་ཆ་ཡོད། དེ་ནས་གཉའ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་མདོག་བླ་མར་བསྟེན་པའི་ཆོས་ལུགས་དེ་རྒྱུ་བོན་ཙམ་དུ་མ་ཟད། སྔར་སྟོན་པས་ལུང་གནང་སྐབས་མ་འོངས་པ་ན་འབྲས་བུའི་བོན་དར་བའི་ཐུགས་སྨོན་གནང་ཞེས་པས།    འབྲས་བུའི་བོན་རིན་པོ་ཆེ་སྤྱི་སྤུངས་སྐོར་གསུམ་དར་བ་ཡིན། དེ་ནས་སྲས་མུ་ཁྲི་བཙན་པོའི་རིང༌། ཞང་ཞུང་ནས་མཁས་པ་བརྒྱ་རྩ་གདན་དྲངས། བོན་གྱི་སྒྲུབ་སྡེ་སོ་བདུན་ནམ་ཞེ་ལྔ་བཙུགས། གནམ་གྱི་ཁྲི་བདུན་རིང་ཆོས་སྲིད་ཐ་དད་དུ་གནས། དེ་ནས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ལོ་ཉེར་ བརྒྱད་ཐོག་བོན་བསྟན་བསྣུབས་པར་བརྩམས་པ་དེ་ཆོས་སྲིད་བར་འགལ་བ་བྱུང་བའི་དང་པོ་ཡིན། དེ་ནས་བོད་རྒྱལ་དགུ་བ་སྤུ་དེ་གུང་རྒྱལ་དང་གཅུང་ཁྲི་སྨོན་ལྷ་བཟང་རི་ལས་སྐྱེས་རིང༌། དམ་པ་   ཁྱུང་གི་གདུང་རབས་ཀྱི་ཐོག་མ་སྟོན་པ་མུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སོགས་སྤྱན་དྲངས་ནས་བོན་བསྟན་སྤེལ་བས་རིག་གནས་ལྔ་དར་དེ་ལེགས་དྲུག་གི་རིང་བོན་སྲིད་ཟུང་འབྲེལ་བྱེད་པའི་མགོ་    ཚུགས། ཁྱད་པར་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་རིང་བོན་སྲིད་ཕན་ཚུན་གྲོགས་སུ་གྱུར་ནས་ཟུང་འབྲེལ་གྱི་སྟོབས་ཤུགས་ཇེ་ཆེར་སོང༌། དེའི་རྒྱུ་མཚན་ནི། སྟག་རི་གཉན་གཟིགས  (དམུས་ལོང་དཀོན་པ་བཀྲ)ཀྱི་མིག་ལོང་བ་ལ། བོན་པོའི་སྨན་པ་ཁུ་བོན་མང་རྗེ་ལོད་པོས་སྨན་  བཅོས་བྱས་ཏེ་མིག་ཕྱེས་པ་དང༌། ལྷ་སྲས་སྟག་རི་གཉན་གཟིགས་ཀྱིས་ཆབ་སྲིད་བཟུང་ ནས་མངའ་རིས་རྒྱ་བསྐྱེད་མཛད་སྐབས། ལྷོ་བྲག་གི་རྒྱལ་བོ་བོང་བ་རྗེ་མ་ཐུབ་པར། སྟག་རི་གཉན་གཟིགས་   བཙོན་དུ་བཟུང་སྐབས། སྐུ་གཤེན་ར་སངས་ཁྲི་ནེ་ཁོད་ཀྱིས་གྲུབ་རྟགས་བསྟན་ནས་བྱ་རྒོད་དུ་སྤྲུལ། ལྷོ་བྲག་གི་དམག་རྣམས་བརྒྱལ་བ་དང༌། ཕམ་ཉེས་བྱུང༌། སྙན་གཟིགས་བཙོན་ལས་བཏོན། བོང་བ་ རྗེ་མངའ་འོག་ཏུ་བསྡུས་པས། སྐུ་གཤེན་ལ་བོད་རྣམས་ཀྱིས་བཀའ་དྲིན་ཞུས། དེ་ནས་བཟུང་ཆོས་  སྲིད་ཟུང་འབྲེལ་གཏིང་ཟབ་པ་བྱུང༌། སྤྱི་ལོ་༥༠༠ཙམ་གྱི་སྐབས་རེད། བོད་རྒྱལ་སོ་གསུམ་པ་སྲོང་ བཙན་སྒམ་པོ་ནས། ཁྲི་སྲོང་ལྡེ་བཙན་བར(སྤྱི་ལོ༦༠༠ནས་༧༠༠ལྷག་གི་བར)བོད་ཀྱི་དམག་  ཤུགས་དང་སྲིད་དོན་ཇེ་སྟོབས་སུ་གྱུར་ནས།  རྒྱལ་ཁབ་གཞན་དང་ཆོས་ལུགས་གཞན་འབྲེལ་བ་ཇེ་ཡོད་དང་འགལ་བའང་ཇེ་མང་དུ་གྱུར། བོན་བསྣུབས་པར་བརྩམས་པས་རྒྱལ་དམངས་ཁ་བྲལ་དང༌། ནང་འཁྲུགས་ཚབ་ཆེ་བ་བྱུང༌། བོད་རྒྱལ་ཁྲི་རལ་བ་ཅན་གྱི་རིང་ཆོས་སྲིད་འདྲེས་མར་གྱུར་ཏེ། ཆོས་ཀྱིས་སྲིད་དང་སྲིད་ཀྱིས་ཆོས་བསྐྱངས་འབངས་ལ་གཉའ་གནོན་དང་དཀའ་སྡུག་ཆེན་པོ་བྱུང་བས། རྒྱལ་བོ་ལོ་སོ་གཅིག(ཁ་ཅིག་སོ་དྲུག)ཐོག་བློན་འབངས་རྣམས་ནས་གྲོས་བྱས་ཏེ་བགྲོངས། སྤྱི་ལོ༨༣༦ སྐབས་རེད། དེ་ནས་དར་མ་སྲིད་ཁྲིར་བཞག་པས་ཆབ་སྲིད་གཙོ་བོར་བཟུང༌། ཆོས་ལུགས་ཕལ་བར་བཞག  ཆོས་པ་རྫུན་མ་རྣམས་ཆམ་ལ་ཕབ་པས་ཆོས་བསྣུབས་པ་རེད་ཅེས། མཁན་པོ་དཔལ་རྡོར་གྱིས་དར་མ་ལག་བསྟར་ནས་བསད་དེ་བྲོས། དེ་ནས་བོད་སིལ་བུལ་ཐོར། སྤྱི་ལོ་༨༤༡ ནས ༩༡༣ བར་ཆོས་སྲིད་གཉིས་ཀ་ཉམས། སྤྱི་ལོ ༩༠༠ ལྷག་ནས་ཆོས་ལུགས་སླར་དར་བའི་མགོ་བརྩམས་པ་ལ་བསྟན་པ་ཕྱི་དར་ཞེས་པའི་ཐ་སྙད་ཆགས། དེ་ནས་སྤྱི་ལོ་ ༡༢༠༠ བར་ལོ་༣༠༠ ཙམ་དུ་ཆོས་སྲིད་གང་ལ་རྩོད་པ་མེད་པར་གྲུབ་མཐའ་རང་རང་གི་ཆོས་ལུགས་དེ་དར་སྤེལ་བྱེད་པའི་ཐབས་ཁོ་ནར་འབད་དེ་བདེ་འཇགས་ཙམ་དུ་གནས། སྤྱི་ལོ་༡༢༠༦ ནས་སོག་པོ་ཇིང་གིར་གྱིས་བོད་ཁམས་དབང་དུ་བསྡུ་བའི་ཐབས་སུ་ཆོས་སྲིད་ཟུང་འབྲེལ་སླར་གསོ་བྱས། དྲག་གནོན་གྱི་འཇིགས་རྔམ་བསྟན། ཆོས་ལུགས་ལ་བེད་སྤྱད་ནས་སྲིད་དབང་བཟུང༌། སྤྱི་ལོ་༡༢༤༠ ལོར་ཧོར་དམག་གིས་སོ་སྟོན་སོགས་སྐྱ་སེར་ལྔ་བརྒྱ་བསད། རྭ་སྒྲེང་དང་རྒྱལ་ལྷ་ཁང་བཅོམ། སྤྱི་ལོ་ ༡༢༤༡ ལོར། བོད་ཀྱི་མོན་མཁར་གདོང་བཅོམ། ༡༢༤༢ལོར། ཧོར་རྒྱལ་གྱིས་བོད་ཀྱི་ཁྲི་སྡེ་བཅུ་གསུམ་རེ་རེར་ཁྲི་དཔོན་རེ་བསྐོས།  སྤྱི་ལོ་༡༢༧༣ ལོར།  ཁྲི་སྐོར་བཅུ་གསུམ་གྱི་སྤྱི་དཔོན་དུ་ས་སྐྱའི་ཤཀྱ་བཟང་བོ་བསྐོས། སྤྱི་ལོ་ ༡༢༨༠ ལོར་ཧོར་དམག་གིས་བྱ་རོག་རྫོང་བཅོམ། དཔོན་ཆེན་ཀུན་དགའ་བཟང་པོ་བསད། སྤྱི་ལོ ༡༢༨༥ ལོར། འབྲི་གུང་སྒོམ་པ་ཀུན་རྡོར་རིན་ཆེན་གྱིས། ཧོར་རྒྱལ་གྱི་སོག་དམག་དགུ་ཁྲི་ས་སྐྱར་དྲངས། འབྲི་གུང་བས་བྱ་ཡུལ་མེ་ལ་བསྲེག  སངས་རྒྱས་གཙང་སྟོན་བགྲོངས།

སྤྱི་ལོ ༡༢༩༠ ལོར། ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས། སེ་ཆེན་ཧན་གྱི་བུ་ཐེའུ་དམར་བྷོ་ཁས་སྣེ་ཁྲིད་པའི་དམག་བཅོལ་ནས། གཙང་དམག་མང་པོ་དང་བཅས་ཏེ་འབྲི་གུང་དུ་དྲངས། འབྲི་གུང་མཐིལ་གྱི་ལྷ་ཁང་མེ་ལ་བསྲེག  སྐྱ་སེར་ཆིག་ཁྲི་ལྷག་བསད།  འབྲི་གུང་གི་ལྷ་སྡེ་མང་པོ་ས་སྐྱས་འཕྲོག   དེ་ལ་འབྲི་གུང་གླིང་ལོག་དང་ས་འབྲིའི་འཁྲུགས་པ་ཟེར། ཧོར་གེ་་དང་ཁྲི་ལོ་གཉིས་པ་སྤྱི་ལོ ༡༣༢༡ ལོར།  ས་སྐྱ་ཀུན་དགའ་བློ་གྲོས་ཀྱིས་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་དུ་བསྐོས། ཐམ་ཁ་སྟག་མགོ་མ་དང༌། ཏཱའི་སི་ཏུའི་གོ་གནས་སྤྲད། སྤྱི་ལོ ༡༣༤༩ ལོར་སྡེ་སྲིད་ཕག་གྲུ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁམས་དབང་བསྒྱུར། ས་སྐྱ་བའི་ལག་ནས་སྲིད་དབང་ཤོར། སྐབས་དེར་མཚོ་སྔོན་བྱ་ཁྱུང་བོན་སྐྱོང་ནང་གི་བོན་དགོན་དེ་གནས་སྤོར་བྱེད་དགོས་བྱུང༌། བླ་གྲྭ་མང་པོ་བསད་པས་ཕྱིས་སུ་བོན་སྐྱོང་ནང་ཞེས་པ་མིང་སྤོས་ཏེ་བོན་གྱོང་ཞེས་འབོད། བོན་བརྒྱའི་སྐད་ན་ཡོད་པའི་སྡེ་རྣམས་བཅོམ་བསྒྱུར་བྱས། རྙིང་མ་རྣམས་ཀྱང་བཙན་བསྒྱུར་བྱས་ཟེར། དེར་མ་ཟད། མཚོ་སྔོན་ཕྱོགས་ཀྱི་ར་རྒྱ་བོན་དགོན་རྣམས་མང་པོ་ཞིག་བརླག་ནས་སྔོན་གྱི་རིག་གནས་གྱོང་གུད་ཆེན་པོ་བྱུང༌། ད་ལྟ་ཕྱོགས་ཕྱོགས་སུ་རིག་གནས་གནའ་  རྫས་མང་པོ་རྙེད་ཀི་ཡོད་བཞིན་པ་དེ་རེད། སྤྱི་ལོ ༡༣༦༤ ལོར། ཕག་གྲུ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་ མཚན་གྱིས་སྲིད་ཁྲིའི་ལས་འགན་ངལ་གསོ་བྱས་ཏེ། ཀུ་ཤྲེ་འཇམ་དབྱངས་ཤཀྱ་རྒྱལ་མཚན་བསྐོས། སྤྱི་ལོ༡༣༦༨ ལོ་ནས་ཧོར་གྱི་རྒྱལ་ས་མཇུག་རྫོགས། ཏཱ་མིང་རྒྱལ་བོ་ཧུན་ཨུ་གོང་མའི་སྲིད་ཁྲིར་བཞུགས་སྐབས་ཕག་གྲུ་ཁྲི་རབས་བཅུ་གཅིག་གི་རིང་ལོ ༨༦ ལ་བོད་ཀྱི་སྲིད་དབང་བཟུང་ན་ཡང་སྤྱི་ལོ ༡༤༣༤ ནས་ཕག་གྲུ་སངས་རྒྱམ་དང་གྲགས་འབྱུང་ཕ་བུ་གཉིས་སྲིད་དབང་དོན་དུ་ནང་འཁྲུག་བྱུང༌། དེ་ལ་ཕག་གྲུ་ནང་ཞིག་གི་ལོ་ཟེར། སྟག་གི་ལོའི་སྡེ་གཟར་ཆེན་མོ་ཡང་ཟེར། དེའི་རྐྱེན་གྱིས་བློན་ཆེན་སྡེ་བ་རིན་སྤུངས་ནོར་བུ་བཟང་པོ། ཕ་བུ་རྣམས་ཀྱི་ལག་ཏུ་སྲིད་དབང་ཤོར། དེ་ལ་ཕག་གྲུ་དང་རིན་སྤུངས་དམག་འཁྲུག་གི་སྐབས་ཟེར། སྤྱི་ལོ ༡༤༤༨ ལོར། དབང་རིན་ཆེན་རྡོ་རྗེས་སྲིད་དབང་བཟུང་ནས། ལོ་བདུན་སོང་བ་ལ།   ཏམིང་གོང་མ་ཡང་ཙུང་ཀྲིན་ཐུང་གིས་ཧྲན་ཧྥ་ཝང་གི་གོ་གནས་སྤྲད། སྤྱི་ལོ ༡༤༥༤ ནས་སྤྱན་སྔ་ ངག་གི་དབང་ས་ལོ ༣༨ ལ་སྲིད་དབང་བཟུང༌། སྤྱི་ལོ ༡༤༥༨ ལོར་བོད་ལྷོ་བྱང་གི་འཁྲུག་པ་ཟེར་བ་ནི། སྡེ་བ་རིན་སྤུངས་པ་དང་དགེ་ལུགས་པའི་དམག་འཁྲུག་གི་སྐབས་རེད། སྤྱི་ལོ ༡༤༨༠ ལོར། ཀརྨ་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་རིང༌། རིན་སྤུངས་ཀུན་བཟང་དང་དོན་ཡོད་རྡོ་རྗེ་གཉིས་ཀྱིས་གཙང་དམག་ཆིག་ཁྲི་ལྷག་དབུས་སུ་དྲངས་ནས་དགེ་ལུགས་པའི་མཆོད་གཞིས་ཆེན་པོ་སྣེའུ་གདོང་རྫོང་དཔོན་ངག་དབང་བསོད་ནམས་ལྷུན་པོ་དང༌། དེའི་བུ་བསོད་ནམས་རྣམ་རྒྱལ་གཉིས་ཀྱི་     དབང་འཕྲོག  ཡུལ་ནས་བཏོན། སྤྱི་ལོ ༡༤༩༣ལོ་ནས། ཀརྨ་ཆོས་གྲགས་ཡེ་ཤེས་དང༌། རིན་སྤུངས་ནོར་བཟང་གི་བུ་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས་ལོ་དགུ་ཙམ་ལ་སྲིད་དབང་དཔོན་ཚབ་བྱས། ཀརྨ་བ་  དང་དགེ་ལུགས་པ་ཆོས་སྲིད་གཉིས་ཀའི་དོན་དུ་འཁྲུག་པ་བྱུང་བས་ཡུན་རིང་ཙམ་མི་བདེ་བར་   བྱུང༌། སྤྱི་ལོ ༡༥༢༦ ལོར་ཞྭ་དམར་སེར་འཐབ་འཁྲུག་གི་དུས་འཚབ་ཆེན་པོ་བྱུང་ཞེས་རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ་བཤད་པ་ནི། འབྲི་གུང་ཀུན་དགའ་རིན་ཆེན་གྱིས་དགའ་ལྡན་དགོན་པའི་ལྷ་སྡེ་འཕྲོག་པར་བརྩམས་ནས་འབྲི་གུང་དམག་གིས་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་བཅོ་བརྒྱད་འཕྲོག་ཅིང་ཆོས་ལུགས་དང་ཞྭ་གོས་བསྒྱུར་ཅེས། དུང་དཀར་བློ་བཟང་དང་ཚེ་ཏན་ཞབས་དྲུང་རྣམས་ཀྱིས་གསུངས་པའི་ཆོས་སྲིད་ཟུང་འབྲེལ་དང༌། བསྟན་རྩིས་ཀུན་བཏུས་སོགས་སུ་གསལ། སྤྱི་ལོ༡༥༧༠ ལོར་འབྲི་གུང་དང་སྟག་ལུང་བར་འགལ་བ་བྱུང༌། སྤྱི་ལོ༡༥༧༢ ལོར་སྐྱིད་ཤོར་ཕག་གྲུའི་སྡེ་གཟར་ལངས་ཞེས་ཟེར། སྤྱི་ལོ༡༦༠༥ ལོར་ཀརྨ་བས་གཙང་དམག་བསྐུལ་ནས་དགེ་ལུགས་པའི་སྦྱིན་བདག་སྡེ་བ་སྐྱིད་ཤོད་པ་གཏོར། དཔོན་དམག་མང་པོ་བསད། སྤྱི་ལོ༡༦༡༠ལོར། གཙང་བ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང༌། སྡེ་བ་ཡར་རྒྱབ་པ་བདུད་འདུལ་གྲགས་པ་གཉིས་གཉེན་ཉེ་ཡིན་ཀྱང༌། ཀར་དགེ་འགལ་བའི་དོན་དུ་ནང་མ་མཐུན་པར་གཙང་བས་དམག་དྲངས་ཏེ་ཡར་རྒྱབ་པ་བཅོམ། བདུད་འདུལ་གྲགས་པའི་དབང་ཆ་ཤོར། སྤྱི་ལོ ༡༦༡༢ ལོར་གཙང་བ་རྒྱལ་བོ་ཕུན་ཚོགས་རྣམ་རྒྱལ་གྱིས་དམག་འཁྲུག་སྒོ་ནས་བོད་ལ་དབང་བསྒྱུར་བྱས། སྤྱི་ལོ ༡༦༡༧ ལོར་དགེ་ལུགས་པའི་སྦྱིན་བདག་བསོད་ནམས་རྣམ་རྒྱལ་གྱིས་སོག་པོ་ཁལ་ཁ་ཆོ་ཁུར་དཔོན་པོ་ལ་མགོ་བཏགས་ནས། སོག་དམག་སུམ་སྟོང་ལྷག་དབུས་སུ་དྲངས་ནས་དབུས་དམག་དང་མཉམ་དུ་གཙང་བ་རྒྱལ་བོར་ཕར་རྒོལ་བྱས། སོག་དམག་ལ་པོ་ཏ་ལའི་ཇོ་བོ་ཀཻ་ཤྭ་རཱཧ་སྐུ་དེ་གླ་བརྔན་དུ་སྤྲད་ཅེས་དུང་དཀར་བློ་བཟང་གིས་ཆོས་སྲིད་ཟུང་འབྲེལ་སྐོར་དུ་བཤད། སྐབས་དེར།   པཎ་ཆེན་སྐུ་འཕྲེང་བཞི་བ་མངའ་རིས་སུ་བྲོས་བྱོལ་མཛད་པ་དང༌། སེ་འབྲས་གྲྭ་བ་ཚང་མ་མཚོ་སྔོན་དུ་བྲོས་བྱོལ་འགྲོ་ལམ་དུ། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་མཐུན་རྐྱེན་སྦྱར། ཟླ་བ་བཞི་ལྷག་   ཙམ་ལ་འཚོ་བ་ཞབས་ཏོག་ཕུལ། དེ་ནས་གཙང་བ་རྒྱལ་བོར་མཐུན་ལམ་བཟོས། སེ་འབྲས་རང་    དགོན་དུ་བཞུགས་ཆོག་པར་གཙང་བས་ཁས་ལེན་བྱས། དེའི་དྲིན་ལན་དུ། སྟག་ལུང་དགོན་པའི་གྲྭ་གྲངས་ཅི་ཡོད་ལ་ལྷ་སའི་སྨོན་ལམ་གྱི་འགྱེལ་སྐལ་སྤྲོད་རྒྱུ་བྱས། སྤྱི་ལོ ༡༦༢༠ ལོར། གཙང་གི་ཀརྨ་བསྟན་སྐྱོང་དབང་བོས་སྲིད་དབང་བཟུང་བར། ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་གཙང་བར་རྒོལ་བའི་གྲོགས་སུ། མཚོ་སྔོན་བཙན་བཟུང་བྱེད་པའི་སོག་དཔོན་གུ་རུ་ཧོང་ཐའི་ཇི་དང་བློ་  བཟང་བསྟན་འཛིན་གཉིས་ལ་ཞུས། སྤྱི་ལོ ༡༦༢༡ ལོར། ཕྱག་མཛོད་བསོད་རབ་དང་བཙུན་པ་བློ་བཟང་བསྟན་འཛིན་གཉིས་ཀྱིས་སོག་དམག་དང་དབུས་དམག་ལྷན་དུ་བསྐུལ་བས་གཙང་དམག་སྟོང་ཕྲག་མང་པོ་བསད། གཙང་བ་ཕམ། དེ་ནས་པཎ་ཆེན་སྐུ་འཕྲེང་བཞི་བ་དང་སྟག་ལུང་བ་བཅས་ནས་གཙང་སོག་འདུམ་འགྲིག་བྱས། སེ་འབྲས་དགེ་གསུམ་གྱི་ལྷ་སྡེ་གཙང་བས་འཕྲོག་པ་རྣམས་ཕྱིར་སྤྲད། དགེ་ལུགས་པའི་ཆོས་དགོན་བསྒྱུར་བ་རྣམས་སླར་གསོ་བྱས། རྒྱལ་དབང་བཞི་བའི་ཡང་སྲིད་བཙལ་ཆོག་པའི་ཆོད་དོན་བཟོས་ནས་དགེ་ལུགས་པར་རྒྱལ་ཁ་ཐོབ་པ་ཡིན། སྤྱི་ལོ ༡༦༢༣ ལོར། ཡང་འབྲི་གུང་ཕག་གྲུའི་འཁྲུག་པ་བྱུང་སྐབས། ཞིང་བའི་གྱེན་ལངས་དང༌། བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་ལ་བརྡུང་རྡེག་བྱེད་བཞིན་པའི་སྐབས་སུ་ཁེལ། སྤྱི་ལོ ༡༦༣༢   ལོར། གཙང་བ་རྒྱལ་བོ་ཀརྨ་བསྟན་སྐྱོང་དབང་བོས་སྔར་གྱི་སྙིང་ནད་བཅིང་ནས་སོག་པོ་ཆ་ཧོར་ཚོ་བརྒྱད་ཀྱི་དཔོན་པོ་ལེན་ཏན་རྒྱལ་བོ་དང༌། ཁམས་ཕྱོགས་ཀྱི་བེ་རི་དོན་ཡོད་རྒྱལ་བོ་གཉིས་ལ་བསྡོང་ནས། དགེ་ལུགས་པ་མེད་པར་མ་བཏང་ན། ཆོས་སྲིད་གཉིས་ཀ་འཕྲོག་རྒྱུ་རེད་ཅེས་སླར་ཡང་རྒོལ་ བའི་ལས་བརྩམས། སྤྱི་ལོ ༡༦༣༤ ལོར། སོག་པོ་ཆ་ཧར་ལེན་ཏན་རྒྱལ་བོས་དམག་ཁྲིད་ནས་གཙང་བའི་གྲོགས་སུ་ཡོང་བ་ལམ་ཁར་འདས། སྐབས་དེར་སོག་པོ་ཧར་ཧ་ཚོ་བདུན་གྱི་དཔོན་པོ་ཆོག་ཐུ་ཟེར་བས། སོག་པོའི་ནང་འཁྲུག་བྱས་པ་མང་ཚོགས་ཀྱི་བློར་མ་འཕྲོད་པས་ཆོག་ཐུ་ཡུལ་ནས་ཕྱིར་བཏོད་པ་དེ། མཚོ་སྔོན་དུ་འོང་ནས་ས་ཆ་བཙན་བཟུང་བྱས། ཆོས་སྲིད་གཉིས་ཀར་མི་འོས་པའི་བྱ་བ་སྣ་ཚོགས་བྱེད་བཞིན་ཡོད་ལ། ཡང་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་མང་པོ་མེད་པར་བཏང་བ་རེད། སྤྱི་ལོ ༡༦༣༥ ལོར། ཕྱག་མཛོད་བསོད་ནམས་དང་སྡེ་བ་མཚོ་སྐྱེས་རྡོ་རྗེ་གཉིས་ནས། སོག་པོ་ཇིན་གར་ཀུ་ཤྲེ་ཧན་གྱི་དམག་བོས་པ་དེ། དབུས་དམག་ལ་རོགས་བྱེད་པར་ལྷ་སར་ཐོན། སོག་པོ་ཆོག་ཐུས། ཁོའི་བུ་ཨར་ས་ལང་ལ་དམག་སྟོང་ཕྲག་འགའ་རེ་སྤྲད་ནས་གཙང་བར་རོགས་བྱེད་དུ་མངགས་པ་ཡང་ལྷ་སར་ཐོན་སྐབས། ཨར་ས་ལང་བློ་ཁ་འགྱུར་བའི་གནས་ཚུལ་ཕྲིན་ཡིག་བཏང་བས་ཕའི་ངག་བཀོད་མ་བྱས་པར་ཆད་པ་དྲག་པོ་བཅད་དེ། ཨར་ས་ལང་དམར་གསོད་བྱས། སྤྱི་ལོ ༡༦༣༦ ལོར། སོག་པོ་ཀུ་ཤྲེ་ཧན་དང་བ་ཐུར་ཧོང་ཐས་ཇི་ལྷ་སར་ཐོན། རྒྱལ་དབང་ལྔ་བས་ཀུ་ཤྲེ་  ཧན་ལ། བསྟན་འཛིན་ཆོས་ཀྱི་རྒྱལ་བོ་ཞེས་མཚན་དང་གོ་གནས་ཕུལ། སྤྱི་ལོ ༡༦༣༧ ལོར། ཀུ་ཤྲེ་ བསྟན་འཛིན་ཆོས་རྒྱལ་གྱིས། བཱ་ཐུར་ཧོང་ཐས་ཇི་དང་ཁྲི་དམག་ཁྲིད་ནས། ཀརྨ་བ་དང་གཙང་བ་ རྒྱལ་བོར་རྒྱབ་རོགས་བྱེད་པའི་ཆོག་ཐུ་རྒྱལ་བོའི་ཁྲི་དམག་གསུམ་མེད་པར་བཏང། ཆོག་ཐུ་དང་ བཅས་པ་བསད་དེ་ཀུ་ཤྲེ་ལྷ་སར་ཐོན། སྤྱི་ལོ་༡༦༣༨ ལོར། ཇུན་གར་དུ་ཡོད་པའི་ཀུ་ཤྲེ་ཧན་གྱི་རུ་སྡེ་མང་པོ་མཚོ་སྔོན་དུ་གནས་སྤོར་བྱས། ས་ཆ་སོ་སོར་སོག་སྐད་ཀྱིས་མིང་བཏགས། དཔུང་རོགས་བཱ་ ཐུར་ཧོང་ཐས་ཇི་དང་ཀུ་ཤྲེ་ཧན་གཉེན་ཉེ་བྱས། རྒྱལ་དབང་ལྔ་བའི་སྦྱིན་བདག་རྩིས་ཆེན་དུ་གྱུར། སྤྱི་ལོ ༡༦༣༩ ལོར། ཡང་ཀུ་ཤྲེ་ཧན་གྱིས་སོག་དམག་ཁྲིད་ནས་གཙང་བའི་རྒྱབ་རོགས་བེ་རི་རྒྱལ་བོ་བཟུང་སྟེ་བེ་རིའི་དམག་གཏོར་ཕམ་བཏང༌། སྡེ་དགེ་དང་སྨར་ཁམས་ཕྱོགས་ཀྱི་དགོན་སྡེ་མང་པོ་རྩ་མེད་དུ་བཏང་བ་དང་བཅོམ་བསྒྱུར་བཤིག་གསུམ་བྱས་ཟེར་བ་ནི། རྙིང་མ་བ་དང་བོན་དགོན་ཡིན། སྤྱི་ལོ ༡༦༤༡ ལོར། ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་ཀུ་ཤྲེ་ཧན་ལ་ལས་བཅོལ་བྱས་བ་ལྟར་གློ་བུར་དུ་སོག་དམག་གིས་གཙང་བ་རྒྱལ་བོ་བཟུང་བཙོན་འཇུག་བྱས་མཐར།ངན་གསོད་བྱས།ཀུ་ཤྲེ་ཧན་གྱིས་མདོ་དབུས་ཁམས་གསུམ་དབང་བསྒྱུར། བསོད་ནམས་ཆོས་འཕེལ་སྡེ་སྲིད་དུ་བསྐོས།དེ་ནས་བོད་ཡོངས་ལ་དབང་བསྒྱུར་དེ། གཙང་བཀྲ་ཤིས་ལྷུན་པོར་ཉེ་བའི་གཙང་བ་དང་ཀརྨ་བའི་བཏབས་པའི་དགོན་གསར་བཀྲ་ཤིས་ཟིལ་གནོན་ཟེར་བ་དེ་བཤིག་ནས་ལྷ་སར་དྲངས་ཏེ་པོ་ཏ་ལ་རྒྱ་བསྐྱེད་ནས་བཞེངས་སྤྱད་བྱས། ཀརྨ་བའི་དགོན་པ་རྣམས་བཅོམ་བསྒྱུར་བཤིག་གསུམ་བྱས།    དེའི་རྐྱེན་གྱིས་ཀརྨ་ཆོས་དབྱིངས་རྡོ་རྗེ་ཀོང་བོར་བྲོས་ནས་བཀའ་རྒྱུད་པའི་སྡེ་དགོན་དུ་མར་བསྐུལ་ནས་སླར་ཡང་རྒོལ་བའི་ཟིང་འཁྲུག་བསླངས། དེ་ལ་ཀུ་ཤྲེ་ཧན་གྱི་བུ་བསྟན་འཛིན་ཏཱ་ལས་ཧན་གྱིས་བོད་སོག་གཉིས་ཀའི་དམག་ཀོང་བོར་དྲངས་ནས་དྲག་གནོན་བྱས། ཡང་བཀའ་རྒྱུད་པའི་དགོན་པ་མང་པོ་བཅོམ། དེའི་ཞར་ལ་བོན་དགོན་མང་པོ་བཅོམ། ཀརྨ་ཆོས་དབྱིངས་རྡོ་རྗེ་འཇང་ས་འདམ་ཡུལ་དུ་བྲོས། སྤྱི་ལོ ༡༦༥༨ ལོ་ནས་ཀུ་ཤྲེ་ཧན་གྱི་ཏ་ཡན་གྱིས་བོད་ཀྱི་སྲིད་དོན་བསྐྱངས་ཞེས། སོག་པོ་དམ་ཆོས་ནས་བཤད་པ་བསྟན་རྩིས་ཀུན་བཏུས་སུ་ཡོད། སྤྱི་ལོ ༡༦༦༠ ལོར། ཏཱ་ཡན་རྒྱལ་བོ་བསྟན་འཛིན་རྡོ་རྗེ་ཁྲིར་བཀོད། ཇེ་སངས་སྡེ་བ་ཁྲིམས་བདག་དང༌། འཕྲིན་ལས་རྒྱ་མཚོ་སྡེ་སྲིད་དུ་བསྐོས། སྤྱི་ལོ ༡༦༦༨ ལོར། ཏཱ་ཡན་རྒྱལ་བོ་དང་ཇེ་སངས་སྡེ་བ་གཉིས་ཀ་འདས་པའི་ཕྱི་ལོ་ཟངས་རི་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས། སྤྱི་ལོ ༡༦༧༡ལོར། ཏཱ་ལའི་ཧན་བོད་ཀྱི་རྒྱལ་བོར་བསྡད། དེའི་ཕྱི་ལོར། ཏཱ་ལའི་དང་ཟགས་རི་བ་གཉིས་ཀ་འདས། སྤྱི་ལོ ༡༦༧༦ ལོར་བློ་བཟང་སྦྱིན་པ་སྡེ་སྲིད་དུ་བསྐོས། སྤྱི་ལོ ༡༦༧༩ ལོར་སྡེ་སངས་རྒྱས་རྒྱ་མཚོ་སྲིད་ཁྲིར་བཞུགས། སྤྱི་ལོ ༡༧༠༢ ལོ་ནས་སྡེ་སྲིད་དང་རྒྱལ་བོ་ལྷ་བཟང་གི་བར་ལ་འགལ་བ་བྱུང༌། (ལྷ་བཟང་ནི་སོག་པོ་ཀུ་ཤྲེ་ཧན་ལ་བུ་བཅུ་ཡོད་པའི་ཆེ་བ་བསྟན་འཛིན་ཏཱ་ལའི་ཧན་ཡིན་དེའི་བུ་ལྷ་བཟང་རེད)སྤྱི་ལོ ༡༧༠༥ ལོར་བོད་ཀྱི་རིག་གནས་པ་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་ང་གསུམ་ཐོག་ལྷ་བཟང་བཟའ་མི་གཉིས་ཀྱིས་དབུ་བཅད་ནས་བཀྲོངས། བོད་མི་བཞི་བརྒྱ་བསད། སོག་པོ་ལྷ་བཟང་གིས་ལོ་བཅུ་གསུམ་ལ་བོད་རྒྱལ་བོ་བྱས། ལི་བཟང་གི་སྡོང་ཟླ་རྒྱབ་བརྟན་དང་བཅས་པས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ཐོག་ནས་ཕབ། སྤྱི་ལོ ༡༧༡༧ ལོར། ཇུན་གར་དམག་བོད་དུ་ཐོན་ནས་་བཟང་བསད། སྤྱི་ལོ ༡༧༡༨ ལོར། ཇུན་གར་དམག་གིས་རྡོ་རྗེ་བྲག་དགོན་པ་དང༌། སྨིན་གླིང་སོགས་རྙིང་མའི་དགོན་པ་མང་པོ་དང༌། གསས་མདའ་བོན་དགོན་སོགས་བོན་པོ་འི་དགོན་པ་མང་པོ་རྩ་མེད་དུ་བཏང། གོང་མ་ཁང་ཞིས་རྒྱལ་བོས་གསན་ནས། སྤྱི་ལོ ༡༧༢༠ ལོར། གོང་མས་མངགས་པའི་ཁྲི་དམག་མང་པོ་ བོད་དུ་འབྱོར་སྐབས། ཇུན་གར་དམག་དང་བཅས་པ་འདུག་མ་ཕོད་པར་རང་ཡུལ་དུ་ལོག སྟག་ རྩེ་བ་སྡེ་སྲིད་དུ་བསྐོས་པ་གོང་མས་ཁྲིམས་ཀྱིས་བསད། སྤྱི་ལོ ༡༧༢༡ ལོར་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁང་ཆེན་ནེ་བསོད་ནམས་རྒྱལ་བོ་སྲིད་ཁྲིར་བཞག  པེ་སི་ང་ཕོད་པ་རྡོ་རྗེ་རྒྱལ་བོ་དང༌། གུང་ལུམ་པ་བ་བཀྲ་ཤིས་རྒྱལ་བོ། སྦྱར་ར་བ་བློ་གྲོས་རྒྱལ་བོ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་རྣམས་བློན་ པོར་བསྐོས་ཀྱང་ཡུན་མ་རིང་བར་རྒྱལ་བློན་ནང་མ་མཐུན། གོང་མ་ཁང་ཞིས་སྲས་ཡུང་ཀྲང་རྒྱལ་བོ་གོང་མའི་ཁྲིར་བཞུགས་སྐབས། ཀུ་ཤྲེ་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད། ཆིན་ཝང་བློ་བཟང་  བསྟན་འཛིན་གྱིས་གོང་མར་རྒོལ་བའི་ཟིང་འཁྲུགས་བསླངས། གོང་མས་ཨ་ས་ཁན་ཨམ་འབམ་ཟེར་བ་འཁོར་སྟོང་དམག་གཉིས་བཅས་བོད་དུ་མངགས། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ལས། ལོ་  འདིར་ཉན་གོང་ཡོའི་དམག་མཚོ་སྔོན་དུ་ཐོན། ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་ སེར་མོ་བདུན་བརྒྱ་བཀྲོངས། བྱང་གི་དགོན་ཆེན་མང་པ་མེ་ལ་བསྲེག་ཅེས་བཤད། སྤྱི་ལོ་༡༧༢༧  ལོར། བོད་རྒྱལ་ཁང་ཆེན་ནེ་བསོད་ནམས་རྒྱལ་བོ་ནི་བློན་པོ་ང་ལུམ་སྦྱར་གསུམ་གྱིས་དམར་བསོད་བྱས། སྤྱི་ལོ ༡༧༢༨ ལོ་ནས། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་བོད་ཀྱི་རྒྱལ་བོར་བཞག་ནས་གོང་མས་མངགས་པའི་ཨམ་འབམ་དང་གཉིས་ཀས་ལོ་ཉི་ཤུ་ཙམ་ལ་བོད་ཀྱི་སྲིད་དབང་བཟུང༌། སྤྱི་ལོ  ༡༧༣༣ ལོར། ཀརྨ་བྱང་ཆུབ་རྡོ་རྗེ་དང་ཞྭ་དམར་བ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་གཉིས་འདས་  ཞེས་སི་ཏུའི་རང་རྣམ་དུ་བཤདལ། བསྟན་རྩིས་ཀུན་བཏུས་ལས། ཞྭ་དམར་ནག་གཉིས་ནི་རྙིང་མ་ལ་དགའ་བའི་ལྷ་སྲས་བཅུ་བདུན་པས་གདན་འདྲེན་པ་ན་ཐུའུ་བཀན་ཆོས་ཀྱི་རྒྱ་མཚོས་མངོན་སྤྱོད་མཛད་པས། གཅིག་ཟི་ལིང་དང་གཅིག་ཞིས་ཨན་ནས་གྲོངས་ཞེས་ཆོས་ཀྱི་རྒྱ་མཚོའི་རང་རྣམ་དུ་ཡོད་ཅེས་བཤད། སྤྱི་ལོ ༡༧༣༡ ལོར་གོང་མ་ཆན་ལུང་གིས་བོད་རྒྱལ་ཕོ་ལྷ་བ་བསྡོད་ནམས་སྟོབས་རྒྱལ་ལ་ཐོ་ལོ་ཇུན་ཝང་གི་ཆོ་ལོ་གནང༌། ཕོ་ལྷ་བའི་བུ་ཆེ་བ་འགྱུར་མེད་ཚེ་བརྟན་ལ་མངའ་རིས་གུང་གི་ཆོ་ལོ་གནང༌། བུ་ཆུང་བ་འགྱུར་མེད་རྣམ་རྒྱལ་ལ་ཐས་ཇི་ཆོ་ལོ་གནང༌། སྤྱི་ལོ ༡༧༤༧ ལོའི་ཟླ་བ་གཉིས་པའི་ནང༌། ཕོ་ལྷ་བ་བསོད་སྟོབས་འདས། དེའི་བུ་ཆུང་བ་འགྱུར་མེད་རྣམ་རྒྱལ་ལ་གོང་མ་ཆན་ལུང་གིས་ཇུན་ཝང་གི་ཆོ་ལོ་དང་གསེར་ཐམ་སོགས་གནང་ནས་བོད་ཀྱི་རྒྱལ་བོར་བཞག་ཀྱང༌། ལོ་གསུམ་གྱི་རིང༌། བོད་སྡོད་ཨམ་འབམ་དང༌། རྒྱལ་བ་བསྐལ་བཟང་རྒྱ་མཚོར་རྒོལ་བ་བྱས། ཁོའི་གཅེན་པོ་འགྱུར་མེད་ཚེ་བརྟན་བཀྲོངས། སོག་པོ་ཇུན་གར་ལ་ལྐོག་འབྲེལ་བྱས་པ་སོགས་གོང་མར་སྙན་ཞུ་ཕུལ་བས། ཝང་འགྱུར་མེད་རྣམ་རྒྱལ་བཅས་མི་གྲངས་བརྒྱ་ལྷག་བསད། སྐབས་དེ་ཙམ་ན་ཕྱོགས་སོ་སོར་རྙིང་དགོན་དང་བོན་དགོན་བཅོམ་བསྒྱུར་བྱས་པ་མང་ཡང་འདིར་མང་དུ་དོགས།  སྤྱི་ལོ ༡༨༦༧ ལོ་ནས། ཡང་ཧོས་ཧོས་དུས་འཁྲུག་བྱུང༌། མཚོ་སྔོན་ཁྲི་ཀ་སོགས་ནས་དགོན་སྡེ་མང་པོ་མེ་ལ་བསྲེག་ཅེས་ཤིང་བཟའ་རྣམ་ཐར་དུ་བཤད། དེ་རྗེས་ཀྱང་ཕྱོགས་སོ་སོ་ན་ཆོས་ལུགས་གྲུབ་མཐའ་སོ་སོའི་ལས་དོན་གྱི་དམིགས་ཡུལ་འགྲུབ་པའི་ཆེད་དང༌། སུ་དང་གང་གིས་སྲིད་དབང་འཛིན་ཅི་ཐུབ་གང་ཐུབ་བྱེད་པའི་དོན་དུ། སྡེ་དགོན་མང་པོ་ཕན་ཚུན་འགལ་བ་རུ་འཛིང་བས་བཅོམ་བསྒྱུར་བསྲེག་གསུམ་བྱས་པ་མང་དུ་ཡོད། ཁྱད་དབང་གིས་གཉའ་གནོན་དང་བཙན་བཟུང་བྱེད་པ་ནི་བར་མ་ཆད་པར་གནས་པས་ཆེ་མཐོར་རློམས་པ་ཁ་ཅིག་བདེ་སྐྱིད་ཙམ་དུ་གནས་ན་ཡང༌། ཁས་དམན་མང་ཆེ་བ་སྡུག་བསྔལ་གྱི་རི་བོའི་འོག་ཏུ་བཅུར་ནས་གནས་པ་བརྗོད་ཀྱིས་མི་ལང་ངོ༌། དེ་ལྟར་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་གྱི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་ད་ལྟ་དུས་རབས་ཉི་ཤུ་བའམ། སྤྱི་ལོ ༢༠༠༠ གི་སྐབ ས། བོད་རབ་བྱུང་བཅུ་བདུན་པའི་ནང་འདིར་བོད་མི་རིགས་ཀྱི་ཏིག་གནས་དང་དཔལ་འབྱོར་ཁྱབ་བདལ་དུ་ཡར་རྒྱས་གོང་འཕེལ་དང༌། ཁྱད་པར་ཆོས་སྲིད་གང་གི་ཐད་ནས་བདེ་འཇགས་རང་དབང་བརྟན་བརླིང་བྱུང་བས་བདེ་སྐྱིད་ཕུན་སུམ་ཚོགས་པ་འདི་འདྲ། སྔར་མི་ལོ་སྟོང་ཕྲག་ཚུན་ལ་བྱུང་མ་མྱོང་ཞེས་ཁ་ཚོན་བཅད་ཆོག  རྒྱུ་མཚན་གང་གི་དྲིན་རེད་ཅེས་ཞིབ་མོར་དཔྱད་ན་སྲིད་དབང་ལ་འཕྲོག་རྩོད་མེད་པ་དང༌། ཆོས་ལུགས་ལ་དད་པ་དང་མི་དད་པ་གཉིས་ཀ་རང་དབང་ཡོད་པས་ཁྱད་དབང་དང་གཉའ་གནོན་མེད་པར་སོང་བའི་ལམ་ལུགས་བཟང་བོ་འདི་ལ་གོང་འོག་བར་གསུམ་ཀུན་ནས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཐུབ་པའི་རྐྱེན་གྱིས་སྔར་བྱུང་མ་ མྱོང་བའི་རང་དབང་གི་བདེ་སྐྱིད་འདི་བྱུང་བ་རེད་ཅེས་བཅོས་མིན་གྱི་གཏམ་དུ་སྤེལ་བའོ།།

སྲིད་པའི་ཕུན་ཚོགས་རྩྭ་ལྟར་འདོར་དགོས་ཟེར།  །སྲིད་དབང་དོན་དུ་ལུས་སྲོག་འདོར་དགོས་འགལ།  །ཆོས་བཞིན་སྤྱོད་ན་ཆགས་སྡང་སྤོང་དགོས་ཟེར།  །ཆོས་པ་ཕྱོགས་འཛིན་ཞེན་པས་གདུངས་པ་འགལ།  །ཆུ་དང་འོ་མ་བསྲེས་པ་འོ་མ་མིན།  །ཆོས་དང་ཆབ་སྲིད་བསྲེས་པ་ཆོས་ལུགས་མིན།  །ཆོས་སྲིད་མེ་ཆུ་སྙིམ་པས་དམ་དུ་བཟུང༌།  །ཆོས་སྲིད་སྡུག་བསྔལ་སྐྱེད་བྱེད་དམ་ཆོས་གང༌།  །སེམས་ཅན་ཐམས་ཅད་རིས་མེད་སྙིང་རྗེའི་ཡུལ།  །ང་དང་ཁྱོད་ཅེས་ཕྱོགས་རིས་ཆགས་སྡང་བྲལ།  །རང་གཞན་བདེ་བ་རྒྱལ་སྲས་ཕྱག་ལེན་བཞིན།  །རྣམ་མཁྱེན་ཐོབ་འདོད་བཅོས་མིན་སྐྱེ་བར་སྨོན།།   ཞེས་པའང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་འཇར་མན་དུ་འཚོགས་པའི་སྐབས་སུ།  ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་འཛམ་གླིང་མཁས་པ་མང་པོའི་མདུན་སར་དཔྱད་གཏམ་དུ་སྤེལ་བ་དགེ་ཞིང་བཀྲ་ཤིས་སོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།